ཀྲུང་གོ་བོད་ཀྱི་དྲ་བ།

མཱ་པེའོ་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་ཚབ་ཚོགས་པ་ཁྲིད་ནས་ཕེ་རུ་རྒྱལ་ཁབ་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕེ་རུ་རྒྱལ་ཁབ་ཀྱི་རྒྱལ་ཚོགས་ཀྱིས་གདན་དྲངས་པ་ལྟར། ཟླ་བཅུ་གཅིག་པའ་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་པེའོ་ཡིས་ཚོགས་པ་ཁྲིད་ནས་ཕེ་རུ་ལ་འཚམས་འདྲི་བྱས་པ་དང་། སོ་སོར་ཕེ་རུའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སཱ་ལ་ཝེ་ལེ་དང་། རྒྱལ་ཡོངས་སྲིད་ཚོང་རྩ་འཛུགས་ཀྱི་ལག་བསྟར་དྲུང་ཆེ་དབྱི་ཅི་ཉི་སི་གཉིས་ལ་ཐུག་འཕྲད་དང་གྲོས་མོལ་བྱས།

འཚམས་འདྲིའི་སྐབས་སུ། མཱ་པེའོ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་བླངས་པའི་གྲུབ་འབྲས་ཆེན་པོ། སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་ཞིབ་མོ་མཛད་དེ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕེ་རུའི་རྒྱལ་ཚོགས་དང་རྒྱལ་ཡོངས་སྲིད་ཚོང་རྩ་འཛུགས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།

ཕེ་རུའི་འགོ་ཁྲིད་པས་བསྟན་དོན། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཕེ་རུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།