ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས«དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གཉིས་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས«དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གཉིས་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ། བསམ་འཆར་ལས་རྒྱལ་ཁབ་བདེ་འཇགས་དང་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། གནས་བབ་གསར་བའི་འོག་གི་དམག་དམངས་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་བསམ་ཕྱོགས་དང་ལས་འགན་གཙོ་བོ། སྲིད་ཇུས་དང་བྱེད་ཐབས་བཅས་གཏན་འཁེལ་གསལ་བོ་བྱས་པས། དེ་ནི་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གཉིས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།

«བསམ་འཆར»ལས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གཉིས་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་མཛུབ་སྟོན་བསམ་བློ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ་བཅས་ཀྱི་དགོངས་དོན། ཏིན་ཞོ་ཕེན་གྱི་རིགས་གཞུང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལྟར། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཉིས་ལྟ་རྟོག་དང་རྒྱལ་ཁབ་ཕྱུག་སྒྱུར་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བ་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ནས། བཅོས་སྒྱུར་ཟབ་སྤེལ་དང་གཅིག་གྱུར་འཆར་འགོད། མཉམ་དུ་ཡར་སྐུལ་གཏོང་བ། སྒྲིག་གཞི་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྲིད་ཇུས་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱེད་པ། མཉམ་འདྲེས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གཉིས་མཐུན་སྦྱོར་སྒོས་འཕེལ་རྒྱས་དང་དོ་མཉམ་སྒོས་འཕེལ་རྒྱས། ལྟ་རྟོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་གཏན་ལ་ཕབ།

«བསམ་འཆར»ལས་ངེས་པར་དུ་ནུས་ལྡན་བྱེད་ཐབས་སྤྱད་དེ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ལ། མཁོ་སྤྲོད་འབྲེལ་འདྲིས་ཚད་ལྡན་དུ་གཏོང་བ་དང་། ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། རྒྱབ་སྐྱོར་གྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས། སྒྲིག་སྲོལ་གྱི་ཚད་གཞི་འཐུས་ཚང་དུ་བཏང་ནས། ལྟ་སྐུལ་དཔྱད་འཇོག་ལ་ཤུགས་སྣོན་དགོས་པ་བཅས་ཀྱི་རེ་བ་བཏོན།

«བསམ་འཆར»ལས་ནན་གྱིས་བཀོད་དོན། དམག་དཔུང་དང་ས་གནས་གཉིས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། གཞི་གཅིག་ཅན་གྱི་བསམ་བློ་དམ་པོར་བཅངས་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་སྟེ། བཅོས་སྒྱུར་གསར་གཏོད་ལ་ཤུགས་སྣོན་པ་དང། འཐབ་ཇུས་འཆར་འགོད་ལ་ཤུགས་སྣོན་པ། ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་པ་བཅས་བྱས་ནས། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་བྱ་བར་སྐུལ་འདེད་གཏོང་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།