ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡུང་གིས་ཧི་པེ་ཞིང་ཆེན་གྱི་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་གཉིས་ཀྱི་མངགས་བཅོལ་ལྟར། རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་གནོད་སེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཡུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཁྲིད་དེ་ཧི་པེ་ཞིང་ཆེན་ལ་ཕེབས་ནས། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་བ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་བར་མཛུབ་སྟོན་མཛད།

ཝང་ཡུང་གིས་ནན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་གཉིས་ཀྱི་ཆུ་ལོག་འགོག་པ་དང་གནོད་སེལ་རྒུད་སྐྱོབ་བྱ་བའི་སྐོར་གྱི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་ཁག་ཐེག་བྱེད་པ་གོ་གནས་དང་པོར་བཞག་སྟེ། སྔར་ལས་ནན་ཏན་སྒོས་བྱ་བ་སྒྲུབ་པ་དང་། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་ལ་བཀོད་སྒྲིག་བཟང་བོ་བྱེད་པ་དང་། ཁག་ཐེག་བཟང་བོ་བྱེད་པ། ཞབས་ཕྱི་བཟང་བོ་སྒྲུབ་དགོས་ཟེར།

ཚེས་ཉེར་བཞི་ཉིན། ཝང་ཡུང་སྔ་གཞུག་ཏུ་ཧི་པེ་ཞིང་ཆེན་གྱི་ཧན་ཏན་དང་ཞིན་ཐའེ། ཧྲི་ཅ་ཀྲོང་བཅས་ས་ཁུལ་གྱི་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་ས་དང་གནོད་ཐེབས་གྲོང་སྡེར་ཕེབས་ཏེ། གནས་སྐབས་སུ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་སའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པ་དང་། ཁོ་ཚོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྩེ་བའི་འཚམས་འདྲི་བརྒྱུད་སྒྲོག་མཛད།

ཝང་ཡུང་གིས་གསུངས་རྒྱུར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་རེ་བ་ལྟར། སྔར་ལས་ནུས་ལྡན་བྱེད་ཐབས་སྤྱད་དེ། གནོད་ཐེབས་མང་ཚོགས་ལ་བཀོད་སྒྲིག་བཟང་བོ་བྱེད་དགོས་ལ། གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་། རིམ་པ་བཞིན་དུ་འགན་འཁྲི་ལག་བསྟར་བྱས་ནས། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་སྟེ། གནོད་ཐེབས་མང་ཚོགས་ཀྱི་དཀའ་ཁག་སེལ་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།