ཀྲུང་གོ་བོད་ཀྱི་དྲ་བ།

བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་ཞི་ཅིན་ཕེན་གྱིས་སྐམ་དམག་ལས་ཁུངས་ལ་གཟིགས་ཞིབ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.jpg

བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་སྐམ་དམག་ལས་ཁུངས་ལ་གཟིགས་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་སྐམ་དམག་ལས་ཁུངས་ལ་གཟིགས་ཞིབ་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་སྐམ་དམག་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། མི་དམངས་བཅིངས་འགྲོལ་གི་བཀོད་འཐབ་པ་ཚང་མ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཚང་མ། དམངས་དམག་དང་དམག་གྲབས་མི་སྣ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་མཛད། ཁོང་གིས་གསུངས་རྒྱུར། ཏང་གིས་གནས་བབ་གསར་བའི་འོག་ཏུ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། ཆ་འཕྲིན་ཅན་གྱི་དུས་སྐབས་སུ་སྐམ་དམག་འཛུགས་སྐྲུན་རྣམ་པ་དང་བཀོལ་སྤྱོད་བྱེད་ཐབས་གསལ་བོར་ཤེས་པར་བྱེད་པ་དང་། འཕྲུལ་སྒུལ་དམག་འཐབ་དང་ཕྱོགས་མང་འགོག་སྲུང་གི་འཐབ་ཇུས་རེ་བ་ལྟར། རྐང་འཛུགས་ས་གསར་བ་ནས་སྐམ་དམག་ཚུལ་སྒྱུར་འཛུགས་སྐྲུན་མྱུར་དུ་ལག་བསྟར་བྱས་ནས། ཧུར་ཐག་སྒོས་སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་རྣམ་པ་གསར་བའི་སྐམ་དམག་འཛུགས་སྐྲུན་བྱེད་དགོས་ཟེར།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། ཞི་ཅིན་ཕེན་སྐམ་དམག་ལས་ཁུངས་ལ་ཕེབས་ཏེ་སྐམ་དམག་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་འཐུས་མི་ཡོངས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག པར་བླངས་རྗེས་ཞི་ཅིན་ཕེན་གྱིས་སྐམ་དམག་ལས་ཁུངས་ཀྱི་བཀོད་སྒྲིག་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཐེངས་འདིའི་བཅོས་སྒྱུར་ལས་གསར་དུ་བཙུགས་པའི་ལས་ཁུངས་ཅུང་མང་བས། ཞི་ཅིན་ཕེན་གྱིས་འབྲེལ་ཡོད་ཕྱོགས་སོ་སོས་ཧུར་ཐག་སྒོས་དཔོན་དམག་གི་དཀའ་ཁག་བསལ་ཏེ། བྱ་བ་དང་འཚོ་བའི་ཆ་རྐྱེན་བཟང་བོ་སྐྲུན་དགོས་པའི་རེ་བ་བཏོན།

ཞི་ཅིན་ཕེན་གྱིས་སྐམ་དམག་གི་བྱ་བའི་ཡར་ཞུ་ལ་ཉན་རྗེས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། སྐམ་དམག་ཚུལ་སྒྱུར་འཛུགས་སྐྲུན་གྱི་ཆབ་སྲིད་ཁག་ཐེག་བྱེད་དགོས། ཏང་གིས་དམག་དཔུང་ལ་མགོ་ཁྲིད་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀོད་འདོམས་ལ་ཉན་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་གསར་སྐྲུན་ནུས་པ་དང་གཅིག་སྡུད་སྟོབས་ཤུགས། འཐབ་འཛིང་ནུས་པ་ཇེ་ཆེར་གཏོང་བ་དང་མགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སློབ་གཉིས་བྱེད་གཅིག་སློབ་སྦྱོང་དང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ལ་ཤུགས་སྣོན་པ་དང་གཞི་རིམ་གྱི་རྨང་གཞི་བརྟན་པོར་འདིང་བའི་བྱ་བ་བཟང་བོར་བསྒྲུབ་དགོས། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། སྐམ་དམག་ཚུལ་སྒྱུར་འཛུགས་སྐྲུན་གྱི་རེ་བ་མཐུན་པའི་རྣམ་པ་གསར་བའི་དམག་དོན་ཤེས་ལྡན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥ་ཁྲང་ལུང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་སོགས་བྱ་འགུལ་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།