ཞི་ཅིན་ཕིང་གིས་ཧྲའན་ཞིའི་ཀྲའོ་ཅིན་པེ་ལེང་དམར་དམག་སློབ་ཆུང་གི་སློབ་མར་འཕྲིན་ལན་བསྐུར་ནས་སྐུལ་མ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་ཏེ་ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཞིའི་ཀྲའོ་ཅིན་པེ་ལེང་དམར་དམག་སློབ་ཆུང་གི་སློབ་མར་འཕྲིན་ལན་བསྐུར་ནས། ཁོ་ཚོ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་ཆུང་བྱིས་པ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ་གསུངས་རྒྱུར། ཁྱོད་ཚོའི་འཕྲིན་ཡིག་ངའི་ལག་ཏུ་འབྱོར་བྱུང་། འཕྲིན་ཡིག་མཐོང་ནས་ང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཁྱོད་ཚོས་འཕྲིན་ཡིག་ནང་དུ་སྡེ་བའི་རྒན་པ་རྣམས་ཀྱིས་རྒྱུན་དུ་ཁྱོད་ཚོར་ཀྲའོ་ཅིན་གྱི་གསར་བརྗེའི་ལོ་རྒྱུས་བཤད་བཞིན་པ་དང་། གསར་བརྗེའི་གནས་གཞི་དེས་ཁྱོད་ཚོར་གཟི་བརྗིད་དང་སྤོབས་པ་བསྩལ་སོང་ཞེས་བཤད་འདུག ཁྱོད་ཚོས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་ཤེས་བྱར་རྒྱུས་ལོན་མང་དུ་བྱེད་པ་དང་། དཔའ་བོའི་མིག་དཔེ་མི་སྣར་སློབ་སྦྱོང་མང་དུ་བྱེད་པ། ཏང་དང་མེས་རྒྱལ། མི་དམངས་བཅས་ལ་དགའ་ཞེན་བཅངས་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལས་དམར་པོའི་གཞི་རྒྱུད་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་བྱེད་རྒྱུ་ནི་ངའི་རེ་བ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ང་རང་ཁྱོད་ཚོའི་ཕ་ཡུལ་ཀྲའོ་ཅིན་ལ་སོང་མྱོང་། ཏང་དང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་འོག་ཏུ། པེ་ལེང་སློབ་ཆུང་དེ་ཆ་ཚང་སློབ་ཆུང་དུ་སླར་གསོ་བྱེད་རྒྱུ་ཡིན་པས། སློབ་གྲོགས་ཚོ་ལོ་རིམ་མཐོན་པོར་བསླེབ་དུས་ཐག་རིང་པོར་འགྲོ་མི་དགོས་པ་དང་། སློབ་གྲྭའི་ནང་ནས་ཆུ་གཙང་མ་འཐུང་ཐུབ་ལ་ཆུ་དྲོན་མོས་ལུས་ཕུང་འཁྲུ་ཐུབ། ཁྱོད་ཚོས་ད་ལྟའི་བདེ་སྐྱིད་འཚོ་བ་ནི་ཐོབ་སླ་བ་ཞིག་མིན་ཞེས་བཤད་པའི་སྐད་ཆ་དེ་ཧ་ཅང་བཟང་། ཁྱོད་ཚོས་བཀའ་དྲིན་ཚོར་ནས་དུས་ཚོད་ལ་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། མ་འོངས་པར་རྒྱལ་ཁབ་དང་མི་དམངས། སྤྱི་ཚོགས་བཅས་ལ་གོ་ཆོད་པའི་མི་ཞིག་བྱ་རྒྱུ་ནི་ངའི་རེ་བ་ཡིན་ཟེར།

ཀྲའོ་ཅིན་གྲོང་རྡལ་ནི་ཧྲན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར་ཡའོ་ཀྲིག་ཁུལ་དུ་ཡོད་ལ། ཧྲའན་ཀན་མཐའ་ཁུལ་གསར་བརྗེའི་གནས་གཞིའི་དཀྱིལ་སྙིང་ཡིན། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གཉིས་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲའོ་ཅིན་དུ་རྟོག་ཞིབ་མཛད་དེ། གསར་བརྗེའི་གནས་རྙིང་གི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་མཛད་མྱོང་། ཀྲའོ་ཅིན་པེ་ལེང་དམར་དམག་སློབ་ཆུང་ནི་སྔོན་ཆད་ཆ་ཚང་སློབ་ཆུང་ཞིག་ཡིན་ལ། ཉིས་སྟོང་བརྒྱད་ལོར་སློབ་གསོ་ལེགས་སྒྲིག་བྱས་ཏེ་ལོ་རིམ་དང་པོ་ནས་གསུམ་པའི་བར་མ་གཏོགས་མེད་པ་དང་། ད་ལོའི་ཟླ་དགུ་པར་ཡང་བསྐྱར་ཆ་ཚང་སློབ་ཆུང་དུ་སླར་གསོ་བྱ་རྒྱུ་རེད། ཉེ་སྔོན། སློབ་གྲྭ་དེའི་ལོ་རིམ་གཉིས་པ་དང་གསུམ་པའི་སློབ་མ་ང་གཅིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། གསར་བརྗེའི་ལོ་རྒྱུས་ལ་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་སློབ་གྲྭའི་འཕེལ་རྒྱས་འགྱུར་ལྡོག་གི་གནས་ཚུལ་ཡར་ཞུ་བྱས་པ་དང་། དྲིན་ཚོར་ཡར་བརྩོན་བྱེད་པ་དང་སྔ་མོ་ནས་འཇོན་མིར་འགྱུར་བའི་ཆོད་སེམས་བསྟན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།