ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

                        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཝུའུ་ལན་པ་ཐོ་ཡིས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཝུའུ་ལན་པ་ཐོ་ཡིས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་མཇལ་འཕྲད་གནང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་སོགས་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་འཇར་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཉེ་སྔོན་སྤེལ་བའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་སྐོར་ཐེངས་བཞི་བའི་ཕན་འབྲས་དངོས་འབེབས་གང་ལེགས་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ཇེ་ཟབ་ཏུ་བཏང་ནས། མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དང་མཉམ་ལས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཉིན་འགའི་སྔོན་ལ་ཧྥ་རན་སིའི་ནེ་སི་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་དེས་འཛམ་གླིང་ཡ་ང་བར་བྱས་པ་དང་། དབྱིན་ཇིའི་སྤྱི་དམངས་ཀྱིས་འདེམ་ཤོག་འཕངས་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་བུད་པ་དེས་ཀྱང་རྒྱལ་སྤྱིའི་དངུལ་རྩ་ཁྲོམ་རའི་བརྟན་འཇགས་ལ་བར་ཆད་བཟོས་ཡོད། གོང་གི་དོན་དག་དེ་གཉིས་ལས་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གནད་དོན་དང་འགྲན་རྩོད་མི་ཉུང་བར་འཕྲད་ཡོད་པ་གསལ་བོར་མཚོན་ཡོད། ཀྲུང་གོས་འཇིགས་སྐུལ་རིང་ལུགས་ཡོད་ཚད་ལ་ངོ་རྒོལ་བྱེད་པ་ཡིན་ལ། ང་ཚོས་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་འགྱུར་བ་མེད་པར་རྒྱབ་སྐྱོར་བྱེད་པ་དང་། དར་རྒྱས་དང་བརྟན་འཇགས་ཀྱི་ཡོ་རོབ་གླིང་ཞིག་བྱུང་ན་ཕྱོགས་སོ་སོའི་ཁེ་ཕན་དང་མཐུན་པར་འདོད་ཡོད། ཀྲུང་གོས་འཇར་མན་དང་བཅས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་འཕེལ་རྒྱས་གོང་འཕེལ་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ད་དུང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་པའི་གྲོས་ཆོད་ཡི་གེའི་དོན་ཚན་བཅོ་ལྔ་བའི་འོས་འགན་ལག་བསྟར་བྱེད་པའི་གནད་དོན་ཐད་ནས་ཀྲུང་གོའི་ལངས་ཕྱོགས་རྒྱས་བཤད་མཛད། ཁོང་གིས་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་ནི་ཉོ་ཚོང་གི་གྲོགས་པོ་གལ་ཆེན་ཡིན་ལ། གནད་དོན་དེ་ནི་ཁེ་ལས་དང་ཁྲོམ་རས་ཁྲིམས་སྐྱོང་དང་རྒྱལ་སྤྱིའི་སྒྲིག་སྲོལ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྱོར་ཚོང་འབྲེལ་བ་བཅས་ཀྱི་ཐད་བཅངས་པའི་ཡིད་ཆེས་དང་འབྲེལ་བ་ཡོད་པས། ཡོ་རོབ་གླིང་ཕྱོགས་ཀྱིས་དེར་གཟབ་ནན་གྱི་རྣམ་འགྱུར་བཅངས་ནས་དུས་ལྟར་འོས་འགན་ལག་བསྟར་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ལ། ང་ཚོས་འཇར་མན་ཕྱོགས་ཀྱིས་གནད་དོན་དེ་འོས་འཚམ་སྒོས་ཐག་གཅོད་པར་སྐུལ་འདེད་གང་ལེགས་གཏོང་རྒྱུར་རེ་སྒུག་བྱས་ཡོད་ཅེས་གསུངས།

མཱོ་ཁི་ཨར་གྱིས་བསྟན་དོན། འཇར་མན་དང་ཀྲུང་གོའི་ཙུང་ལིས་རྒྱུན་ལྡན་རང་བཞིན་གྱི་གྲོས་མོལ་སྲུང་འཛིན་བྱེད་བཞིན་ཡོད་པ་འདིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་མོ་མཚོན་ཡོད། འཇར་མན་གྱིས་ཡོ་རོབ་གླིང་གི་གནས་བབ་ཀྱི་ཆེས་གསར་བའི་འཕེལ་རྒྱས་ཐད་ནས་ཀྲུང་གོར་འབྲེལ་འདྲིས་བྱེད་འདོད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་བུད་པའི་ཤན་ཤུགས་ལ་འོས་འཚམ་སྒོས་ཁ་གཏད་འཇལ་དགོས་པ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས། ཀྲུང་གོ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཡིད་ཆེས་ཆོག་པ་དང་བློ་གཏད་ཆོག་པའི་གྲོགས་པོ་ཡིན་ལ། འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་ལས་ལུགས་མཐུན་དང་དོན་དངོས་ཀྱི་རྣམ་འགྱུར་བཅངས་ནས་ཀྲུང་གོར་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་ཟེར།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།