རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་གྲོས་ཚོགས་ཐེངས་ལྔ་བ་ཚེས་ཉེར་བརྒྱད་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་ཚོང་ལས་ཅན་དུ་འགྱུར་བཞིན་པ་ནི་མིག་སྔའི་ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་འབུར་དུ་ཐོན་པ་ཞིག་ཡིན་ལ། དེས་ཆོས་ལུགས་བྱ་འགུལ་གྱི་གོ་རིམ་ཆ་ཡོངས་ནས་དཀྲུགས་ཏེ། ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་ཀྱི་སྣང་བརྙན་ཉམས་དམས་སུ་གཏོང་བཞིན་ཡོད་པར་མ་ཟད། སྤྱི་ཚོགས་ཀྱི་གོམས་སྲོལ་ཉམས་རྒུད་དུ་གཏོང་བཞིན་པས། སྣང་ཚུལ་དེར་ཏང་ཀྲུང་དབྱང་གིས་མཐོང་ཆེན་བླ་མེད་གནང་གིན་ཡོད་ཅིང་། སྤྱི་ཚོགས་སྒང་གི་ཁྱབ་ཁོངས་སོ་སོས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཐེངས་འདིའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུས་ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་ཚོང་ལས་ཅན་དུ་འགྱུར་བཞིན་པར་བཅོས་སྐྱོང་བྱེད་དགོས་ཞེས་པ་གྲོས་གཞིར་བཟུང་ལ། དེ་ནི་མི་དམངས་སྲིད་གྲོས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། གནད་དོན་གླེང་ཕྱོགས་སུ་བརྩིས་ཏེ་གྲོས་འདོན་སྲིད་སྐྱོང་དང་དམངས་གཙོའི་ལྟ་སྐུལ་གྱི་ལས་སྒོ་སྤེལ་བའི་མངོན་སྟངས་གལ་ཆེན་ཞིག་ཡིན་ལ། ཆོས་ལུགས་ཚོང་ལས་ཅན་དུ་བསྒྱུར་བའི་ཉེན་ཁ་ལ་གོ་བ་གཏིང་ཟབ་ལོན་པར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅོས་སྐྱོང་དང་སྲིད་ཇུས་ཀྱི་ངོས་ཇེ་གཙང་དུ་གཏོང་བ། ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་བྱེད་པ་དང་སྤྱི་ཚོགས་ཀྱི་མཁའ་དབུགས་སྔར་ལས་ཇེ་གཙང་དུ་འགྲོ་བར་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

ཨུ་ཡོན་དང་རིག་གནས་པ་བཅོ་ལྔས་ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་ཚོང་ལས་ཅན་དུ་འགྱུར་བའི་རྒྱུ་རྐྱེན་དང་མཚོན་སྟངས། བཅོས་སྐྱོང་གི་བསམ་ཕྱོགས་དང་བྱེད་ཐབས་སོགས་ཀྱི་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།

ཨུ་ཡོན་ཁ་ཤས་ཀྱིས་དེང་སྐབས་ཀྲུང་དབྱང་གིས་ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་ཚོང་ལས་ཅན་གྱི་གནད་དོན་བཅོས་སྐྱོང་བྱེད་པའི་རྣམ་འགྱུར་བརྟན་པོ་ཡིན་ལ། སྲིད་ཇུས་དང་ཁྲིམས་སྲོལ་གསལ་པོ་ཡིན། གནད་འགག་ནི་འགན་ཁུར་གསལ་པོར་བགོ་བ་དང་། བྱེད་ཐབས་ངོ་མ་སྤྱད་དེ་ཐག་བཅད་ནས། འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་དེ་ཡིན་ཞེས་བསྟན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་ཐི་ཨར་གྱིས་གཙོ་གཞིའི་གཏམ་བཤད་སྤེལ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་ཁུར་པས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། རིག་གནས་དང་ཡུལ་སྐོར་པུའུ་སོགས་ཀྱི་འགན་ཁུར་པས་བརྗེ་རེས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།