ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་འཕྲིན་བཅར་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་འཕྲིན་བཅར་བྱ་བ་བཟང་བོར་བསྒྲུབ་ནས། འཕྲིན་བཅར་གྱི་འབུར་ཐོན་གནད་དོན་འོས་འཚམ་གྱིས་ཐག་གཅོད་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱོད་པ་དང་། འབད་བརྩོན་ཆེན་པོས་འཕྲིན་བཅར་བྱ་བའི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། མང་ཚོགས་ཀྱི་ལུགས་མཐུན་ཡིན་ཞིང་ཁྲིམས་དང་མཐུན་པའི་ཁེ་ཕན་གྱི་རེ་འདོད་ཐག་གཅོད་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་བསྟན་དོན། དེང་སྐབས་མང་ཚོགས་ཀྱིས་འཕྲིན་བཅར་གྱི་ལམ་ནས་མཚོན་པར་བྱས་པའི་གནད་དོན་འབུར་ཐོན་ཡིན་པ་དང་། དེའི་ནང་དུ་དོན་དག་གསར་བ་ཡོད་པ་མ་ཟད། དཀའ་གནད་རྙིང་བ་ཡང་ཡོད་མོད། ཡིན་ནའང་ཚང་མ་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་ཞིང་། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ལ་འབྲེལ་ཡོད་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཧ་ཅང་མཐོང་ཆེན་བྱེད་པ་དང་། འགན་འཁྲི་གཟབ་ནན་གྱིས་ཕྲག་ཏུ་ཁུར་ནས། བཅའ་ཁྲིམས་དང་སྲིད་ཇུས། དཔལ་འབྱོར། སྲིད་འཛིན་སོགས་ཀྱི་བྱེད་ཐབས་དང་། སློབ་གསོ་གཏོང་བ་དང་འདུམ་སྒྲིག་བྱེད་པ། ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐབས་ལམ་ཕྱོགས་བསྡུས་ཀྱིས་སྤྱད་དེ། མང་ཚོགས་ཀྱི་ལུགས་མཐུན་ཡིན་ཞིང་ཁྲིམས་དང་མཐུན་པའི་ཁེ་ཕན་ཐད་ཀྱི་རེ་འདོད་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཉེན་ཁར་ཞིབ་འཇུག་བརྡར་གཅོད་བྱེད་པར་ཤུགས་སྣོན་པ་དང་། རྩ་བ་ནས་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ཏེ། འགལ་བ་དང་རྩོད་གཞི་རྣམས་གཞི་རིམ་ནས་ཐག་གཅོད་པ་དང་། ཐོག་མ་ཉིད་ནས་ཐག་བཅད་ནས། གནད་དོན་ཆུང་ངུ་དེ་གནད་དོན་ཆེན་པོར་མི་འགྱུར་བར་བྱེད་པ་དང་། རྒྱུན་ལྡན་རང་བཞིན་གྱི་གནད་དོན་དེ་འཕྲིན་བཅར་གྱི་འབུར་ཐོན་གནད་དོན་དུ་མི་འགྱུར་བར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།