ཀྲུང་གོ་བོད་ཀྱི་དྲ་བ།

རླབས་ཆེ་བའི་འཕོ་འགྱུར་ཏེ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ཆེན་མོའི་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་གཟབ་རྒྱས་ཆེན་པོའི་ངང་རྟེན་འབྲེལ་ཞུ་བ་དང་། ཤུགས་ཆེན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་བསྟར་བྱ་བར་སྤྱི་ཚོགས་ཀྱི་སྣང་ཚུལ་ཟབ་མོ་བསྐྲུན་ཆེད། ཏང་ཀྲུང་དབྱང་གིས་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་དང་ཀྲུང་དབྱང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་སོགས་སྡེ་ཁག་གིས་མི་འགྱང་པར་པེ་ཅིན་ནས་མཉམ་འབྲེལ་གྱི་སྒོ་ནས།  རླབས་ཆེ་བའི་འཕོ་འགྱུར་ཏེ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གཞི་རྒྱ་ཆེན་པོའི་འགྲེམ་སྟོན་བྱ་འགུལ་སྤེལ་རྒྱུ་ཡིན་ལ།  མིག་སྔར་གྲ་སྒྲིག་གི་བྱ་བ་ཡོད་ཚད་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

གཞི་རྒྱ་ཆེན་པོའི་འགྲེམ་སྟོན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སུ་གཏོང་བར་རྒྱུན་འཁྱོངས་བྱེད་པ་བརྗོད་བྱར་བཞག་སྟེ། ལས་དོན་ཆེན་པོ་དང་ལས་དོན་གལ་ཆེན། ལས་དོན་བཟང་པོ་བཅས་གཙོ་སྙིང་དུ་བཟུང་ནས། ཟུར་མང་པོ་དང་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུའི་རིང་གི་འོད་སྟོང་ལྡན་པའི་ལོ་རྒྱུས་འཕེལ་རིམ་དང་། རླབས་ཆེན་གྱི་གྲུབ་འབྲས་དང་རིན་བྲལ་གྱི་ཉམས་མྱོང་བཅས་མངོན་མཚོན་བྱས་ཏེ།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་སྟེ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ལ་ཡར་སྐུལ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཐབས་ཇུས་ཇུས་ཆོད་བཀོད་སྒྲིག་རྒྱ་བསྐྱེད་པ།  བཅོས་སྒྱུར་སྒོ་འབྱེད་ནི་ཏང་གིས་དུས་རབས་གསར་བའི་ཆ་རྐྱེན་འོག་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་གསར་བརྗེ་གསར་བ་ཡིན་པ་དང་། ཏང་ཀྲུང་དབྱང་གིས་བཅོས་སྒྱུར་སྒོ་འབྱེད་མཐའ་འཁྱོལ་བྱེད་པའི་ཆབ་སྲིད་བློ་སྤོབས་དང་འགྱུར་མེད་དམ་བཅའ་ཡིན་ཞིང་། ཁྱོན་ཡོངས་ཀྱི་གཏིང་ཟབ་བཅོས་སྒྱུར་གྱི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་སྲོལ་འཐུས་ཚང་དང་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཡར་སྐུལ་བཏང་ནས།  རྒྱུན་ཆད་མེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། སྒྲིག་སྲོལ་རང་རྟོན། རིག་གནས་རང་རྟོན་བཅས་ཇེ་དྲག་ཏུ་གཏོང་དགོས།

གཞི་ཁྱོན་ཆེན་པོའི་འགྲེམ་སྟོན་གྱིས་བསྡོམས་པས་བརྗོད་གཞིའི་ནང་དོན་འགྲེམ་ཁུལ་དྲུག་བཀོད་སྒྲིག་དང་ཇུས་འགོད་བྱས་ཡོད་པ་དང་།  ཤུགས་ཆེན་པོས་སྔོན་ཆད་དང་ད་ལྟའི་གཤིབ་སྡུར་ཇེ་དྲག་ཏུ་གཏོང་བ་དང་འཕྲེད་ཕྱོགས་ཀྱི་སྡུར་བ་འབུར་ཐོན་བྱེད་པ།  གང་ལེགས་སྒོས་ལོ་རྒྱུས་པར་རིས་དང་ཡི་གེའི་བརྙན་རིས། དངོས་རྫས་བཟོ་ལྗོངས། བྱེ་མའི་འདྲ་དཔེ་སོགས་འགྲེམ་སྟོན་བྱེད་ཐབས་སྣ་མང་སྤྱད་དེ། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པ་དང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འཕོ་འགྱུར་རླབས་ཆེན་བྱུང་བ་དང་།  ཀྲུང་ཧྭ་མི་རིགས་ཐོག་མར་འགྲེང་ཐུབ་པ་ནས་རིམ་གྱིས་འབྱོར་ཕྱུག་དང་སྟོབས་ལྡན་དུ་གྱུར་བའི་རླབས་ཆེན་ཐོད་བརྒལ་མངོན་མཚོན་བྱ་རྒྱུ་རེད།

གཞི་རྒྱ་ཆེ་བའི་འགྲེམ་སྟོན་མི་འགྱང་པར་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་ནས་དངོས་སུ་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།