ཀྲུང་གོ་དམངས་གཙོ་མནའ་མཐུན་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིན་ནས་ཚོགས་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དམངས་གཙོ་མནའ་མཐུན་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཚེས་དྲུག་ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས། ཚོགས་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ཤིང་། སྐབས་བཅུ་གཅིག་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་པར་མ་ཟད་གྲོས་ཞིབ་བྱས་པ་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་གྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་ཀྲུང་གོ་དམངས་གཙོ་མནའ་མཐུན་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པོ་ཝུན་གྱིས་དམངས་གཙོ་མནའ་མཐུན་སྐབས་བཅུ་གཅིག་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ་ནས། ཉིས་སྟོང་བཅུ་དྲུག་ལོའི་དམངས་གཙོ་མནའ་མཐུན་གྱི་བྱ་བ་སྣ་ཚོགས་སྤྱི་བསྡོམས་བྱས་པ་དང་ཉིས་སྟོང་བཅུ་བདུན་ལོའི་བྱ་བའི་སྤྱིའི་རེ་བ་དང་ལས་འགན་གཙོ་བོ་བཏོན། ཁོས་ནན་གྱིས་བསྟན་དོན། དམངས་གཙོ་མནའ་མཐུན་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཆབ་སྲིད་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཆགས་པར་བྱེད་དགོས་ལ། རང་རྟོགས་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ལེན་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།