ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་གཉིས་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། བྱེད་ཐབས་སྤྱད་དེ་ཁེ་ལས་འཛུགས་པའི་དུས་ཚོད་དང་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་འགོད་པའི་དུས་ཚོད་ཕྱེད་ཀ་ཡན་ཇེ་ཉུང་དུ་བཏང་སྟེ། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་ཞེས་བསྟན་པར་མ་ཟད། མི་ཤུགས་ཐོན་ཁུངས་ཚོང་རའི་གནས་སྐབས་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། དབང་གཏོང་དོ་དམ་ཞབས་ཕྱིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཁེ་ལས་འཛུགས་པ་དང་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་འགོད་པའི་ལས་ཆོད་དམའ་བ་དང་གོ་རིམ་མང་བ། དུས་ཡུན་རིང་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་ན། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་རྩ་ཇེ་ཉུང་དུ་གཏོང་བ་དང་། ལས་སྐྲུན་གསར་གཏོད་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་བར་ཕན་པ་ཡོད་ཟེར།

ཚོགས་ཐོག་ནས་པེ་ཅིན་དང་ཐེན་ཅིན། ཧྲང་ཧེ། ཁྲུན་ཆིན། ཧྲིན་དབྱང་། ཏ་ལེན། ནན་ཅིན། ཞ་མིན། བུའུ་ཧན། ཀོང་ཀྲིག ཧྲིན་ཀྲིན། ཁྲིན་ཏུའུ། ཀོས་དབྱང་སོགས་ཞིང་ཆེན་གྱི་ས་ཁུལ་བཅུ་དྲུག་ལ་ཚོད་ལྟ་བྱས་ནས། སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་སོགས་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ཧྲིལ་བོ་སྟབས་བདེར་གཏོང་རྒྱུའི་གཏན་འཁེལ་བྱས།

གཅིག་གྱུར་སྒོ་འབྱེད་དང་འགྲན་རྩོད་གོ་རིམ་ལྡན་པའི་མི་ཤུགས་ཐོན་ཁུངས་ཚོང་ར་འཛུགས་སྐྲུན་བྱས་ནས། ལས་ཞུགས་ལས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ཞབས་ཕྱི་སྒྲུབ་ཆེད། ཚོགས་ཐོག་ནས་མི་ཤུགས་ཐོན་ཁུངས་ཚོང་རའི་གནས་སྐབས་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་། འཆར་ཟིན་ལས་མི་ཤུགས་ཐོན་ཁུངས་ཚོང་རའི་བྱ་འགུལ་འབུར་དུ་ཐོན་པར་བྱས་ནས། མི་ཤུགས་ཐོན་ཁུངས་རང་དབང་དང་གོ་རིམ་ལྡན་པའི་སྐོར་སྐྱོད་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་ཡར་སྐུལ་བྱེད་པ་སོགས་གཏན་འབེབས་བྱས་པར་མ་ཟད། ཚོང་རའི་ལྟ་སྐུལ་དོ་དོམ་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས།

ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།