ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཀྲུང་གོའི་གནས་སྐོར་པ་དྲུད་ཡོད་པའི་གྲུ་གཟིགས་ཞིག་མཱ་ལེ་ཞི་ཡ་ནས་གར་སོང་མ་ཤེས་པར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་དགུ་ཡས་མས་སུ། ཀྲུང་གོའི་གནས་སྐོར་པ་ཉེར་བརྒྱད་དྲུད་ཡོད་པའི་གྲུ་གཟིངས་ཞིག་མཱ་ལེ་ཞི་ཡའི་ཧྲ་པ་ཀྲིག་གི་མཚོ་ཁོངས་ནས་གར་སོང་མ་ཤེས། མིག་སྔར། མཱ་ལེ་ཞི་ཡའི་མཚོ་དམག་དང་མཚོ་ཐོག་ཉེན་རྟོག་ཁང་གིས་གྲུབ་པའི་མྱུར་སྐྱོབ་སྟོབས་ཤུགས་ཀྱིས་བྲེལ་འཚུབ་ཆེན་པོས་མྱུར་སྐྱོབ་བྱེད་བཞིན་ཡོད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མྱུར་དུ་དོན་རྐྱེན་དེའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཕྱི་འབྲེལ་པུའུ་དང་མཱ་ལེ་ཞི་ཡ་རུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ས་དེའི་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་འདྲིས་དམ་པོ་བྱེད་པ་དང་། མཐུན་སྦྱོར་ཤུགས་ཚད་ཇེ་ཆེར་བཏང་ནས། སྟོབས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱ་བ་བཟང་པོར་སྒྲུབ་དགོས་ལ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་གནས་སྐོར་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་འཕྲལ་བསྟུན་རྐྱེན་སྲོལ་སྤྱད་དེ། མཱ་ལེ་ཞི་ཡ་ཕྱོགས་ལ་གཞོགས་འདེགས་བྱས་ནས་མྱུར་སྐྱོབ་མྱུར་དུ་སྤེལ་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ད་ནི་ལོ་སར་གྱི་སྐབས་ཡིན་པས། གཉེན་ཉེ་འབྲེལ་དང་གྲོགས་པོའི་ཁྱིམ་དུ་ལོ་སར་ལ་འགྲོ་བ་དང་། ཕྱི་ཕྱོགས་སུ་གནས་སྐོར་ལ་འགྲོ་མཁན་ཅུང་མང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བདེ་འཇགས་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་། འཕྲལ་བསྟུན་དོགས་ཟོན་བྱ་བ་བཟང་པོར་སྒྲུབ་པ། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དོགས་ཟོན་འདུ་ཤེས་ཇེ་དྲག་ཏུ་གཏང་བར་གསལ་འདེབས་བྱེད་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བཀྲ་ཤིས་སྤྲོ་སྐྱིད་ཀྱི་ལོ་ཞིག་སར་བར་ཁག་ཐེག་བྱེད་དགོས་ཟེར། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། མཱ་ལེ་ཞི་ཡ་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་རང་རྒྱལ་གྱི་གར་སོང་མི་ཤེས་པའི་གནས་སྐོར་པ་འཚོལ་ཞིབ་མྱུར་སྐྱོབ་བྱེད་པར་སྐུལ་འདེད་བཏང་ནས། མི་གཅིག་ཀྱང་མི་ལུས་པར་བྱེད་དགོས་ལ། ཕྱི་ཕྱོགས་སུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་སྲུང་སྐྱོབ་བྱེད་པའི་རྐྱེན་སྲོལ་གྱི་སྒྲོམ་གཞིའི་འོག་ཏུ། འབྲེལ་ཡོད་དོན་དག་ལུགས་མཐུན་སྒོས་ཐག་བཅད་ནས། རང་རྒྱལ་གྱི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཟང་པོ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ས་གནས་དང་མཉམ་དུ་གནས་སྐོར་པའི་ཁྱིམ་མི་ལ་གནས་ཚུལ་སྒྲོག་པ་དང་སེམས་གསོ་བྱེད་པ་སོགས་ཀྱི་བྱ་བ་བཟང་པོར་སྒྲུབ་དགོས། ལོ་སར་གྱི་སྐབས་སུ་རང་རྒྱལ་གྱི་ཕྱི་ཕྱོགས་སུ་འགྲོ་བའི་གནས་སྐོར་པ་ཅུང་མང་པས། བདེ་འཇགས་འདུ་ཤེས་དང་འབྲེལ་ཡོད་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་བཏང་ནས། འགྲུལ་བཞུད་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕེན་གྱི་མཛུབ་སྟོན་དང་ལིས་ཁི་ཆང་གི་ཐུགས་རེ་ལྟར།ཕྱི་འབྲེལ་པུའུ་དང་མཱ་ལེ་ཞི་ཡ་རུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་མཱ་ལེ་ཞི་ཡའི་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་པ་དང་། མི་སྣ་མངགས་ཏེ་འཚོལ་ཞིབ་མྱུར་སྐྱོབ་བྱ་བར་ཞུགས་པ་མ་ཟད། མཱ་ལེ་ཞི་ཡའི་འབྲེལ་ཡོད་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་གནས་སྐོར་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་འཕྲལ་བསྟུན་རྐྱེན་སྲོལ་བཀོལ་ནས། མྱུར་སྐྱོབ་བྱེད་པར་གཞོགས་འདེགས་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།