ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྐབས་དང་པོ་འཚོག་འགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད་གསུང་བཤད་གནང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྐབས་དང་པོ་འཚོག་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་འབྲེལ་ཡོད་བྱ་འགུལ་སྤེལ་རྒྱུ་རེད། ཚོང་དོན་པུའུ་ཡིས་ཚེས་ཉེར་དགུ་ཉིན་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ཚོགས་འདུ་བསྡུས་ཏེ།འབྲེལ་ཡོད་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས།

ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་གྲོས་འགོ་བཏོན་པ་མ་ཟད་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་པ་ཡིན་ལ། བྲེལ་མྱུར་ཆེ་བའི་གྲ་སྒྲིག་བརྒྱུད་དེ། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སྐབས་དང་པོ་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ནས་ཚེས་བཅུ་ཉིན་བར་ཧྲང་ཧེ་ནས་བསྡུ་རྒྱུ་རེད། སྐབས་དེར། ཧ་ལམ་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་ལྔ་བཅུ་ནས་ཡོང་བའི་འགོ་ཁྲིད་དང་བཟོ་ཚོང་ལས་རིགས་ཀྱི་མི་སྣ། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་བཅས་གདན་ཞུ་ལྟར་ཚོགས་འདུར་ཞུགས་རྒྱུ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན།  ཀྲུའུ་ཞི་ཞི་ཅིན་ཕིང་བཟའ་ཟླ་གཉིས་ཀྱིས་དགའ་བསུའི་གསོལ་སྟོན་བསྡུ་རྒྱུ་ཡིན་པ་དང་། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་འགོ་རྩོམ་མཛད་སྒོར་ཞུགས་ནས་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་འགོ་ཁྲིད་མི་སྣ་དང་མཉམ་དུ་རྒྱལ་ཁབ་འགྲེམ་སྟོན་ཁང་དུ་ལྟ་སྐོར་བྱེད་རྒྱུ་རེད། འགྲེམ་སྟོན་ཚོགས་འདུའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་ཁྲིད་མི་སྣར་མཇལ་འཕྲད་གནང་རྒྱུ་རེད།

 ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་དེ་འཛམ་གླིང་སྟེང་གི་ནང་འདྲེན་བརྗོད་སྙིང་དུ་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམ་ཚོགས་ཐོག་མ་ཡིན་པའི་ཆ་ནས། འགྲེམ་ཚོགས་དང་གླེང་སྟེགས་ཁག་གཉིས་སུ་བགོས་ཡོད་པ་དང་། འགྲེམ་ཚོགས་ནི་རྒྱལ་ཁབ་ཉོ་ཚོང་དངུལ་གཏོང་ཕྱོགས་བསྡུས་འགྲེམ་སྟོན་དང་ཁེ་ལས་ཚོང་ལས་འགྲེམ་སྟོན་གཉིས་ཡིན་ལ། གླེང་སྟེགས་ནི་ཧོང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ཡིན་། རྒྱལ་ཁབ་ཉོ་ཚོང་དངུལ་གཏོང་ཕྱོགས་བསྡུས་འགྲེམ་སྟོན་ནི་སྐབས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུའི་ནང་དོན་གཙོ་བོ་ཡིན་པ་དང་། བསྡོམས་པས་རྒྱལ་ཁབ་གྱ་གཉིས་དང་རྒྱལ་སྤྱིའི་རྩ་འཛུགས་གསུམ་ཞུགས་རྒྱུ་ཡིན་ལ་འགྲེམ་སྟེགས་དོན་གཅིག་བཙུགས་ཡོད། འགྲེམ་སྟོན་གྱི་རྒྱ་ཁྱོན་ལ་ཧ་ལམ་རྨིད་གྲུ་བཞི་མ་ཁྲི་གསུམ་ཡོད་པ་དང་། འགྲེམ་སྟོན་ལ་ཞུགས་པའི་རྒྱལ་ཁབ་སོ་སོས་རྒྱལ་ཁབ་ཀྱི་སྣང་བརྙན་དང་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཁྱད་ལྡན་དགེ་མཚན་ཐོན་རྫས་འགྲེམ་སྟོན་བྱེད་རྒྱུ་རེད། རྒྱལ་ཁབ་འགྲེམ་སྟོན་ཁྲོད། ཧིན་རྡུ་ཉི་ཞི་ཡ་དང་ཡོ་ནན། ཕ་ཁི་སི་ཐན། ཨ་ཧྥེ་རི་ཁ་ལྷོ་མ། ཨེ་ཅིབ། ཨུ་རུ་སི། དབྱིན་ཇི། ཧང་ག་རི། འཇར་མན། ཁ་ན་ཏ།  པ་ཞི། མོ་ཞི་ཁོ་བཅས་མགྲོན་བདག་རྒྱལ་ཁབ་བཅུ་གཉིས་ཀྱིས་ཁྱད་ལྡན་འགྲེམ་སྟོན་ཁང་བཙུགས་ཡོད། 

མགྲོན་བདག་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་ཞང་ཀང་དང་ཨོ་མིན། ཐའེ་ཝན་འགྲེམ་ཁུལ་ནང་དུ་འདུ་བའི་ཀྲུང་གོའི་འགྲེམ་སྟོན་ཁང་བཙུགས་ཡོདཔ་དང་། ཀྲུང་གོའི་འགྲེམ་སྟོན་ཁང་གིས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་གསར་བ་གཙོ་ཐིག་ཏུ་བྱས་ནས། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ཆེན་པོ་དང་ཀྲུང་གོའི་འཕེལ་རྒྱས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱིས་འཛམ་གླིང་ལ་བསྩལ་བའི་གོ་སྐབས་གསར་བ་འགྲེམ་སྟོན་བྱེད་རྒྱུ་རེད། 

ཁེ་ལས་འགྲེམ་སྟོན་དེ་འགྲེམ་ཁུལ་བདུན་དུ་བགོས་ཡོད་པ་དང་། འགྲེམ་སྟོན་གྱི་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཉེར་བདུན་ཡོད་ལ། རྒྱལ་ཁབ་བརྒྱ་དང་སུམ་ཅུ་ནས་ཡོང་བའི་ཁེ་ལས་སྟོང་གསུམ་གྱིས་འགྲེམ་སྟོན་ལ་ཞུགས་རྒྱུའི་གྲོས་མཐུན་བཀོད། འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཀྱིས་རྒྱུ་སྤུས་བཟང་ཞིང་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་། འགྲེམ་སྟོན་དང་ཚོང་གཏམ་བརྒྱུད་དེ། ཚོང་ལས་ཀྱི་གོ་སྐབས་འཚོལ་བ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་པ་མ་ཟད། ད་དུང་ཀྲུང་གོའི་ཚོང་ར་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཛད་སྤྱོད་པའི་དགོས་མཁོ་སྐོང་རྒྱུ་རེད།

ཧོང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ཐད་ནས་འཛམ་གླིང་ཉོ་ཚོང་ཐད་ཀྱི་གསོན་ཤུགས་ཆེར་སྐྱེད་པ་དང་། མཉམ་དུ་སྒོ་འབྱེད་མཉམ་རྒྱལ་གྱི་རྣམ་པ་གསར་བ་སྐྲུན་པ་བརྗོད་དོན་དུ་བྱས་ཡོད་པ་དང་། གླེང་སྟེགས་དེ་འགོ་རྩོམ་མཛད་སྒོ་དང་མཉམ་གཤིབ་གླེང་སྟེགས་ཐེངས་གསུམ་དུ་བགོས་ཡོད། 

འབྲེལ་ཡོད་འགན་ཁུར་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་མང་པོར།  ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་དེ་སྤྱིར་བཏང་རང་བཞིན་གྱི་འགྲེམ་ཚོགས་ཤིག་མིན་པས། རྒྱལ་སྤྱིའི་སྟེང་ཆེས་བཟང་བའི་འགྲེམ་ཚོགས་ཞིག་ཏུ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་དེ་འཛམ་གླིང་གི་རྒྱལ་ཁབ་སོ་སོས་རྒྱལ་ཁབ་ཀྱི་སྣང་བརྙན་འགྲེམ་སྟོན་དང་རྒྱལ་སྤྱིའི་ཉོ་ཚོང་སྤེལ་བའི་སྒོ་འབྱེད་རང་བཞིན་གྱི་མཉམ་ལས་སྟེགས་བུ་དང་། དཔལ་འབྱོར་འཛམ་གླིང་ཅན་དུ་བསྒྱུར་བའི་སྤྱི་ཐུན་ཐོན་རྫས་སུ་འགྱུར་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།