ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་ཅ་ཁང་དང་ཁྲིན་ཞན། ཧྲིན་ལེན་ཐའོ་བཅས་ཆེད་མཁས་པ་དང་ཀྲུང་གོ་དབྱི་ཀྲུང་དང་ཧྲུའུ་ཧྥུན་མྱུར་སྐྱེལ། ཁོང་ཧྲི་ཚན་རྩལ་བཅས་ཀྱི་འགན་ཁུར་བས་གཏམ་བཤད། ཚང་མས་བལྟས་ན་ད་ལོའི་ལོ་སྟོད་དུ་དཔལ་འབྱོར་འཁོར་རྒྱུག་གི་གནས་བབ་རྒྱུན་མཐུད་སྒོས་ཇེ་བཟང་དུ་སོང་བ་དང་། སྒྲིག་གཞི་དང་ཕན་འབྲས། ཚོང་རའི་ཡིད་ཆས་ཇེ་ལེགས་སུ་སོང་ཡོད་ལ། ལས་ཞུགས་སྔོན་དཔག་ལས་བརྒལ་བ་དང་། སྒུལ་ནུས་གསར་བ་དཔལ་འབྱོར་ལས་ཞུགས་ཀྱི་རྒྱབ་རྟེན་གཙོ་བོར་གྱུར་ཡོད་པར་སྙམ།

ལིས་ཁི་ཆང་གིས་བཤད་རྒྱུར། གྲུབ་འབྲས་ནི་ཐོབ་དཀའ་བ་ཞིག་ཡིན་མོད། འོན་ཀྱང་མ་འོངས་པའི་འཕེལ་རྒྱས་ཁྲོད་སྔར་བཞིན་དཀའ་ཁག་མང་པོ་གནས་ཡོད་པས། ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ལ། འགྲན་རྩོད་ལ་ཁ་གཏད་འཇལ་བར་གྲ་སྒྲིག་བཟང་བོ་བྱེད་དགོས་པར་མ་ཟད། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་གཙོ་བོར་བཟུང་སྟེ། གསར་གཏོད་ཡར་སྐུལ་བྱེད་པ་དང་། ཁོར་ཡུག་ལེགས་བཅོས་བྱེད་པ། ཕན་འབྲས་མཐོར་འདེགས་སུ་གཏོང་བ་བཅས་ལ་སྔར་ལས་མཐོང་ཆེན་བྱས་ནས། ད་ལོའི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་སྔར་ལས་བཟང་བོར་ཡོངས་འགྲུབ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར། མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་དམངས་ཚིས་དོན་དངོས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དམངས་ཕན་གྲུབ་འབྲས་གསར་བ་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག འགན་འཁྲི་ལག་བསྟར་བཟང་བོ་བྱས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་བ་བྱེད་དགོས་པའི་རེ་བ་བཏོན།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།