ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཙུགས་གཉེར་བྱས་པ་དང་ཀྲུང་གོ་གསར་པའི་བརྙན་འཕྲིན་བྱ་གཞག་ལས་སྒོ་བརྩམས་ནས་ལོ་ངོ60འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2018-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཙུགས་གཉེར་བྱས་པ་དང་ཀྲུང་གོ་གསར་པའི་བརྙན་འཕྲིན་བྱ་གཞག་འགོ་བརྩམས་ནས་ལོ་ངོ60འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་གནང་བ་དང་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་སྤྲོ་སེམས་རབ་ཏུ་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་ཡོངས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བརྙན་འཕྲིན་ལས་དོན་པ་བཅས་ལ་ལྷག་བསམ་རྣམ་པར་དག་པའི་འཚམས་འདྲི་ཞུས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་ནང་། བརྙན་འཕྲིན་བྱ་གཞག་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལོ་ངོ60ཡི་རིང་རྒྱ་ཆེའི་བརྙན་འཕྲིན་ལས་དོན་པ་ཚོས་ཏང་གི་དབུ་ཁྲིད་འོག་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཁྲིད་སྟོན་རྒྱུན་འཁྱོངས་ཀྱིས་ལྟེ་བར་གཞིགས་པ་དང་གནས་བབ་ཧྲིལ་པོར་བརྩི་སྲུང་། ཏང་གི་འདོད་ཚུལ་དྲིལ་བསྒྲགས། མི་དམངས་ཀྱི་བསམ་འདུན་མངོན་པ། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས། དྲང་ནུས་བརྒྱུད་སྤེལ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཙུགས་གཉེར་བྱས་ཚུན་དུ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་མཉམ་བསྲེས་གཏིང་ཟབ་དང་བཟང་ཆ་གཅིག་བསྡུས། ཐོན་ཁུངས་མཉམ་སྤྱོད་བཅས་ཧུར་ཐག་བྱེད་པ་དང་། ཏང་གི་རིགས་གཞུང་དང་ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས་བཅས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། བརྩམ་བྱ་རྩེ་གྲ་ཧུར་ཐག་གཏོད་པ། ཕྱི་ཕྱོགས་དྲིལ་བསྒྲགས་བྱ་རྒྱུ་གསར་གཏོད་བྱེད་པ་བཅས་ཀྱིས་མི་དམངས་ལ་ཕུན་སུམ་ཚོགས་པའི་བསམ་པའི་རྒྱགས་ཕྱེ་མཁོ་འདོན་དང་། འཛམ་གླིང་ལ་དོན་དངོས་དང་ལངས་གཟུགས། ཁྱོན་ཡོངས་བཅས་ཀྱི་ཀྲུང་གོ་ཞིག་མངོན་ཡོད་ཅེས་བསྟན་པ་དང་།

ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བརྙན་འཕྲིན་ལས་དོན་པར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་ལྟེ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲི་དང་ལས་འགན་ཡག་པོ་འཁུར་བ་དང་། རླུང་འཕྲིན་དང་བརྙན་འཕྲིན། རྒྱལ་ནང་དྲིལ་བསྒྲགས་དང་རྒྱལ་ཕྱིའི་དྲིལ་བསྒྲགས། སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་སྤྱིའི་རྒྱུད་སྤེལ་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྙིང་རུས་ཆེན་པོས་བསྒྱུར་བཅོས་གསར་གཏོད་བྱེད་པ། སྨྱན་སྦྱོར་གཙོ་བོའི་གླེང་ཕྱོགས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། སྣེ་ཁྲིད་ནུས་པ་དང་། རྒྱུད་སྤེལ་ནུས་པ། ཤུགས་རྐྱེན་ནུས་པ་བཅས་ཆེན་པོ་ལྡན་པའི་རྒྱལ་སྤྱིའི་སྨྱན་སྦྱོར་གཙོ་བོ་གསར་པ་རྩེ་གྲ་ཤིག་ཧུར་ཐག་གཏོད་དགོས་པ་དང་། ལས་ཀའི་གནས་བབ་གསར་པ་ཧུར་ཐག་གཏོད་ནས། ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།

སྤྱི་ཚེས26ཉིན་གྱི་སྔ་དྲོ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་པེ་ཅིང་དུ་དྲན་གསོའི་ཚོགས་ཆེན་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྒྲོག་སྦྱང་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་ཚོགས་ཆེན་ལ་ཞུགས་ཡོད་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་ཁྲིད་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། མི་དམངས་ཀྱིས་ལྟེ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་རྟོགས་ངང་ལས་འགན་གསར་པ་འཁུར་ནས། སྙིང་རུས་ཆེན་པོས་བསྒྱུར་བཅོས་གསར་གཏོད་བྱེད་པ་དང་། སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ཐོག རྒྱལ་སྤྱིའི་གསར་དར་གཙོ་གཟུགས་སྨྱན་སྦྱོར་རྩེ་གྲ་ཞིག་ཧུར་ཐག་གཏོད་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་ཡོད་པ་རེད།

 ཚོགས་འདུའི་ཐོག ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཁུར་བ་དང་ལས་བཟོ་པའི་འཐུས་མི། ལས་བྲལ་ལས་ཁྱུར་གནང་བའི་བློ་མཐུན་རྒན་གྲས་ཀྱི་འཐུས་མི་བཅས་ཀྱིས་གཏམ་བཤད་སྤེལ་ཡོད་པ་རེད།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནི་སྤྱི་ལོ1958ལོའི་ཟླ5པའི་ཚེས1ཉིན་བཙུགས་པ་དང་། ད་ལྟ་འཕྲིན་ལམ41ཡོད། ལོ་གཅིག་ལ་ལེ་ཚན་གཏོང་བའི་དུས་ཚོད་ཆུ་ཚོད་སུམ་འབུམ་ཉིས་ཁྲི་དགུ་སྟོང་ཟིན་ཞིང་། འཛམ་གླིང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཀའི་སྐད་བརྡ་དྲུག་བེད་སྤྱད་ནས་ཟམ་མི་ཆད་པར་ཕྱི་ཕྱོགས་སུ་གཏོང་སྤེལ་བྱེད་པའི་བརྙན་འཕྲིན་སྨྱན་སྦྱོར་ཉག་ཅིག་དེ་ཡིན། འདི་ལོའི་སྤྱི་ཟླ་གསུམ་པར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་བཅས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སུ་ཟླ་སྒྲིལ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།