ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས25ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་རིང་གི་ཉམས་མྱོང་ལས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་རྒྱུ་དེ་ཁྲིམས་སྐྱོང་བྱ་བ་དང་འབྲལ་ཐབས་མེད་པ་དང་བཅོས་སྒྱུར་སྒོ་འབྱེད་སྔར་ལས་ཟབ་སྤེལ་བྱེད་ན་ཁྲིམས་སྐྱོང་བྱ་བར་སྔར་ལས་གཙིགས་འཛིན་བྱེད་དགོས་པ་ར་སྤྲོད་བྱས་ཡོད་པས། ཁྲིམས་སྐྱོང་འཛུགས་སྐྲུན་འཆར་འགོད་འཐུས་ཚང་དུ་གཏོང་དགོས་པ་དང་ཁྲིམས་འཛུགས་བྱ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས་ལ། བཅོས་སྒྱུར་འཕེལ་རྒྱས་འགན་སྲུང་དང་དེ་ལ་ཞབས་ཕྱི་བསྒྲུབ་པ་དང་འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱེད་པར་མ་ཟད་ཕྱི་འབྲེལ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་བྱ་བ་བཟང་བོར་བསྒྲུབ་པར་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཀྲུང་དབྱང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བའི་སྤྱི་སྡོམ་སྙན་ཞུ་དང་ཀྲུང་དབྱང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་གཙོ་གནད། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འཁེལ་འཆར་འགོད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་ཁྲིམས་འཛུགས་བྱ་བའི་འཆར་འགོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་ཁྲིམས་འཛུགས་བྱ་བའི་འཆར་འགོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་དཔེ་སྟོན་གསར་སྐྲུན་བྱ་འགུལ་སྤེལ་བའི་སྐོར་གྱི་བསམ་འཆར། ཁྱོན་ཡོངས་ནས་ཧེ་ནན་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཁྱོན་ཡོངས་ནས་ཧེ་ནན་གྱི་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་སོགས་ཡིག་ཆའི་མ་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཁྲིམས་འཛུགས་ཀྱི་སྤུས་ཚད་ཀྱང་ཇེ་མཐོར་གཏོང་དགོས། ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་པར་སྐུལ་འདེད་བཏང་ནས། ཁྲིམས་འཛུགས་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་མུ་མཐུད་དུ་རྩ་ཁྲིམས་སྲོག་ཤིང་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བར་མ་ཟད་ཅུང་འཐུས་ཚང་ཡིན་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་ཆགས་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས། ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་ཚན་ཆུང་གིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱབ་ཁོངས་འདིའི་ཁྲིམས་སྐྱོང་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་གཞུང་སྒྲུབ་ཁང་གིས་ནན་ཏན་སྒོས་འགན་འཁྲི་ལག་བསྟར་བྱས་ཏེ། བྱ་བའི་ལས་འགན་གྱི་མཐུན་སྦྱོར་དང་ལྟ་སྐུལ། ཞིབ་བཤེར། སྐུལ་འདེད་བཅས་ལ་ཤུགས་སྣོན་དགོས་པར་མ་ཟད། ལྟ་སྐུལ་དང་སྐུལ་འདེད་ཞིབ་བཤེར་བྱེད་སྐབས་ཡང་དག་པའི་རྣམ་པ་དང་སྒྲུབ་སྟངས་གསར་བོར་ཤེས་པར་བྱེད་པ་དང་བྱ་བའི་ཕན་འབྲས་འབུར་དུ་ཐོན་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་གྲོས་བསྡུར་བྱས།

ཀྲུང་དབྱང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།