ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་ཧ་མུའུ་ཏིས་ལ་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་ཧ་མུའུ་ཏིས་ལ་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་སོང་ཞིང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གྱུར་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། བདག་གིས་ཁྱེད་དང་མཉམ་དུ་ཀྲུང་གོ་དང་ཕ་ལེ་སི་ཐན་བར་གྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔོན་ཆད་དང་འདྲ་བར་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བཞག་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཕ་ལེ་སི་ཐན་མི་དམངས་ཀྱིས་རང་བཙན་རྒྱལ་འཛུགས་ཀྱི་ཕུགས་འདུན་སྔ་མོ་ནས་མངོན་འགྱུར་བྱེད་པར་སྨོན་འདུན་ཞུས་པ་ཡིན་ཟེར།

ཧ་མུའུ་ཏིས་ལ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུའི་རིང་ལ། ཀྲུང་གོས་ཕ་ལེ་སི་ཐན་ལ་རིན་ཐང་བྲལ་བའི་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་ང་ཚོས་བཀའ་དྲིན་ཆེ་ཞུ་བ་ཡིན། ཕ་ཕེ་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་སྲིད་གཞུང་དང་མཉམ་དུ་ཕྱོགས་གཉིས་བར་གྱི་འབྲེལ་བ་དང་མཉམ་ལས་ལ་ཤུགས་བསྣན་ནས། ཐུན་མོང་གི་ཁེ་ཕན་མང་པོ་མངོན་འགྱུར་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།