ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཅང་ཞི་ནས་རྟོག་ཞིབ་མཛད་སྐབས་གནས་རྙིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་འཛུགས་སྐྲུན་གྱི་མི་འདང་སར་ཤུགས་བསྣན་ནས་བཅོས་སྒྱུར་སྒོ་འབྱེད་ཁྲོད་དུ་དབུས་ཕྱོགས་ཀྱི་དར་རྒྱས་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཚེས་ཉེར་གཉིས་ཉིན་ནས་ཉེར་བཞི་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅང་ཞི་ཞིང་ཆེན་གྱི་ཀན་ཀྲིག་དང་ནན་ཁྲང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་མཛད།

ཀན་ནན་ནི་སྔོན་ཆད་ཀྱི་ཀྲུང་དབྱང་གི་སུའུ་ཝེ་ཨེ་ལས་འགུལ་སྤེལ་ས་གཙོ་བོ་རེད། ལིས་ཁི་ཆང་རོས་ཅིན་གྲོང་ཁྱེར་ཡེ་ཕེན་ཞང་ཧོང་ཧྲ་སྡེ་བར་ཕེབས་ནས། ས་ཁང་བསྒྱུར་བཀོད་བྱས་པ་བརྒྱུད་དེ་སྡེ་མི་ཚོ་ཁོད་ཡངས་པའི་ཁང་པ་གསར་བའི་ནང་སྤར་བ་དང་། འཚོ་བ་བདེ་སྐྱིད་ལྡན་པ་མཐོང་སྟེ་ཁོང་དགའ་སྤྲོ་ཆེན་པོ་སྐྱེས། ཧོང་པད་ཞང་ཆི་ཏིན་རྟེན་གཞི་ནས། ལིས་ཁི་ཆང་གིས་ཡུལ་མི་ཚོས་མཉམ་འབྲེལ་དྲ་སྣོན་བཀོལ་ནས་ཁྲོམ་ར་རྒྱ་བསྐྱེད་པ་དང་། ཡོང་སྒོ་ཇེ་མང་དུ་བཏང་བར་ཁས་ལེན་མཛད། ཁོང་གིས་གསུངས་རྒྱུར། དབུས་ནུབ་རྒྱུད་ས་ཁུལ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ས་ཆེས་ཆེན་པོ་ཡིན་ལ། སྒུལ་ནུས་རྙིང་པ་བསྒྱུར་སྤོར་ཐད་ནས་བྱས་རྗེས་ཆེན་པོ་བཞག་ཆོག་པས། ཚན་རྩལ་ཡར་ཐོན་ལ་བརྟེན་པ་དང་ཕྱོགས་སོ་སོ་ཟབ་ཞུགས་བྱེད་པར་འགུག་པ། ཐོན་ལས་སྒྲིག་གཞི་མྱུར་དུ་ལེགས་སྒྲིག་བྱེད་པ། སྒུལ་ཤུགས་གསར་བ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས། ལྷག་པར་དུ་གནས་རྙིང་གི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བར་བྱས་ཏེ། དུས་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། ལིས་ཁི་ཆང་ད་དུང་ཞིང་ཁར་སོང་ནས་ཞིང་པ་རྣམས་དང་ཁ་བརྡ་བྱས་པ་དང་། འབྲུ་རིགས་འཁོར་རྒྱུག་སྒྲིག་གཞིའི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཞིང་ཕན་སྲིད་ཇུས་དེ་ཞིང་པའི་སྟེང་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཀན་ཀྲིག་གི་ཁང་རྙིང་བསྒྱུར་བཀོད་བཟོ་སྐྲུན་ལ་རྟོག་ཞིབ་མཛད་སྐབས། ལིས་ཁི་ཆང་གིས་གནས་རྙིང་གི་མང་ཚོགས་སྔ་མོ་ནས་ཁང་པ་གསར་བའི་ནང་སྤོར་དུ་འཇུག་དགོས་པའི་མངགས་བཅོལ་གནང་། ལིས་ཁི་ཆང་ཆེད་དུ་རོས་ཅིན་གྲོང་ཁྱེར་ཡེ་ཕེན་གསར་བརྗེའི་གནས་རྙིང་དུ་ཕེབས་ནས། དམར་དམག་སྔོན་གཤེགས་དཔའ་བོའི་མཆོད་རྟེན་ལ་མེ་ཏོག་གི་ཕྲེང་བ་ཕུལ། ཁོང་གིས་གསར་བརྗེའི་གོམས་སྲོལ་རྒྱུན་འཛིན་བྱེད་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་ལམ་སྟེང་བྱས་རྗེས་གསར་བ་སྐྲུན་དགོས་ཞེས་གསུངས།

ལིས་ཁི་ཆང་ཀན་ཀྲིག་ཧྥུའུ་ནུན་ཀུང་ཟི་རུ་ཕེབས་ནས། ཁོ་ཚོས་རྒྱལ་ནང་གི་ཁེ་ལས་ལ་མཉམ་ལས་བྱས་ཏེ་ཐོན་སྐྱེད་ཉེར་མཁོའི་སྒྲིག་ཆས་གཏན་ཁེལ་གསར་བཟོ་བྱེད་བཞིན་པ་གོ་ནས། ཁོང་གིས་རྣམ་པ་དེས་སྒྲིག་ཆས་གསར་གཏོད་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱེད་ཐུབ་པ་དང་། བཟོ་ལས་གསར་བཟོའི་དགོས་མཁོ་ཆེན་པོ་སྐྲུན་ཐུབ་པས། ཁྱབ་གདལ་དུ་གཏོང་འོས་ལ། ཉིས་སྟོང་ཉེར་ལྔ་ལོའི་ཀྲུང་གོའི་གསར་བཟོ་ཞེས་པའི་འཆར་གཞི་ལག་བསྟར་བྱེད་པའི་ཁྲོད་དུ་སྒུལ་ནུས་གསར་བ་སྐྱེད་སྲིང་དང་སྲོལ་རྒྱུན་གྱི་སྒུལ་ནུས་བསྒྱུར་བཀོད་མཐོར་འདེགས་གཏོང་བར་ཡར་སྐུལ་བྱེད་དགོས། ནན་ཁྲང་ཅིན་ནུན་ཀུང་ཟི་ནས། ལིས་ཁི་ཆང་གིས་ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཚད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་རྒྱུ་ཡིན་ལ། ཁྱོད་ཚོས་སྤོབས་པ་ཆེན་པོས་ཡང་རྩེར་སྙེག་པ་དང་། སྔོན་ཐོན་ལག་རྩལ་དེ་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་ནས། འཛམ་གླིང་དུ་གྲགས་པའི་ཀྲུང་གོའི་ཐོན་རྫས་སྐྲུན་རྒྱུའི་སྐུལ་མ་བཏང་།

ལིས་ཁི་ཆང་ནན་ཁྲང་ཆུ་ལོག་འགོག་པའི་བཟོ་སྐྲུན་གྱི་ཡུལ་དངོས་སུ་ཕེབས་ནས། ལས་ཀ་བར་འཚམས་འདྲི་མཛད། ཁོང་གིས་གསུངས་རྒྱུར། ད་ལོར་འབྲི་ཆུའི་འབབ་རྒྱུད་དེ་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོའི་ཚུན་གྱི་ཆེས་ཆེ་བའི་ཆུ་ལོག་བྱུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། ཚན་རིག་ལྟར་ཆུ་ལོག་འགོག་པ་དང་གནས་སྤར་ནས་ཉེན་ཁར་གཡོལ་བ། འོས་འཚམ་སྒོས་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པས། ཆུ་ལོག་འགོག་པ་དང་ཉེན་ཁ་སེལ་བར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ནས། མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་འབྱུང་ཚད་ཆེས་ཆེར་ཇེ་ཉུང་དུ་བཏང་ཡོད། ད་ལྟ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དུས་སྐབས་དམ་འཛིན་བྱས་ཏེ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ལོ་འགའི་དུས་ཚོད་སྤྱད་དེ་མི་འདང་སར་ཁ་གསབ་བྱེད་པ་དང་མང་ཚོགས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

རྟོག་ཞིབ་མཛད་སྐབས། ལིས་ཁི་ཆང་གིས་འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་རུ་བརྩིས་ཏེ། རིམ་པ་སོ་སོ་དང་ཕྱོགས་སོ་སོས་འཕེལ་རྒྱས་གཉེར་བའི་བརྩོན་སེམས་ཆེས་ཆེར་བསྐྱེད་དགོས་ཞེས་ནན་གྱིས་བསྟན། ཁོང་གིས་ཅང་ཞིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ། ཅང་ཞིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་བྱས་ཏེ། དབུལ་རྒྱུད་དར་རྒྱས་སུ་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱེད་པ། དབུལ་སྐྱོར་མཁྲེགས་གཏོར་བཅས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པའི་ཐུགས་རེ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།