ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ད་ལོར་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་ཁྱོན་ཡོངས་ལ་ཁེབས་པར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་ཁྲིན་ཅི་ཉིན་གྱིས་ཉེ་སྔོན་བཤད་རྒྱུར། ཉིས་སྟོང་བཅུ་བདུན་ལོར་རང་རྒྱལ་གྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་ཁྱོན་ཡོངས་ལ་ཁེབས་པར་བྱེད་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོར། རང་རྒྱལ་གྱིས་ཧི་པེ་ཞིང་ཆེན་གྱི་ཚོད་ལྟ་དང་སྐོར་དང་པོར་ནང་སོག་སོགས་ཞིང་ལྗོངས་བརྒྱད་ལ་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁེབས་པར་བྱས་པ་མ་ཟད། ལོ་དེའི་ལོ་མཇུག་ལ་སྐོར་གཉིས་པའི་པེ་ཅིན་དང་ཧྲང་ཧེ་སོགས་ཞིང་ཆེན་དང་གྲོང་ཁྱེར་བདུན་དུ་ལྟ་ཞིབ་བྱེད་པར་བསྡད་ནས། བསྡོམས་པས་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་དོན་དག་ཁྲི་གསུམ་དང་སྟོང་གསུམ་དང་ལེན་བྱས་པ་དང་། གྱོད་དོན་སྟོང་བརྒྱད་དང་ལྔ་བརྒྱ་ལྷག་ཐག་གཅོད་བྱས་པ་དང་། སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་བཞིའི་ཆད་པ་བཅད། གྱོད་དོན་བརྒྱད་བརྒྱ་ལྷག་ལ་མྱུལ་ཞིབ་བྱས་ཏེ་མི་བདུན་བརྒྱ་དང་ཉི་ཤུ་བཀག་སྐྱིལ་བྱས་པ་དང་། མི་སྟོང་དྲུག་དང་སུམ་བརྒྱ་ལྷག་ལ་སློབ་གསོ་བཏང་ཞིང་། མི་སྟོང་དྲུག་དང་བཞི་བརྒྱ་ལྷག་ལ་འགན་འདྲི་བྱས།

ཁྲིན་ཅི་ཉིན་གྱིས་བཤད་རྒྱུར། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་གཙོ་བོ་ཀྲུང་དབྱང་གིས་ཧ་ཅང་དོ་སྣང་བྱེད་པ་དང་། མང་ཚོགས་ལ་བསམ་འཆར་ཆེ་བ། སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་བཅས་ཀྱི་ཁོར་ཡུག་གི་གནད་དོན་ལ་གཙོ་བོར་དམིགས་པ་དང་། སྐྱེ་ཁམས་ལ་གཏོར་བརླག་བྱེད་པ་ཚབས་ཆེ་ཞིང་ཁོར་ཡུག་གི་རྒྱུ་སྤུས་ཇེ་ཞན་དུ་འགྲོ་བའི་ཁུལ་ཁོངས་དང་ཆུ་རྒྱུད་གལ་ཆེན་གཙོ་བོར་བཟུང་ཞིང་། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ནས་ནུས་ལྡན་གྱི་འགུལ་སྐྱོད་མེད་པ་དང་གང་འདོད་དུ་བྱ་བ་སྒྲུབ་པའི་གནད་དོན་གཙོ་བོར་བཟུང་ཡོད་ཟེར།

ལོ་གཉིས་ཀྱི་དུས་ཚོད་ནང་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་ཡོངས་རྫོགས་ལ་ལྟ་ཞིབ་ཐེངས་གཅིག་བྱེད་པའི་རེ་བ་ལྟར་དུ། ད་ལོར་རང་རྒྱལ་གྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་ཁྱོན་ཡོངས་ལ་ཁེབས་པར་བྱས་ཏེ། བྱ་བ་དེ་ཁེངས་མེད་པའི་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་དག་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ལས་འགན་སྔ་མོ་ནས་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། འོས་འཚམ་གྱི་དུས་སུ་ཡང་བསྐྱར་ལྟ་ཞིབ་བྱས་ཏེ། གནད་དོན་ལེགས་བཅོས་བྱས་ཡོད་མེད་ལ་ནན་གྱིས་བལྟས་ནས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཇུས་ཆོད་དང་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འབྱོར་བར་བྱེད་རྒྱུ་ཡིན་ལ། ས་ཆ་སོ་སོའི་ཁོར་ཡུག་གི་རྒྱུ་སྤུས་ལ་དོ་སྣང་ཆེན་པོ་བྱས་ཏེ་མུ་མཐུད་དུ་ས་གནས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

མིག་སྔར་རྒྱལ་ཡོངས་སུ་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་ཉེར་གཅིག་གི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཇུས་གཞི་གཏན་ལ་ཕབ་ཡོད་པ་དང་། ཞིང་ཆེན་དང་ལྗོངས། གྲོང་ཁྱེར་ཉི་ཤུ་ལྷག་གིས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ལས་ཁུངས་བཙུགས་ཡོད། ཧི་པེ་དང་ཧྲན་ཞི། ཨན་ཧོས། ཧྥུའུ་ཅན། སི་ཁྲོན། ཀོས་ཀྲིག ཞིན་ཅང་སོགས་ཞིང་ཆེན་དང་ལྗོངས་ཀྱིས་ས་ཁུལ་དང་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་ལ་ལྟ་ཞིབ་བྱེད་པའི་བྱ་བ་སྒྲུབ་མགོ་བརྩམས་ནས། ཀྲུང་དབྱང་དང་ཞིང་ཆེན་རིམ་པ་གཉིས་ཀྱི་ལྟ་ཞིབ་སྒྲིག་གཞི་གྲུབ་སྟེ། ཁོར་ཡུག་སྲུང་སྐྱོབ་ཐད་ནས་ཏང་སྲིད་གཉི་གའི་འགན་འཁྲི་གཅིག་འདྲ་ཡིན་པ་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་ས་ཆ་སོ་སོས་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་བྱ་བ་སྤེལ་བར་མུ་མཐུད་དུ་མཛུབ་སྟོན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།