ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཅེ་ཁྲི་ཡིས་ཁུ་ཝེ་ཐེའི་ཨེ་སྨིས་ཨར་ས་པ་ཧི་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་ཉེར་དགུ་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་ཡིས་ཁུ་ཝེ་ཐེ་གྲོང་ཁྱེར་ནས་ཁུ་ཝེ་ཐེའི་ཨེ་སྨིས་ཨར་ས་པ་ཧི་ལ་ཐུག་འཕྲད་བྱས།

དབྱང་ཅེ་ཁྲི་ཡིས་ས་པ་ཧི་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུ་བ་བརྒྱུད་སྒྲོག་བྱས་པ་དང་། ཀྲུང་གོ་དང་ཁུ་ཝེ་ཐེ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་བདུན་འགོར་བའི་རིང་ལ། དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་རྒྱབ་སྐྱོར་བྱས་པར་མ་ཟད། ཕན་ཚུན་བར་བློ་གཏོད་ཆོག་པའི་གྲོགས་པོ་བཟང་བོར་བརྩིས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་དང་ཡུན་རིང་གི་ཕྱོགས་ནས་ཀྲུང་གོ་དང་ཁུ་ཝེ་ཐེ་བར་གྱི་འབྲེལ་བར་ལྟ་སྟངས་བཟུང་ཡོད་ལ། ཁུ་ཝེ་ཐེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཕན་ཚུན་བར་ཁྱད་སྟོབས་ཁ་གསབ་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ས་པ་ཧི་ཡིས་དབྱང་ཅེ་ཁྲི་ལ་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུ་བ་བརྒྱུད་སྒྲོག་གནང་རོགས་ཞུས། ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཁུ་ཝེ་ཐེ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་རྣམ་ཡང་འཕེལ་རྒྱས་བཟང་བོ་བྱུང་ཡོད། ཁུ་ཝེ་ཐེ་ཕྱོགས་ཀྱིས་ཀྲུང་གོ་བློ་གཏོད་ཆོག་པའི་འཐབ་ཇུས་མཉམ་ལས་གྲོགས་པོར་བརྩིས་ནས། ཀྲུང་གོ་ཕྱོགས་དང་ཡུན་རིང་གི་གྲོགས་པོའི་འབྲེལ་བ་འཛུགས་པར་རེ་སྒུག་བྱས་ཡོད། ཁུ་ཝེ་ཐེ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་དང་ནུས་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཉིན་དེར། དབྱང་ཅེ་ཁྲི་ཡིས་ད་རུང་ཁུ་ཝེ་ཐེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་པོ་དང་ཞོར་དུ་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་མཁན་ན་སེ་ཨར་དང་དབུ་བཞུགས་བློན་ཆེན་གཞོན་པ་ཞོར་དུ་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་མཁན་ས་པ་ཧི་གཉིས་ལ་ཐུག་འཕྲད་བྱས།  

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།