ཕྲུ་གུ་ཚོས་བོད་ཀྱི་སྲོལ་རྒྱུན་ཞབས་བྲོ་འཁྲབ་བཞིན་པ།
“སྔོ་ལྗང་གི་ལོ་མ། དམར་མདོག་གི་མེ་ཏོག སེ་འབྲུ་རྡོག་པོ་དེ་ང་ཚོ་དང་འདྲ་བོ་འདུག རྔམ་བརྗིད་ལྡན་པའི་རྒྱལ་ཁབ། དྲོད་ཁོལ་འཁྱིལ་བའི་རང་ཁྱིམ། མི་རིགས་ང་དྲུག་ཁྱིམ་ཚང་གཅིག་ཡིན……”ཞེས་ཟླ10པའི་ཚེས8ཉིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ལྟེ་བའི་འོད་ཟེར་བྱིས་གཉོར་ཁང་གི་སློབ་ཁང་དུ་སྙན་འཇེབས་ལྡན་པའི་བྱིས་པའི་གླུ་སྐད་ལྷང་ལྷང་དུ་གྲགས།
“ཕྲུ་གུ་ཚོས་མི་རིགས་སོ་སོ་ཁྱིམ་ཚང་གཅིག་ཡིན་ཞེས་བླངས་པའི་བྱིས་གླུ་རེ་རེས་ཁོ་ཚོའི་དྭངས་གཙང་ལྷད་མེད་ཀྱི་བྱིས་བློ་འབའ་ཞིག་མཚོན་པར་བྱས་པ་ཙམ་ཡིན་མོད། འོན་ཀྱང་དེས་ཁོ་ཚོའི་ནང་སེམས་སུ་མཐུན་སྒྲིལ་མེ་ཏོག་གི་ས་བོན་བཏབ་ཡོད”ཅེས་གླིང་གཙོ་འགྱུར་མེད་དཔལ་མོས་བཤད་རྒྱུར། རྒྱལ་སྟོན་དུས་ཆེན་རྗེས་ཀྱི་ཉིན་དང་པོར་བྱིས་གཉོར་ཁང་གིས་འཛིན་གྲྭ་ཆེ་གྲས་ཀྱི་ཕྲུ་གུ་ཁག་གཅིག་རྩ་འཛུགས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་བྱིས་གླུ་གསར་པ་ལེན་རྒྱུ་སློབ་སྦྱོང་བྱེད་པ་དེ་སློབ་གྲྭར་ཕྱིར་ལོག་པའི་སློབ་ཚན་དང་པོར་བརྩིས་པ་ཡིན་ཟེར།
གླིང་གཙོ་འགྱུར་མེད་དཔལ་མོས་མི་རིགས་སོ་སོའི་གྲོགས་པོ་ཆུང་ཆུང་ཚོས་མི་རིགས་མཐུན་སྒྲིལ་ལ་ངོས་འཛིན་ཚད་ཇེ་ཟབ་ཏུ་གཏོང་བ་དང་། ཁོ་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོར་རྒྱུས་ལོན་བྱེད་པར་ཤུགས་སྣོན་ཆེད།བྱིས་གཉོར་ཁང་གིས་མི་རིགས་སོ་སོའི་རིག་གནས་རྒྱུན་གཏན་གྱི་སློབ་ཁྲིད་ནང་བཅུག་ཡོད་ཅེས་ངོ་སྤྲོད་བྱས་ཤིང་། དགེ་རྒན་དང་ཕྲུ་གུ་ཚོས་མཉམ་དུ་མི་རིགས་མཐུན་སྒྲིལ་སྐོར་གྱི་སྒྲུང་གཏམ་ཀློག་པ་དང་སློབ་ཕྱིའི་བྱ་འགུལ་ནང་ཞུགས་ཏེ། གྲོགས་པོ་ཆུང་ཆུང་ཚོར་མི་རིགས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་ཤེས་སུ་བཅུག་པ་དང་། ཁོ་ཚོར་ཆུང་དུས་ནས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་གསོ་སྐྱོང་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཕྲུ་གུ་ཚོའི་སེམས་སུ་བཞད་པར་བྱེད་དགོས་ཞེས་བཤད།
དཔེ་ཀློག་སློབ་ཁང་དུ་སྐྱོད་སྐབས། སྒྲོམ་སྟེགས་སྟེང་བྱིས་པའི་རི་མོའི་དཔེ་དེབ་སྣ་ཚོགས་ཀྱིས་བཀང་འདུག་པ་དང་། དགེ་རྒན་དོན་འགྲུབ་དཔལ་མོ་དང་ཕྲུ་གུ་ཚོས་སྤྲོ་སྣང་ཆེན་པོས་ལྟ་ཀློག་བྱེད་བཞིན་མཆིས། “བྱིས་གཉོར་ཁང་དུ་བོད་རིགས་ཡོད་པ་མ་ཟད། ད་དུང་ཧོས་རིགས་དང་རྒྱ་རིགས་ཀྱང་ཡོད། དུས་རྒྱུན་ཚང་མས་མཉམ་དུ་རི་མོའི་དཔེ་དེབ་ལ་བལྟ་བ་དང་རི་མོ་སྦྱོང་བ་སོགས་བྱས་ཐོག ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མི་རིགས་ཀྱི་ལོ་རྒྱུས་གཏམ་རྒྱུད་ཤེས་རྟོགས་བྱས་ཏེ། མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན་དུས་ཆེན།དམིགས་བསལ་གྱི་རིག་གནས་ནང་དོན་བཅས་ཤེས་རྟོགས་བྱེད་ཀྱི་ཡོད”ཅེས་དོན་འགྲུབ་དཔལ་མོས་བཤད།
“གྲོགས་པོ་ཆུང་ཆུང་ཚོ། ཁྱེད་ཚོས་ཤོག་ལྷེ་འདིའི་ཐོག་ཏུ་མི་རིགས་ཀྱི་གོས་རྒྱན་གྱོན་པའི་མི་དེ་མི་རིགས་གང་གི་ཡིན་པ་ཤེས་སམ”
“བོད་རིགས་རེད”ཅེས་འཛིན་གྲྭ་ཆེ་བ་དང་པོའི་གྲོགས་པོ་ཆུང་ཆུང་ཕུར་བུ་རྣམ་རྒྱལ་གྱིས་དེ་ལྟར་བཤད།
བྱིས་གཉོར་ཁང་ཆུང་ཆུང་ལ་མཐུན་སྒྲིལ་གྱི་བརྩེ་བས་ཁེངས། ཕུར་བུ་རྣམ་རྒྱལ་ནི་བྱིས་གཉོར་ཁང་གི“སེམས་རྩ་འཁོལ་པོ་ཡོད་མཁན”ཞིག་ཡིན་ཞིང་།དུས་རྒྱུན་རང་ཉིད་ཀྱིས་བསམ་བློ་གཏོང་བ་དང་ལག་པ་འགུལ་རྒྱུར་ཧ་ཅང་དགའ་པོ་ཡོད་པ་མ་ཟད།ད་དུང་ཉེ་འགྲམ་གྱི་གྲོགས་པོ་ཆུང་ཆུང་ཚོར་ཡང་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད། “ད་ལོ་བྱིས་གཉོར་ཁང་གི་མི་རིགས་རིག་གནས་ཀྱི་གར་སྟེགས་ཟློས་གར་འཁྲབ་སྟོན་བྱེད་སྐབས། ཕུར་བུ་རྣམ་རྒྱལ་གྱིས་རང་འགུལ་ངང་མི་རིགས་གཞན་གྱི་གྲོགས་པོ་ཆུང་ཆུང་ཚོ་གདན་དྲངས་ཏེ་ཁོ་དང་མཉམ་དུ་འཁྲབ་སྟོན་བྱས་པ་མ་ཟད།ད་དུང་འཁྲབ་ཆས་བཟོ་སྐབས་ཇུས་འགོད་པ་ཆུང་ཆུང་ཞིག་ཏུ་གྱུར་ཡོད”ཅེས་དོན་འགྲུབ་དཔལ་མོས་གསར་འགོད་པར་བཤད།
དོན་འགྲུབ་དཔལ་མོའི་སྣེ་ཁྲིད་འོག གྲོགས་པོ་ཆུང་ཆུང་ཚོས་ཚོན་མདངས་རྣམ་པར་བཀྲ་བའི་ཚོན་རིས་རི་མོའི་དེབ་ནང་གི་མི་རིགས་སོ་སོ་འཆམ་ཞིང་མཐུན་པའི་སྣང་བརྙན་དེ་རི་མོའི་དེབ་ཐོག་ཏུ་བཀོད་དེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོར་སྨོན་འདུན་ཞུ་ལུགས་མཚོན་པར་བྱས།
“ད་ལྟ་བྱིས་གཉོར་ཁང་གི་སློབ་ཁྲིད་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད།ང་ཚོས་ཕྲུ་གུ་ཚོར་པར་རིས་དང་བརྙན་རིས་ལ་བལྟ་རུ་བཅུག་ནས། ཚང་མར་མི་རིགས་སོ་སོའི་དམིགས་བསལ་རིག་གནས་ཤེས་རྟོགས་བྱེད་དུ་བཅུག་པ་དང་། རང་མི་རིགས་ཀྱི་ཁྱབ་ཁོངས་དང་སྐད་དང་ཡི་གེ གོམས་སྲོལ་སོགས་ཤེས་རྟོགས་བྱེད་དུ་བཅུག་པ་ཡིན།སློབ་ཁང་ཕྱི་རོལ་དུའང་སྣ་མང་ཕུན་སུམ་ཚོགས་པའི་ཐུན་མོང་གི་བྱ་འགུལ་སྤེལ་ཏེ།ཕྲུ་གུ་རྣམས་ཀྱི་མེས་རྒྱལ་ལ་དགའ་ཞེན་དང་།མཐུན་སྒྲིལ་རོགས་རེས་བྱེད་པའི་བརྩེ་དུང་ཇེ་དྲག་ཏུ་གཏོང་གིན་ཡོད། མིག་སྔར་བྱིས་གཉོར་ཁང་ལ་ཁྱབ་ཁོངས8ཀྱི་ཁོངས་ཟུར་ཆགས་ཡོད་པ་མ་ཟད།ད་དུང་སྲོལ་རྒྱུན་རིག་གནས་དེ་བྱིས་པའི་ཞབས་བྲོ་དང་ཟུང་འབྲེལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ལས་གཞི་དང་འདྲེས་པའི་སློབ་སྔོན་སློབ་གསོའི་རྣམ་པ་གསར་པ་འཚོལ་ཞིབ་བྱུང་ཡོད ”ཅེས་འགྱུར་མེད་དཔལ་མོས་ངོ་སྤྲོད་བྱས།
སློབ་གྲྭའི་གར་སྟེགས་ཟློས་གར་དང་དཔྱིད་འདེབས་སྟོན་བསྡུའི་ཉམས་ལེན།བསྡུ་རུབ་གསར་གཏོད་སོགས་སྣ་མང་ཕུན་སུམ་ཚོགས་པའི་ཕྱི་རོལ་བྱ་འགུལ་བརྒྱུད་ཕྲུ་གུ་ཚོའི་མཐུན་སྒྲིལ་རོགས་རེས་ཀྱི་སྙིང་སྟོབས་འཕེལ་བ་མ་ཟད།ཁོ་ཚོས་ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད། གར་སྟེགས་ཆུང་ངུ་ཞིག་ཏུ་ཕྲུ་གུ་ཚོས་ཚོགས་པ་བྱས་ནས་འཁྲབ་སྟོན་བྱེད་ཀྱིན་འདུག ད་ལོའི་ཟླ8པའི་འཛིན་གྲྭ་ཆེ་བའི་སློབ་མཐར་ཕྱིན་པའི་མཛད་སྒོའི་སྟེང་། མི་རིགས་རིག་རྩལ་གྱི་གར་སྟེགས་ཟློས་གར་ལྟད་མོ་ཆེན་པོ་ཞིག་འཁྲབ་སྟོན་བྱས་ཤིང་།“ནང་ཆེན་རྫོང་ལ་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་དང་མངོན་མིན་རིག་གནས་ཤུལ་བཞག་གི་ལས་གཞི་མང་པོ་ཞིག་ཡོད་པས།ང་ཚོས‘མངོན་མིན་རིག་གནས་ཤུལ་བཞག’ཕྲུ་གུ་ཚོའི་འཁྲིས་སུ་འཁྲིད་དེ་རིག་གནས་ཀྱི་གཏམ་རྒྱུད་ལ་བརྟེན་ནས་ཁོ་ཚོའི་ཡིད་དབང་བཀུག་ཅིང་། ཟློས་གར་སློབ་སྦྱོང་དང་སྣང་ཚུལ་གསར་བཟོ་བྱེད་པའི་ཁྲོད་དུ་མཐུན་སྒྲིལ་མཛའ་བརྩེའི་གཤིས་རྒྱུད་རིམ་གྱིས་སྐྱེད་སྲིང་བྱས་ཡོད ”ཅེས་གར་སྟེགས་ཟློས་གར་གསར་རྩོམ་མཁན་གྱི་དགེ་རྒན་བདེ་སྐྱིད་ཆོས་འཛོམས་ཀྱིས་དེ་ལྟར་བཤད་བྱུང་།
དེར་མ་ཟད། ད་དུང་གར་སྟེགས་ཟློས་གར་ནང་གི“བར་བཅུག་གླུ་གཞས”ཀྱིས་ཀྱང་ཕྲུ་གུ་ཚོར་མི་རིགས་སོ་སོ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དྲོད་ཁོལ་ཚོར་ཐུབ་པར་བྱས་ཡོད། བདེ་སྐྱིད་ཆོས་འཛོམས་ཀྱིས“འཁྲབ་སྟོན་མི་སྣ་ཅུང་མང་བས་འཁྲབ་སྟོན་གྱོན་ཆས་དང་འཁྲབ་ཆས་ཉོ་བར་འགྲོ་སོང་ཆེན་པོ་གཏོང་དགོས་སྟབས། དགེ་རྒན་གྱིས་ཕྲུ་གུ་ཚོ་དང་མཉམ་དུ་གྲི་རིང་དང་སྐེད་རྔ།ཞྭ་མོ་སོགས་འཁྲབ་ཆས་བཟོས་ཤིང་། གྱོན་ཆས་དང་འཁྲབ་ཆས་ཁ་ཤས་ལ་ཚོན་རིས་འབྲི་དགོས་པས། ཕྲུ་གུ་ཚོས་རིམ་པ་བཞིན་བྲིས་ནས་ལེགས་འགྲུབ་བྱས་པ་ཡིན”ཞེས་བཤད།
“སེམས་རྩ་འཁོལ་བའི་ཕུར་བུ་རྣམ་རྒྱལ་གྱིས་ད་དུང་མི་རིགས་གཞན་གྱི་གྲོགས་པོ་ཆུང་ཆུང་ཚོར་ཇི་ལྟར་བཟོ་དགོས་པ་དང་ཚོས་མདོག་གང་དུ་འདིང་དགོས་པ་སོགས‘མཛུབ་ཁྲིད’བྱས་པ་དང་། དེ་གར་ཡོད་པའི་ཁྱིམ་བདག་མི་ཉུང་བ་ཞིག་ཀྱང་དེའི་ནང་ཞུགས་པ་ཡིན།མི་རིགས་སོ་སོའི་དགེ་རྒན་དང་བྱིས་པ། ཁྱིམ་བདག་བཅས་ཀྱིས་འབད་བརྩོན་བྱས་པ་བརྒྱུད་གྱོན་ཆས་དང་འཁྲབ་ཆས་ཀྱི་གནད་དོན་འཕྲལ་དུ་ཐག་བཅད་པ་ཡིན”ཞེས་ད་ལོའི་གར་སྟེགས་ཟློས་གར་གྱི་འཁྲབ་སྟོན་སྐོར་གླེང་སྐབས་འགྱུར་མེད་དཔལ་མོར་སེམས་འགུལ་ཚད་མེད་ཐེབས་བཞིན་འདུག
“བྱ་འགུལ་དེ་དག་སྤེལ་ཏེ་གྲོགས་པོ་ཆུང་ཆུང་ཚོར་གྲངས་ཉུང་མི་རིགས་ཀྱི་འཚོ་བའི་གོམས་གཤིས་ཤེས་རྟོགས་ཐུབ་པ་དང་བྱིས་གཉོར་ཁང་གི་མི་རིགས་མཐུན་སྒྲིལ་སློབ་གསོའི་རྣམ་པ་བཟང་པོ་བཏོད་ཡོད། དེ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་རོགས་རེས་དང་ཕན་ཚུན་བརྩི་བཀུར་བྱེད་པའི་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་རྒྱུན་འཛིན་ཐུབ་པ་དང་། མི་རིགས་ལ་བརྩི་འཇོག་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བྱིས་པའི་སེམས་སུ་འཇགས་པར་བྱས་ཡོད། དེང་ཕྱིན་ང་ཚོས་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་མི་རིགས་སོ་སོའི་དགེ་རྒན་དང་ལས་བཟོ་པ། ཁྱིམ་བདག དེ་བཞིན་བྱིས་པ་བཅས་ཀྱི་སེམས་གཏིང་དུ་ཟུག་པར་བྱེད་དགོས ”ཞེས་འགྱུར་མེད་དཔལ་མོས་བཤད་བྱུང་། །