ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་འགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་མཐུན་སྦྱོར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཚེས་ཉེར་བདུན་ཉིན་འགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་མཐུན་སྦྱོར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། རྒྱལ་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ནས་སྲིད་གཞུང་གི་འགན་ནུས་བསྒྱུར་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། དེང་སྐབས་དང་རྗེས་ཕྱོགས་ཀྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་ནི་སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་བ་དང་། སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཡིན་ལ། སྲིད་གཞུང་གི་ནང་ཁུལ་ལ་དམིགས་པའི་རང་སྟེང་གི་གསར་བཅོས་ཤིག་ཡིན་པས། ཁྲོམ་རས་ཐོན་ཁུངས་སྒྲིག་བཀོད་ཁྲོད་དུ་ཐོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་བཟང་པོར་འདོན་པར་དམ་དུ་དམིགས་ནས། སྲིད་བསྡུ་དབང་གཏོང་ཟབ་སྤེལ་གྱིས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ནུས་ཤུགས་བསྐྱེད་་དང་། ལྟ་སྐུལ་དོ་དམ་བྱེད་ཐབས་གསར་སྐྲུན་གྱིས་ཁྲོམ་རའི་གསོན་ཤུགས་སྔར་ལས་ཚད་ལྡན་དང་སྔར་ལས་བདེ་ཐང་། སྔར་ལས་རྒྱུན་སྲིང་བཅས་སུ་འགྱུར་བར་ཡར་སྐུལ་བྱེད་པ། སྲིད་གཞུང་གི་ཞབས་ཞུ་ལེགས་སྒྱུར་བྱས་ཏེ་ཚོང་གཉེར་གྱི་ཁོར་ཡུག་བཟང་ཁོ་བསྐྲུན་ནས། མི་དམངས་ཡིད་ཚིམས་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་ན། ངེས་པར་དུ་བློ་སྤོབས་དང་བློ་གྲོས་ལྡན་དགོས་ལ། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་སྒོས་རིགས་བགར་ནས་མཛུབ་སྟོན་བྱེད་པ་དང་གནད་ཕིགས་ཀྱིས་སྲིད་ཇུས་ལག་བསྟར་བྱེད་པར་ཤུགས་སྣོན་དགོས། མང་ཚོགས་ཀྱི་མྱོང་ཚོར་དེ་བརྡར་ཤ་གཅོད་པའི་ཚད་གཞི་གཙོ་བོར་བརྩིས་ནས། བཅོས་སྒྱུར་གྱི་དམིགས་འབེན་དང་ལས་འགན་གཙོ་བོ་གཏན་ཁེལ་གསལ་པོ་བྱེད་པ་དང་། གནད་དོན་གཙོ་བོ་ཐག་བཅད་དེ་སྔོན་དཔག་གི་དམིགས་འབེན་མངོན་འགྱུར་བྱས་ཏེ། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་རྒྱུན་ཆད་མེད་པར་ཟབ་མོར་སྤེལ་དགོས་ཟེར།

ཧན་ཀྲིན་གྱིས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་མཐུན་སྦྱོར་ཚན་ཆུང་གིས་གཅིག་གྱུར་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་སྟོན་གྱི་ནུས་པ་བཟང་པོར་བཏོན་ནས། བཅོས་སྒྱུར་གྱི་བྱ་བ་སྣ་ཚོགས་དགེ་མཚན་ལྡན་ཞིང་བརྟན་བརླིང་ཡིན་ལ་གོ་རིམ་ལྡན་པར་སྤེལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

རྒྱལ་སྲིད་ཨུ་ཡོན། མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུང་དང་། མཐུན་སྦྱོར་ཚན་ཆུང་གི་ཁོངས་མི། ཆེད་དོན་ཚན་ཁག་སོ་སོ་དང་འགན་སྲུང་ཚན་ཁག་གི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།