ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་མུ་མཐུད་དུ་བསྡུས་པ་དང་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གྲོས་ཚོགས་གྲོལ་བའི་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཚེས་ལྔ་ཉིན་ཧང་ཀྲིག་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་མུ་མཐུད་དུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གྲོས་ཚོགས་གྲོལ་བའི་ཤིས་ཚིག་ཕུལ།

དུས་རིམ་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་གྲོས་ཚོགས་སྟེང་། ཁོངས་གཏོགས་རྒྱལ་ཁབ་དང་སྐུ་མགྲོན་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བས་ཕན་འབྲས་སྔར་ལས་མཐོ་བའི་འཛམ་གླིང་དཔལ་འབྱོར་དངུལ་རྩའི་བཅོས་སྐྱོང་དང་། སྟོབས་དང་ལྡན་པའི་རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་གཏོང་། ཁོངས་ཡོངས་མཉམ་འགུལ་གྱི་རྣམ་པའི་འཕེལ་རྒྱས་སོགས་གྲོས་གཞིའི་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། ནམ་ཟླའི་འགྱུར་ལྡོག་དང་ཡུལ་གྱར་བ། འཇིགས་སྐུལ་ངོ་རྒོལ་དངུལ་བསྡུ། འཛམ་གླིང་སྤྱི་ཐུན་འཕྲོད་བསྟེན་སོགས་འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་གཞན་དག་ལ་མཉམ་དུ་གྲོས་སྡུར་བྱས་ཏེ། ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་བྱུང་།

ཕྱི་དྲོའི་ཆུ་ཚོད་ལྔ་ཡས་མས་སུ། མཐོ་རིམ་གྲོས་ཚོགས་ཡོངས་སུ་གྲོལ། ཞི་ཅིན་ཕེན་གྱིས་གྲོས་ཚོགས་གྲོལ་བའི་ཤིས་ཚིག་འབུལ་སྐབས་བསྟན་དོན། ཕན་འབྲས་ཕུན་སུམ་ཚོགས་པའི་གྲོས་སྡུར་ཟབ་མོ་བྱས་པ་བརྒྱུད་དེ། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག་ཏུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ནས་ཐུན་མོང་གི་ལྟ་བ་གལ་ཆེན་མང་པོ་བྱུང་། གཅིག ང་ཚོས་འཛམ་གླིང་དཔལ་འབྱོར་ལ་ཁ་ཕྱོགས་གསལ་བོ་སྟོན་པ་དང་བགྲོད་ལམ་ལ་འཆར་འགོད་བྱེད་པའི་ཆོད་སེམས་བསྟན། དེང་སྐབས་ཀྱི་འཛམ་གླིང་དཔལ་འབྱོར་གྱི་ཉེན་ཁ་དང་འགྲན་རྩོད་ལ་དམིགས་ནས། ང་ཚོས་མུ་མཐུད་དུ་ཆེ་ཕྱོགས་སྲིད་ཇུས་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། སྐྱིད་སྡུག་མཉམ་མྱོང་དང་མཉམ་ལས་མཉམ་རྒྱལ་གྱི་གྲོགས་པོའི་སྙིང་སྟོབས་དར་སྤེལ་བྱས་ཏེ། ལྟ་ཚུལ་གཅིག་སྡུད་དང་མཉམ་ལས་མཉམ་གྲུབ་ཀྱིས་འཛམ་གླིང་དཔལ་འབྱོར་སྟོབས་ལྡན་དང་རྒྱུན་སྲིང་། དོ་མཉམ། ཁོངས་ཡངས་བཅས་ཀྱི་ཕྱོགས་སུ་འཕར་སྣོན་འབྱུང་བར་ཡར་སྐུལ་བྱེད་དགོས། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་བསྟར་སྒོས་ནོར་སྲིད་དང་དངུལ་ལོར། སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སོགས་ནུས་ལྡན་སྲིད་ཇུས་ཀྱི་ལག་ཆ་སྣ་མང་བཀོལ་སྤྱོད་བཟང་པོ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་འཛམ་གླིང་དཔལ་འབྱོར་གྱི་འཕར་སྣོན་ལ་མཉམ་དུ་ཡར་སྐུལ་བྱེད་པའི་རྣམ་འགྱུར་བཟང་པོ་སྟོན་དགོས། གཉིས། ང་ཚོས་འཕར་སྣོན་བྱེད་ཐབས་གསར་གཏོད་བྱས་ཏེ་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་གསར་བ་སྣོན་པའི་ཆོད་སེམས་བསྟན། ང་ཚོ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གསར་གཏོད་འཕར་སྣོན་དཔེ་རིས་ལ་གཅིག་གྱུར་གྱིས་གྲོས་འཆམ་བྱུང་ནས། ཚན་རྩལ་གསར་གཏོད་སྲོག་ཤིང་ཡིན་ཞིང་། འཕེལ་རྒྱས་ལྟ་བ་དང་སྒྲིག་གཞི་རྐྱེན་སྲོལ། ཚོང་ལས་རྣམ་པ་སོགས་ཁྱོན་ཡོངས་དང་རིམ་པ་མང་པོ། ཁྱབ་ཁོངས་ཡངས་པོ་བཅས་ཀྱི་གསར་གཏོད་ལ་སྐུལ་ཁྲིད་བྱས་ཏེ། གསར་གཏོད་ཀྱི་གྲུབ་འབྲས་བརྗེ་རེས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་ཐག་བཅད་ཡོད་ལ། ང་ཚོས་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་འབད་བརྩོན་ཆེན་པོས་སྤེལ་ནས། འཛམ་གླིང་གི་འཕར་སྣོན་ལ་ལམ་གསར་བ་བཏོད་དེ། འཛམ་གླིང་དཔལ་འབྱོར་གྱི་དུས་ཡུན་རིང་འབྲིང་གི་འཕར་སྣོན་སྦས་ཤུགས་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་རྒྱུའི་ཐག་བཅད། གསུམ། ང་ཚོས་འཛམ་གླིང་དཔལ་འབྱོར་དངུལ་རྩའི་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས། འཛམ་གླིང་དཔལ་འབྱོར་གྱི་ཉེན་འགོག་ནུས་པ་མཐོར་འདེགས་བྱེད་རྒྱུའི་ཆོད་སེམས་བསྟན། ང་ཚོ་རྒྱལ་སྤྱིའི་དངུལ་རྩའི་ལས་ཁུངས་ཀྱི་འབོར་གྲངས་དང་བཅོས་སྐྱོང་སྒྲིག་གཞིའི་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་བཅོས་སྒྱུར་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པར་ཤུགས་བསྣན་ནས། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུའི་ཐག་བཅད། ང་ཚོས་ནུས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་དང་བསྐྱར་བཀོལ་ནུས་ཁུངས། ནུས་ཁུངས་ཕན་འབྲས་བཅས་ཐད་ནས་མཉམ་དུ་འགུལ་སྐྱོད་འཆར་གཞི་བཀོད་ཡོད་པ་དང་། མུ་མཐུད་དུ་རུལ་སུངས་འགོག་རྒོལ་མཉམ་ལས་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་བ་མང་པོ་བྱུང་ཡོད། བཞི། ང་ཚོས་རྒྱལ་སྤྱིའི་ཉི་ཚོང་དང་དངུལ་གཏོང་གི་སྒུལ་ནུས་ཆེན་པོ་གཉིས་ཀྱི་ནུས་པ་སླར་གསོ་བྱས་ཏེ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་སྒྲིག་འཛུགས་བྱེད་པའི་ཆོད་སེམས་བསྟན། ང་ཚོས་མཉམ་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཛམ་གླིང་ཉོ་ཚོང་འཕར་སྣོན་འཐབ་ཇུས་དང་འཛམ་གླིང་གི་ཕྱོགས་མང་དངུལ་གཏོང་སྒྲིག་སྲོལ་གྱི་སྒྲོམ་གཞི་ཐོག་མ་སྟེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཛམ་གླིང་དངུལ་གཏོང་མཛུབ་སྟོན་རྩ་དོན་ཞེས་པ་གཏན་འབེབས་བྱས་ཏེ། ཕྱོགས་མང་ཉོ་ཚོང་གི་སྒྲིག་གཞི་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་པ་དང་། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དམ་བཅའ་བསྐྱར་སྒྲོག་བྱས་ཡོད། ང་ཚོས་སྟོབས་དང་ལྡན་པའི་རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་གཏོང་གི་སྐུལ་འདེད་འོག་ཏུ། འཛམ་གླིང་དཔལ་འབྱོར་ལ་ཡང་བསྐྱར་གསོན་ཤུགས་ལྡན་པར་རེ་སྒུག་བྱས་ཡོད། ལྔ། ང་ཚོས་ཁོངས་ཡངས་དང་མཉམ་འགུལ་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཉམ་ལས་གྲུབ་འབྲས་ཀྱིས་འཛམ་གླིང་ལ་ཕན་ཐོགས་པར་བྱེད་པའི་ཆོད་སེམས་བསྟན། ང་ཚོས་ཐེངས་དང་པོར་འཕེལ་རྒྱས་ཀྱི་གནད་དོན་དེ་འཛམ་གླིང་ཆེ་ཕྱོགས་སྲིད་ཇུས་ཀྱི་སྒྲོམ་གཞིའི་འབུར་ཐོན་གོ་གནས་སུ་བཞག་པ་དང་། ཐེངས་དང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་གྲོས་རིམ་དངོས་འབེབས་བྱེད་པར་འགུལ་སྐྱོད་འཆར་གཞི་བཀོད་ལ། ཕ་རེ་སིའི་ཆོད་དོན་གྱིས་སྔ་མོ་ནས་ནུས་པ་ཐོན་པར་སྐུལ་འདེད་གཏོང་རྒྱུར་འཐད་པ་བྱུང་བ་མ་ཟད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་དང་ཆེས་དར་རྒྱས་མི་ཆེ་བའི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱེད་པའི་གྲོས་གཞི་དང་འཛམ་གླིང་གི་རྨང་གཞིའི་སྒྲིག་ཆས་མཉམ་འབྲེལ་མཉམ་གཏོང་མནའ་འབྲེལ་གྱི་གྲོས་གཞི་བཏོན་པ་དེས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་ཕན་འདོགས་ཐུབ་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་ཐུབ་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཉེན་ཚབས་ལ་ཁ་གཏད་འཇལ་བའི་སྒྲིག་གཞི་ནས་ཡུན་ཕན་བཅོས་སྐྱོང་སྒྲིག་གཞིའི་ཕྱོགས་སུ་སྒྱུར་བ་དང་། དུས་ཡུན་ཐུང་ངུའི་སྲིད་ཇུས་ལ་གཙིགས་འཛིན་བྱེད་པ་དང་དུས་ཡུན་རིང་འབྲིང་གི་སྲིད་ཇུས་ལ་གཙིགས་འཛིན་བྱེད་པའི་ཕྱོགས་སུ་སྒྱུར་བའི་དགོས་མཁོ་ཧ་ཅང་ཆེ། ང་ཚོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མུ་མཐུད་དུ་འཛམ་གླིང་དཔལ་འབྱོར་ཐད་གནས་པའི་ཆེས་འབུར་དུ་ཐོན་པ་དང་ཆེས་གལ་ཆེ་བ། ཆེས་དགོས་གཏུག་ཆེ་བའི་འགྲན་རྩོད་ལ་དམ་དུ་དམིགས་ནས། སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། སྒྲིག་གཞི་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། ཕན་འབྲས་དངོས་འབེབས་ནན་མོ་བྱེད་པ་བཅས་བྱས་ཏེ། འཛམ་གླིང་དཔལ་འབྱོར་སྟོབས་ལྡན་དང་རྒྱུན་སྲིང་། དོ་མཉམ། ཁོངས་ཡངས་བཅས་ཀྱི་ཕྱོགས་སུ་འཕར་སྣོན་འབྱུང་བར་ཁྲིད་སྟོན་བྱེད་པར་མཉམ་དུ་རྒྱབ་སྐྱོར་བྱེད་རྒྱུའི་ཆོད་སེམས་བསྟན་པ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་ཕྱོགས་སོ་སོས་འཛམ་གླིང་དཔལ་འབྱོར་གྱི་འཕར་སྣོན་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཞུས། ཞི་ཅིན་ཕེན་གྱིས་བསྟན་དོན། ང་ཚོ་ཐུན་མོང་གི་འབད་བརྩོན་འོག་ཏུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཕུན་སུམ་ཚོགས་པའི་ངང་གྲོལ། ཐེངས་འདིའི་གྲོས་ཚོགས་ནི་མགོ་རྩོམ་ས་གསར་བ་ཞིག་ཏུ་འགྱུར་བར་ཡིད་ཆེས་ཡོད་ཟེར།

ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་གྱིས་ཧན་པའོ་མཐོ་རིམ་གྲོས་ཚོགས་བསྡུ་བའི་ཐད་ཀྱི་བསམ་གཞིགས་མཚམས་སྦྱོར་བྱས།

གྲོས་ཚོགས་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ལ་གྲོས་འཆམ་བྱུང་།

ཝང་ཧུའུ་ཉིན་དང་ཝང་ཡང་། ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།