ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་དེར་ཁྲིམས་རིགས་པའི་ཆེད་མཁས་པ་དང་ཁྲིམས་སྐྱོང་བྱ་བ་སྒྲུབ་མཁན་གྱི་ཁྲོད་དུ་ཡིད་འཇོག་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་གསུམ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་མཛད་སྐབས། ཁྲིམས་སྐྱོང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། རྒྱ་ཆེའི་སྲིད་ཁྲིམས་སློབ་ཆེན་གྱི་དགེ་སློབ་རྣམས་དང་ཁྲིམས་སྐྱོང་བྱ་བ་སྒྲུབ་མཁན་གྱིས་བཤད་རྒྱུར། དེ་ནི་རང་རྒྱལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་ཁྲིམས་རིགས་པའི་སློབ་གསོ་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། དེ་གཞི་རྩའི་བསྲུང་བྱ་བྱས་ཏེ་རང་རྒྱལ་གྱི་དོན་དངོས་དང་མཐུན་པའི་ཁྲིམས་རིགས་པའི་བསླབ་ཚན་མ་ལག་དང་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་དགོས་ལ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དང་ཀུན་སྤྱོད་དང་ཁྲིམས་རིགས་པ་མཉམ་སློབ་བྱས་ནས། ཧུར་ཐག་སྒོས་སྔར་ལས་མང་པོའི་ཕུལ་བྱུང་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རང་གཤིས་རེ་བ་དང་འགན་སྲུང་གལ་ཆེན་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་པ་དང་། དེ་ང་ཚོ་ཏང་གི་སྲིད་སྐྱོང་རྒྱལ་དར་ལ་འབྲེལ་བ་ཡོད་པ་དང་མི་དམངས་བདེ་སྐྱིད་དང་བདེ་འཇགས་ཡོང་བར་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་འགྲོ་བར་འབྲེལ་བ་ཡོད་ཅེས་པའི་རྒྱས་བཤད་གལ་ཆེན་གནང་བ་དེར་ཁྲིམས་རིགས་པའི་ཆེད་མཁས་པ་དང་ཁྲིམས་སྐྱོང་བྱ་བ་སྒྲུབ་མཁན་གྱི་ཁྲོད་དུ་ཡིད་འཇོག་ཆེན་པོ་ཐོབ།

ཁྲིམས་རིགས་པའི་ཆེད་མཁས་པ་དང་ཁྲིམས་རིགས་པའི་སློབ་གསོ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་མཛད་པ་དེ་ལས་ཁྲིམས་སྐྱོང་སློབ་གསོའི་ལས་དོན་ལ་མཐོང་ཆེན་དང་ཐུགས་ཁུར་གནང་བ་མཚོན་ཡོད། ཁྲིམས་སྐྱོང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་ནི་གོ་རིམ་ལྡན་ཞིང་སྤྱི་ཚོགས་ཅན་གྱི་བཟོ་སྐྲུན་ཞིག་ཡིན་པ་དང་། མ་འོངས་པར་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པར་སྙམ།

ན་གཞོན་ནི་ཀྲུང་གོ་ཁྲིམས་སྐྱོང་ལས་དོན་གྱི་རྒྱུན་འཛིན་མཁན་ཡིན་པས། ཁྲིམས་རིགས་པའི་སློབ་གསོ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་བཤད་རྒྱུར། ངེས་པར་དུ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དང་ཀུན་སྤྱོད་དང་ཁྲིམས་རིགས་པ་མཉམ་སློབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་མའི་ཁྲིམས་རིགས་པའི་ཤེས་བྱའི་ཆུ་ཚད་དང་བསམ་བློ་ཀུན་སྤྱོད་བྱང་ཚད་མཉམ་དུ་མཐོར་འདེགས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།