ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་སྔོན་གཤེགས་དཔའ་བོའི་གཟེངས་བསྟོད་ལས་དོན་ལ་འཐུས་སྒོ་ཚང་བའི་བཅའ་ཁྲིམས་མ་ལག་རིམ་བཞིན་གཏོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་4ཚེས་1ཉིན། ཐུང་ཧྭ་གྲོང་ཁྱེར་གྱི་ལས་རིགས་སློབ་གསོའི་ལྟེ་གནས་དང་ཐུང་ཧྭ་གྲོང་ཁྱེར་གྱི་དམའ་རིམ་སློབ་འབྲིང་11པ་སོགས་ཀྱི་དགེ་སློབ་500ལྷག་ཙམ་གྱིས་ཟླ་4ཚེས་1ཉིན་ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར་ཡང་ཅིང་ཡུས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་ལག་པར་མེ་ཏོག་སོས་པ་འཁྱེར་ཏེ་ཡུན་རིང་ལངས་ནས་བསྡད། སྐབས་འདིར་མི་རྣམས་ཀྱིས་དད་གུས་ཆེན་པོའི་སྒོ་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པ་དང་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་ཁྲག་བཏོན་དམར་འཛིང་གི་དཔའ་མཛངས་རྟུལ་ཕོད་ཀྱི་མཛད་རྗེས་ལ་དྲན་གསོ་ཞུས་ཏེ་གཤིན་པོར་མྱ་ངན་ཞུས་པ་རེད།

བགྲང་གིས་མི་ལང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དག་གི་བླ་ན་མེད་པའི་གཤིས་རྒྱུད་བཟང་པོ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་བརྟེན། ད་གཟོད་ང་ཚོའི་དེང་གི་ཞི་བདེའི་ཁོར་ཡུག་དང་མེས་རྒྱལ་གྱི་གྲ་རྒྱས་ཕུན་སུམ་ཚོགས་པའི་རྣམ་པ་བྱུང་ཡོད།

གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་མེས་རྒྱལ་གྱི་ཆེད་དུ་རང་སྲོག་དོར་ཞིང་ཁྲག་དམར་བཏོན་པས་རང་རྒྱལ་གྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མིར་གཟིགས་སྐྱོང་སྲིད་ཇུས་ཇི་འདྲ་བཏོན་ཡོད་དམ། དམངས་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། སྔོན་གཤེགས་དཔའ་བོའི་ནང་མིར་གཟེངས་བསྟོད་དང་གཟིགས་སྐྱོང་བྱས་ཏེ་ཁོང་ཚོར་དངོས་པོའི་ཐོག་ནས་ལྟ་རྟོག་དང་བསམ་བློའི་ཐོག་ནས་གཟིགས་སྐྱོང་གང་འཚམ་བྱེད་པ་ནི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ། རིམ་ཁག་སྲིད་གཞུང་དམངས་སྲིད་སྡེ་ཚན་གྱི་འགན་འཁྲི་ཡང་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། རྒྱལ་ཁབ་ཀྱིས་རྒྱུན་ཆད་མེད་པར་སྲིད་ཇུས་འཐུས་སྒོ་ཚང་དུ་དང་ལེགས་སྒྲིག་བྱས་ནས་སྔོན་གཤེགས་དཔའ་བོའི་ནང་མིར་གཟིགས་སྐྱོང་དང་འཆི་གོད་གུན་གསབ་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིམ་བཞིན་ཅུང་འཐུས་སྒོ་ཚང་བའི་བཅའ་ཁྲིམས་མ་ལག་བཙུགས་ནས་ཁྲིམས་ལྟར་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྔོན་གཤེགས་དཔའ་བོའི་ནང་མིར་གཟེངས་བསྟོད་དང་གཟིགས་སྐྱོང་བྱ་རྒྱུ་སྤྱིར་ན་མངོན་འགྱུར་བྱུང་ཡོད།

དམངས་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་ད་ཆ་ལག་ལེན་བསྟར་བཞིན་པའི་ཁྲིམས་སྲོལ་སྲིད་ཇུས་གཞིར་བཟུང་སྔོན་གཤེགས་དཔའ་བོའི་རང་སྲོག་བློས་གཏོང་བྱེད་པའི་རྣམ་པ་མི་འདྲ་ཡང་སྔོན་གཤེགས་དཔའ་བོའི་ཐོབ་ཐང་གཅིག་མཚུངས་ཡིན་པར་བརྟེན་སྔོན་གཤེགས་དཔའ་བོའི་ནང་མིས་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་པའི་ཐོབ་ཐང་ཡང་རྒྱལ་ཡོངས་གཅིག་གྱུར་ཡིན། གཙོ་བོ་གཤམ་གསལ་གྱི་ནང་དོན་ཚུད་ཡོད་ཅེས་འགྲེལ་བཤད་བརྒྱབ་པ་སྟེ། འཚོ་བའི་ཐོབ་ཐང་། སྔོན་གཤེགས་དཔའ་བོའི་གཟེངས་བསྟོད་དངུལ། སྔོན་གཤེགས་དཔའ་བོའི་ནང་མིས་སྔོན་གཤེགས་དཔའ་བོའི་གཟེངས་བསྟོད་དངུལ་ལོངས་སྤྱོད་བྱས་ཆོག་པ་དང་དེའི་ཚད་གཞི་ནི་ལོ་འཁོར་གོང་མའི་རྒྱལ་ཡོངས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་30ཡིན་པ་རེད།

སྤྲོད་ཐེངས་གཅིག་གི་འཆི་གོད་གུན་གསབ་དངུལ། སྔོན་གཤེགས་དཔའ་བོའི་ནང་མིས་སྤྲོད་ཐེངས་གཅིག་གི་འཆི་གོད་གུན་གསབ་དངུལ་ལོངས་སྤྱོད་ཆོག་པ་དང་། དེའི་ཚད་གཞི་ནི་ལོ་འཁོར་གོང་མའི་རྒྱལ་ཡོངས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་20ཡི་ཐོག་ཟླ་བ་40ཡི་དམག་མི་ཚེ་ལས་མ་འདས་གོང་གི་གླ་ཕོགས་ཡིན་པ་དང་། དམག་མིས་བྱས་རྗེས་བཞག་ནས་བྱ་དགའ་སྤྲད་རིགས་བསྡུར་ཚད་ངེས་ཅན་གཞིར་བཟུང་སྤྲོད་ཐེངས་གཅིག་གི་འཆི་གོད་གུན་གསབ་དངུལ་འཕར་སྣོན་བྱས་ནས་སྤྲོད་ཀྱི་ཡོད།

དུས་བཀག་འཆི་གོད་གུན་གསབ་དངུལ། 《དམག་མིའི་འཆི་གོད་གུན་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག་》གི་གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་པའི་སྔོན་གཤེགས་དཔའ་བོའི་ནང་མིས་དུས་བཀག་གི་འཆི་གོད་གུན་གསབ་དངུལ་ལོངས་སྤྱོད་བྱེད་ཆོག 2016ལོར་གཟིགས་སྐྱོང་བྱེད་ཡུལ་གྱི་ཚད་གཞི་མཐོ་རུ་གཏོང་སྐབས་དུས་བཀག་གི་འཆི་གོད་གུན་གསབ་དངུལ་སྔོན་ཆད་ལྟར་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ལ་མི་དབྱེ་བར་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡོང་རྒྱུ་ཐོག་མར་མངོན་འགྱུར་བྱུང་ནས་ཚད་གཞི་ལོར་སྒོར་21030ཡིན་པ་རེད།

དུས་ཚད་གཏན་འཁེལ་གྱི་འཚོ་བའི་ཁ་གསབ། སྔོན་གཤེགས་དཔའ་བོའི་བུ་ཕྲུག(གྲོང་གསེབ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་པའི་ལས་ཀ་མེད་པ་དང་ལོ་18གོང་དུས་བཀག་འཆི་གོད་གུན་གསབ་དངུལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་མྱོང་མེད་པ་མ་ཟད། ལོ་60སླེབས་པའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག་ལ་ཟེར)གིས་དུས་ཚད་གཏན་འཁེལ་གྱི་འཚོ་བའི་ཁ་གསབ་ལོངས་སྤྱོད་བྱེད་ཆོག 2016ལོར་གཟིགས་སྐྱོང་བྱེད་ཡུལ་གྱི་ཚད་གཞི་མཐོ་རུ་བཏང་རྗེས་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་ལོར་སྒོར་4080ཡིན་པ་རེད།

སྨན་བཅོས་ཐོབ་ཐང་། 《གཟིགས་སྐྱོང་བྱེད་ཡུལ་གྱི་སྨན་བཅོས་འགན་ལེན་བྱེད་ཐབས་》ཀྱི་གཏན་འབེབས་གཞིར་བཟུང་། སྔོན་གཤེགས་དཔའ་བོའི་ནང་མིས་སྨན་བཅོས་ཐོབ་ཐང་ལོངས་སྤྱོད་བྱེད་པའི་གྲས་སུ། དམངས་སྲིད་སྡེ་ཚན་གྱིས་རོགས་རམ་མམ་ཡང་ན་སྨན་རིན་འཇལ་རོགས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་སོགས་སྤྱི་ཚོགས་ཀྱི་འགན་བཅོལ་མ་ལག་ནང་ཞུགས་ཆོག་པ་དང་། དམངས་སྲིད་སྡེ་ཚན་གྱི་གཟིགས་སྐྱོང་སྨན་བཅོས་ཁ་གསབ་ལོངས་སྤྱོད་བྱེད་ཆོག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་སྔོན་དུ་ལོངས་སྤྱོད་བྱེད་ཆོག་པ། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་སྐབས་གཟིགས་སྐྱོང་དང་སྨན་རིན་རྩ་ཆག་དང་ཉུང་དུ་གཏོང་བའི་ཐོབ་ཐང་སོགས་སྔོན་དུ་ལོངས་སྤྱོད་བྱེད་ཆོག་པ་བཅས་ཚུད་ཡོད།

སྡོད་ཁང་ཐོབ་ཐང་། 《གཟིགས་སྐྱོང་བྱ་ཡུལ་གྱི་སྡོད་ཁང་གཟིགས་སྐྱོང་བྱེད་ཐབས་》ཀྱི་གཏན་འབེབས་གཞིར་བཟུང་། སྔོན་གཤེགས་དཔའ་བོའི་ནང་མི་ཚུད་པའི་གཟིགས་སྐྱོང་བྱ་ཡུལ་གྱིས་སྡོད་ཁང་སྤྱི་ཚོགས་ཀྱི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་པའི་གྲས་སུ། གཙོ་བོ་གཟིགས་སྐྱོང་བྱ་ཡུལ་གྱིས་གོང་ཁེ་གོ་ཆོད་ཀྱི་སྡོད་ཁང་དང་། སྤྱི་པའི་བོགས་གཏོང་སྡོད་ཁང་། སྡོད་ཁང་བོགས་གཏོང་ཁ་གསབ། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་སོགས་སྤྱི་ཚོགས་ཀྱི་སྡོད་ཁང་འགན་སྲུང་རེ་ཞུ་བྱེད་སྐབས་ཆ་རྐྱེན་འདྲ་མཚུངས་འོག་སྔོན་ལ་བཀོད་སྒྲིག་བྱ་རྒྱུ་དང་། གཟིགས་སྐྱོང་བྱ་ཡུལ་གྱིས་སྤྱི་ཚོགས་ཀྱི་འགན་སྲུང་རང་བཞིན་སྡོད་ཁང་རེ་ཞུ་བྱེད་སྐབས་དེས་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་འཆི་གོད་གུན་གསབ་སོགས་གཟིགས་སྐྱོང་ཐོབ་ཐང་ཆོག་འཐུས་ཞིབ་བཤེར་བྱེད་སྐབས་ཁྱིམ་ཚང་གི་ཡོང་འབབ་ནང་བརྩི་མི་ཆོག དེ་མཚུངས་ཀྱི་ཆ་རྐྱེན་དང་མཐུན་པའི་གཟིགས་སྐྱོང་བྱ་ཡུལ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་གཅིག་སྡུད་སྡོད་ཁུལ་གྱི་འཛུགས་སྐྲུན་སོགས་སྲིད་ཇུས་ཁྱབ་ཁོངས་ནང་སྔོན་ལ་འཇུག་དགོས། གཟིགས་སྐྱོང་བྱ་ཡུལ་གྱིས་ས་ཁང་བདག་ཁོངས་དང་ས་ཆའི་ལག་ཁྱེར་གཉེར་བ་དང་དེ་བཞིན་རང་སྐྲུན་ཁང་པ་རྒྱག་སྐབས་ཞིབ་ཕྲའི་འགྲོ་གྲོན་ཁག་ཉུང་དུ་གཏོང་རྒྱུ་སོགས་ཚུད་ཡོད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།