ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་ལྟར་དབུལ་ཐར་མཁྲེགས་གཏོར་དང་སློབ་གསོ་དབུལ་ཐར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཞན་ས་གསབ་པ་གསུམ་གྱི་འཆར་འགོད་གཏན་འཁེལ་བྱེད་པར་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་བྱ་བ་ལས་རྣམ་པར་རྒྱལ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་ལ། ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཞན་ཆ་ཆེས་གཙོ་ཁ་གསབ་བྱས་ཏེ། མཉམ་དུ་ཕྱུག་པོར་སྒྱུར་བར་ཕན་པ་ཡོད་པས། གནད་ཕིགས་དབུལ་ཐར་དང་ཁྱོན་ཡོངས་ནས་ཡར་སྐུལ་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། གསར་བརྗེའི་གནས་གཞི་ས་ཁུལ་དང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། གཅིག་སྡུད་མུ་འབྲེལ་དབུལ་ཕོངས་ས་ཁུལ་བཅས་གཙོ་བོར་བཟུང་སྟེ། རང་སྟེང་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་བའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ནས། 2020ལོའི་དབུལ་ཐར་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

སློབ་གསོ་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་གཏོང་ཆེད། ཚོགས་ཐོག་ནས་གཅིག་ནི་དབུལ་ཕོངས་རྫོང་གི་འོས་འགན་སློབ་གསོའི་ཞན་ཆར་རྒྱབ་སྐྱོར་དང་ལེགས་བཅོས་བྱེད་དགོས་པ་དང་། གཉིས་ནི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མའི་སློབ་གསོའི་རོགས་རམ་མ་ལག་འཐུས་ཚང་དུ་གཏོང་དགོས། གསུམ་ནི་དབུལ་ཕོངས་ས་ཁུལ་གྱི་ས་གནས་རིམ་པའི་གྲོང་ཁྱེར་རེར་ཉུང་མཐར་ཡང་ས་གནས་རང་གི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་འབྲིམ་རིམ་ལས་རིགས་སློབ་གསོ་ཞིག་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་པ་བཅས་གཏན་ལ་ཕབ།

ཚོགས་ཐོག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་མང་ཚོགས་ཀྱི་རེ་སྒུག་ནན་མོ་ཡིན་པས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ངེས་པར་དུ་དམ་འཛིན་དང་ལེགས་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།