ཀྲུང་གོ་བོད་ཀྱི་དྲ་བ།

2017ལོར་ནོར་སྲིད་པུའུ་ཡིས་དབུལ་ཐར་མཁྲེགས་གཏོར་ཐད་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་ཡིས་ཉེ་སྔོན་ཉིས་སྟོང་བཅུ་བདུན་ལོའི་གཞི་རྩའི་དམངས་ཚིས་ཀྱི་འགྲོ་སོང་འགན་སྲུང་བྱ་བ་དངོས་སུ་བཟང་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར་དཔར་ནས་བཀྲམ། བརྡ་སྦྱོར་ནང་དུ་དེང་སྐབས་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཅུང་ཆེ་བ་དང་ནོར་སྲིད་ཡོང་སྒོ་འཕར་ཚད་དལ་བའི་གནས་ཚུལ་འོག ངེས་པར་དུ་དམངས་ཚིས་སྲིད་ཇུས་དང་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་བཟང་པོ་བྱེད་པ་དང་། དམངས་ཚིས་དངུལ་གཏོང་ལ་དམིགས་བསལ་གྱིས་འགན་སྲུང་བྱས་ཏེ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས་ཞེས་བསྟན་ཡོད།

བརྡ་སྦྱོར་ནང་དུ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་དངོས་སུ་འགན་སྲུང་བྱེད་དགོས་ཏེ། ལས་ཤོར་མི་སྣ་དང་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་། སྤྱི་ཚོགས་རོགས་སྐྱོབ་མི་ཚོགས། གནོད་ཐེབས་མང་ཚོགས། དཀའ་ཁག་ཧ་ཅང་ཆེ་བའི་མི་སྣ་དང་དམིགས་བསལ་གཟིགས་སྐྱོང་བྱེད་ཡུལ་བཅས་གཙོ་གནད་དུ་བཟུང་ནས། གཞི་རྩའི་དམངས་ཚིས་འགན་སྲུང་ཧུར་ཐག་གིས་བཟང་པོར་བསྒྲུབ་དགོས་ལ། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དང་དངོས་གོང་འཕར་བར་སྦྲེལ་བའི་མཉམ་འགུལ་རྐྱེན་སྲོལ་དངོས་འབེབས་བྱས་ཏེ། འབྲེལ་ཡོད་འགྲོ་གྲོན་འདང་ངེས་པ་ཞིག་བཀོད་སྒྲིག་བྱ་དགོས། དེ་དང་མཉམ་དུ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གྲངས་ཀ་དང་། དཀའ་ཁག་ཁྱབ་ཆེ་ཆུང་། དཀའ་ཁག་གི་ཚད་བཅས་ཀྱི་འགྱུར་ལྡོག་ལ་དོ་སྣང་ཟབ་མོ་བྱས་ཏེ། འབྲེལ་ཡོད་འགྲོ་གྲོན་གྱི་སྔོན་རྩིས་དུས་ལྟར་ཇེ་མཐོར་གཏོང་བ་དང་། དམངས་ཚིས་ཀྱི་ཚད་མཐའ་དངོས་སུ་བརྟན་སྲུང་བྱས་ནས། འགན་སྲུང་བྱ་དགོས་པ་ཡོད་ཚད་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན་ཡོད།

དེ་དང་མཉམ་དུ། བརྡ་སྦྱོར་གྱི་ནང་དོན་ལྟར་ན། དབུལ་ཕོངས་རྫོང་གི་ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་བསྡུས་ཚོད་ལྟ་ཁྱོན་ཡོངས་ནས་སྤེལ་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་དངུལ་གཏོང་གི་འགན་སྲུང་ལ་ཤུགས་སྣོན་རྒྱུ་རེད། ཡུལ་གཞན་གནས་སྤོར་དང་རྒྱུ་ནོར་ཕན་ཁེའི་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར་སོགས་བྱ་བ་གཙོ་བོར་རྒྱབ་སྐྱོར་བྱས་ཏེ། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་དང་གཞི་རྩའི་སྤྱི་ཐུན་ཞབས་ཞུ་ལ་མྱུར་དུ་ཤུགས་བསྣན་ནས། ཞིང་སྡེའི་དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཐར་གནད་དོན་ཧུར་ཐག་གིས་ཐག་གཅོད་བཟང་པོ་བྱེད་རྒྱུ་རེད། དངུལ་སྐྱོར་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། མ་དངུལ་བཀོད་སྤྱོད་ཀྱི་ཕན་འབྲས་མཐོར་འདེགས་སུ་གཏོང་རྒྱུ་རེད། ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་ཁ་གསབ་གྲོན་དངུལ་གནད་དུ་ཁེལ་ཚད་ཇེ་མཐོར་བཏང་ནས། ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་གྲོན་དངུལ་དེ་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་། ཞིང་སྡེའི་ཁག་བགོས་གཉོར་སྐྱོང་གི་དཀའ་ཁག་ཧ་ཅང་ཆེ་བའི་མི་སྣ། དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་བཅས་མི་ཚོགས་གཙོ་བོ་བཞི་ལ་གཅིག་བསྡུས་ཀྱིས་བཀོལ་སྤྱོད་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།