ཀྲུང་གོ་བོད་ཀྱི་དྲ་བ།

སློབ་ཆུང་འཛིན་བདག་གིས་འཛིན་གྲྭར་དོ་དམ་བྱེད་ཐབས་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བསྟན་འཛིན་རྡོ་རྗེ།   སྤེལ་དུས། : 2025-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་ཚན་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག  སྲོལ་རྒྱུན་གྱི་འཛིན་གྲྭ་དོ་དམ་བྱེད་སྟངས་དེ་སློབ་མ་འཚར་ལོངས་འབྱུང་བའི་དགོས་མཁོ་དང་འཚམ་དཀའ་བས། འཛིན་བདག་གིས་དུས་བསྟུན་མདུན་སྐྱོད་བྱས་ཏེ་འཛིན་གྲྭའི་དོ་དམ་ལས་དོན་གྱི་བསམ་ཕྱོགས་ཧུར་ཐག་ལེགས་སྒྲིག་བྱེད་དགོས། འཛིན་གྲྭའི་དོ་དམ་ལས་དོན་ཁྲོད་འཛིན་བདག་གིས་སློབ་མའི་སློབ་སྦྱོང་གི་གནས་ཚུལ་ལ་དོ་ཁུར་བྱེད་དགོས་པར་མ་ཟད། སློབ་མའི་སེམས་ཁམས་བདེ་ཐང་དང་བྱ་སྤྱོད་གོམས་གཤིས་འཕེལ་རྒྱས་ལ་ཡང་དོ་སྣང་བྱེད་དགོས། ཚན་རིག་དང་མཐུན་པའི་འཛིན་གྲྭ་དོ་དམ་ཐབས་ཇུས་ཀྱིས་འདྲ་མཉམ་དང་། དམངས་གཙོ། སྒོ་འབྱེད་བཅས་ཀྱི་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་ཐུབ་པ་དང་། སློབ་མའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བར་ནུས་པ་བླ་ལྷག་ཐོན་དང་འདོན་བཞིན་ཡོད། འཛིན་བདག་ནི་འཛིན་གྲྭའི་དོ་དམ་པ་ཞིག་ཡིན་པའི་ངོས་ནས།སྔོན་ཐོན་སློབ་གསོའི་འདུ་ཤེས་སློབ་སྦྱོང་དང་སློབ་མའི་བྱ་སྤྱོད་ཀྱི་ཁྱད་ཆོས་ལ་དབྱེ་ཞིབ་ནན་མོ་བྱས་ཏེ། འཛིན་གྲྭར་དོ་དམ་བྱེད་པའི་རིག་ལམ་གསར་པ་འཚོལ་ཞིབ་དང་འཛིན་གྲྭར་དོ་དམ་བྱེད་སྟངས་གསར་གཏོད་བྱེད་དགོས་པ་དང་། འཛིན་གྲྭའི་དོ་དམ་ལ་བརྟེན་ནས་སློབ་མའི་ལུས་སེམས་བདེ་ཐང་ཡོང་བར་སྐུལ་འདེད་བཏང་སྟེ། སློབ་མ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་མཐུན་རྐྱེན་བསྐྲུན་དགོས།

དང་པོ། འཛིན་གྲྭའི་རྩ་འཛུགས་འཛུགས་པའི་ནུས་ཤུགས་ཆེ་རུ་བཏང་ནས་འཛིན་གྲྭའི་དོ་དམ་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ།

གཅིག འཛིན་གྲྭའི་ཨུ་ཡོན་ལྷན་ཁང་དང་སློབ་སྦྱོང་ཚོ་ཆུང་འཛུགས་པ།

འཛིན་བདག་ནི་འཛིན་གྲྭའི་རྩ་འཛུགས་པ་དང་མགོ་ཁྲིད་པ་ཡིན་པའི་ཆ་ནས། འཛིན་གྲྭའི་དངོས་ཡོད་གནས་ཚུལ་དང་སློབ་མའི་སློབ་སྦྱོང་གི་ཁྱད་ཆོས་ལ་གཞིགས་ནས་འཛིན་གྲྭའི་རྩ་འཛུགས་ཀྱི་སྒྲོམ་གཞི་འོས་འཚམ་འཛུགས་དགོས། འཛིན་གྲྭའི་ཨུ་ཡོན་ལྷན་ཁང་ནི་འཛིན་གྲྭའི་རྩ་འཛུགས་གཙོ་བོ་ཡིན་ཞིང་། འཛིན་བདག་གིས་འཛིན་གྲྭའི་ནང་ཁུལ་གྱི་ལས་དོན་ཁག་མཐུན་སྦྱོར་བྱེད་པར་རོགས་རམ་བྱས་ནས་འཛིན་གྲྭའི་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་ཏན་ཏིག་བྱེད་དགོས། འཛིན་གྲྭའི་རྩ་འཛུགས་ཀྱི་སྒྲོམ་གཞི་འཛུགས་སྐབས་འཛིན་བདག་གིས་འཛིན་གྲྭའི་ལས་བྱེད་པའི་མགོ་ཁྲིད་ནུས་པ་གསོ་སྐྱོང་ལ་དོ་སྣང་བྱེད་དགོས། འཛིན་གྲྭའི་ལས་བྱེད་པ་ནི་འཛིན་གྲྭའི་དོ་དམ་གྱི་སྟོབས་ཤུགས་གཙོ་བོ་ཡིན་པས་སློབ་མ་གཞན་དག་ལ་མིག་དཔེའི་ནུས་པ་ཐོན་དགོས། འཛིན་བདག་གིས་དུས་བཀག་ལྟར་གསོ་སྐྱོང་སྦྱོང་བརྡར་དང་། སློབ་སྟོན། སློབ་ཁྲིད་ལག་ལེན་སྦྱོང་བརྡར་སོགས་ཀྱི་བྱེད་སྒོ་སྤེལ་བར་བརྟེན་ནས། འཛིན་གྲྭའི་ལས་བྱེད་པའི་མགོ་ཁྲིད་ནུས་པ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་། འཛིན་གྲྭའི་དོ་དམ་ཁྲོད་དེས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། འཛིན་གྲྭའི་ཨུ་ཡོན་ལྷན་ཁང་དེ་འཛིན་བདག་གི་ལས་རོགས་གོ་ཆོད་ཅིག་ཏུ་འགྱུར་བར་བྱེད་དགོས།

གཉིས། འཛིན་གྲྭའི་རྩ་འཛུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ།

འཛིན་གྲྭའི་རྩ་འཛུགས་ཚད་ལྡན་མ་ལག་ནི་འཛིན་གྲྭ་དོ་དམ་གྱི་རྨང་རྡོ་ལྟ་བུ་ཡིན་ཞིང་། ཕལ་ཆེར་འཛིན་གྲྭའི་རྩ་འཛུགས་ལམ་ལུགས་དང་། འཛིན་གྲྭའི་སློབ་མའི་བྱ་སྤྱོད་ཚད་གཞི། འཛིན་གྲྭའི་ཐུན་མོང་གི་གླེང་ཕྱོགས། འཛིན་གྲྭའི་སྤྱོད་ཚུལ་སོགས་ཕྱོགས་མང་པོར་དབྱེ་ཆོག འཛིན་གྲྭའི་དོ་དམ་མ་ལག་འཐུས་ཚང་དུ་བཏང་བ་དེས་སློབ་མར་བྱ་སྤྱོད་ཀྱི་ཚད་གཞི་གསལ་པོ་ཞིག་མཁོ་འདོན་བྱེད་ཐུབ་པར་མ་ཟད་ད་དུང་ཧུར་བརྩོན་ཡར་སྐྱེད་ཀྱི་འཛིན་གྲྭའི་སྣང་ཚུལ་ཞིག་ཀྱང་གཏོད་ཐུབ།

གཉིས་པ། འཛིན་གྲྭའི་རྒྱུན་ལྡན་གྱི་དོ་དམ་ལ་ཤུགས་བསྣན་ཏེ་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ།

གཅིག བསམ་བློར་དོ་དམ་བྱས་ནས་ཡང་དག་པའི་ལྟ་བ་འཛུགས་པ།

འཛིན་གྲྭའི་རྒྱུན་ལྡན་གྱི་དོ་དམ་ཁྲོད་དུ་བསམ་བློའི་དོ་དམ་ནི་སློབ་མའི་གཞི་རྩའི་བསམ་བློར་ཁྲིད་སྟོན་དང་། སློབ་གསོ། ཚད་ལྡན་བཅས་སུ་གཏོང་བའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན། རྒྱུན་ལྡན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་འཛིན་བདག་གིས་སློབ་མའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་བྱས་ཏེ་སློབ་མའི་བསམ་བློའི་ཐད་ཀྱི་ནོར་འཛོལ་དང་གནད་དོན་དུས་ཐོག་ཏུ་ཤེས་དགོས། སློབ་མ་རེ་ཟུང་ལ་བྱ་སྤྱོད་ངན་པ་ཡོད་པ་ཤེས་སྐབས་འཛིན་བདག་གིས་སློབ་ཚན་གྲོལ་རྗེས་དེ་དང་གླེང་མོལ་བྱེད་པའམ་ཡང་ན་འཛིན་གྲྭའི་ཚོགས་འདུ་བརྒྱུད་དེ་མཉམ་སྡེབ་རང་བཞིན་གྱི་སློབ་གསོ་སྤེལ་ནས། སློབ་མར་ངང་རྒྱུད་རིང་པོ་དང་ཞིབ་ཚགས་ཀྱི་སྒོ་ནས་ཁྲིད་སྟོན་བྱེད་པ་དང་། སློབ་མར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཆགས་སུ་འཇུག་དགོས།

གཉིས། སྒྲིག་ཁྲིམས་དོ་དམ་གྱིས་འཛིན་གྲྭའི་ལམ་ལུགས་ཁ་གསལ་བཟོ་བ།

འཛིན་བདག་ནི་འཛིན་གྲྭའི་དོ་དམ་པ་ཞིག་ཡིན་པའི་ངོས་ནས། སློབ་མའི་གཤིས་ཀ་དང་སློབ་སྦྱོང་གི་གནས་ཚུལ་ལ་གཞིགས་ནས་སློབ་གྲྭའི་མི་གསོ་སྐྱོང་བྱེད་པའི་འདུ་ཤེས་དང་གཏན་འབེབས་ཟུང་འབྲེལ་བྱེད་པ་དང་། སློབ་གསོའི་དོན་དངོས་དང་མཐུན་པར་མ་ཟད་བཀོལ་སྤྱོད་རང་བཞིན་ལྡན་པའི་འཛིན་གྲྭའི་སྒྲིག་སྲོལ་ལམ་ལུགས་ཆ་ཚང་ཞིག་བཟོས་ནས། སྒྲིག་སྲོལ་ལམ་ལུགས་ནང་སློབ་མའི་སློབ་སྦྱོང་བྱེད་སྒོ་དང་། འཚོ་བའི་གོམས་གཤིས། བྱ་སྤྱོད་གུས་ལུགས་སོགས་ཕྱོགས་མང་པོ་ཚུད་པར་བྱེད་དགོས་ལ། འཛིན་གྲྭའི་སྒྲིག་ཁྲིམས་དོ་དམ་ལ་རམ་འདེགས་བྱེད་དགོས། དེ་ནས་འཛིན་བདག་གིས་འཛིན་གྲྭའི་སློབ་མའི་གནས་ཚུལ་ལ་དོ་སྣང་བྱས་ཏེ་འཛིན་གྲྭའི་ཚོགས་འདུའི་སྟེང་སློབ་མ་སྒྲིག་ཁྲིམས་དོ་དམ་ལས་དོན་ནང་ཞུགས་སུ་འཇུག་དགོས།

གསུམ་པ། འཛིན་གྲྭའི་བྱེད་སྒོའི་དོ་དམ་ལ་མཐོང་ཆེན་བྱས་ཏེ་འཛིན་གྲྭའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ།

འཛིན་བདག་ནི་འཛིན་གྲྭའི་བྱེད་སྒོ་དང་འཛིན་གྲྭའི་དོ་དམ་སྒྲིག་འཛུགས་བྱེད་མཁན་ཡིན་ཞིང་། དེའི་དོ་དམ་འདུ་ཤེས་དང་དོ་དམ་བྱེད་ཐབས་ཀྱིས་སློབ་མར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཧུར་བརྩོན་ཡར་སྐྱེད་ཀྱི་འཛིན་གྲྭའི་ཁོར་ཡུག་བསྐྲུན་ཏེ་སློབ་མར་དྲང་ནུས་ཀྱིས་ཁེངས་པ་དང་འཆམ་མཐུན་གྱི་འཚར་ལོངས་ཁོར་ཡུག་ཅིག་བསྐྲུན་ཐུབ་རྒྱུ་ནི་འཛིན་གྲྭའི་དོ་དམ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་རེད། དེའི་ཐད་འཛིན་གྲྭའི་དོ་དམ་ལས་དོན་ཁྲོད་འཛིན་བདག་གིས་སློབ་མར་འཛིན་གྲྭའི་རྣམ་པ་བཟང་པོ་ཞིག་བསྐྲུན་པ་དང་སློབ་མའི་སློབ་སྦྱོང་གི་སྦས་ཤུགས་སྔོག་འདོན་བྱས་ཏེ། སློབ་མ་འཚར་ལོངས་འབྱུང་བར་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས།

གཅིག འཛིན་གྲྭའི་རིག་གནས་འཛུགས་སྐྲུན་ལ་དོ་སྣང་བྱེད་པ།

འཛིན་གྲྭའི་རིག་གནས་ནི་སློབ་མའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཡིན་པས་མི་སེམས་གཅིག་ཏུ་བསྒྲིལ་ཐུབ་པ་དང་སློབ་མའི་ཐུན་མོང་གི་གཟི་བརྗིད་བསམ་པ་འཕེལ་ཐུབ། འཛིན་གྲྭའི་རིག་གནས་འཛུགས་སྐྱོང་ཁྲོད་འཛིན་བདག་གིས་སློབ་མ་དེའི་ནང་ཞུགས་སུ་བཅུག་ནས“འཛིན་བདག་གིས་སྣེ་ཁྲིད་པ་དང་སློབ་མས་འཛུགས་སྐྱོང་བྱེད་པའི”དགེ་སློབ་ཀྱི་མཉམ་ལས་བྱེད་སྟངས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་རིག་གནས་བར་མཐོངས་བཏོད་དེ། སློབ་མ་ཞུགས་པའི་བརྒྱུད་རིམ་ནང་མཉམ་སྡེབ་ཀྱི་སྟོབས་ཤུགས་དང་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས།

གཉིས། འཛིན་གྲྭའི་སྣ་མང་བྱེད་སྒོ་རྩ་འཛུགས་བྱེད་པ།

འཛིན་གྲྭའི་བྱེད་སྒོ་སྣ་ཚོགས་རྩ་འཛུགས་བྱ་རྒྱུ་དེའང་དགེ་མཚན་ལྡན་པའི་བྱེད་ཐབས་ཤིག་རེད། སློབ་མའི་དགའ་ཕྱོགས་དང་ལོ་ཚོད་ཀྱི་ཁྱད་ཆོས་ནི་བྱ་འགུལ་ཇུས་འགོད་ཀྱི་གནད་འགག་ཡིན་ལ། སློབ་མའི་སློབ་སྦྱོང་གི་སྤྲོ་བ་དང་མཐུན་པའི་འཛིན་གྲྭའི་བྱ་འགུལ་གྱིས་སློབ་མ་རང་འགུལ་གྱིས་དེའི་ནང་དུ་ཞུགས་སུ་འཇུག་ཐུབ་པར་མ་ཟད། བྱ་འགུལ་ཇུས་འགོད་ཞིབ་ཚགས་ཀྱང་བྱེད་ཐུབ། དེར་བརྟེན་འཛིན་བདག་གིས་དུས་ཚོད་ངེས་ཅན་རེའི་ནང་རྣམ་པ་གསར་རྐྱང་དང་ནང་དོན་ཕུན་སུམ་ཚོགས་པའི་འཛིན་གྲྭའི་བྱེད་སྒོ་སྣ་ཚོགས་རྩ་འཛུགས་བྱས་ཆོག  དཔེར་ན། འཛིན་བདག་གིས་འཛིན་གྲྭའི་ཚོགས་འདུ་སྤྱད་དེ་སློབ་མར་རང་ཉིད་འགྲེམ་སྟོན་དང་བསམ་བློ་སྤེལ་རེས་བྱེད་པའི་སྟེགས་བུ་འདོན་སྤྲོད་བྱས་ཆོག འཛིན་གྲྭའི་ཚོགས་འདུའི་ཇུས་འགོད་ནང་འཛིན་བདག་གིས་སློབ་མ་ཚོར་འཛིན་གྲྭའི་ཚོགས་འདུའི་བརྗོད་བྱ་གཙོ་བོ་རང་མོས་ཀྱིས་གདམ་ག་བྱེད་དུ་འཇུག་ཆོག་ལ། སློབ་མའི་སྤྲོ་སྣང་གཞིར་བཟུང་ནས་བརྗོད་བྱ་གཙོ་བོ་ག་གེ་མོ་ཞིག་ལ་དམིགས་ཏེ། གྲོས་བསྡུར་བྱེད་པའི་ཚུལ་གྱིས་རང་འགུལ་ངང་རང་ཉིད་ཀྱི་བརྗོད་བྱ་གཙོ་བོའི་ལྟ་བ་དང་མྱོང་ཚོར་མཉམ་སྤྱོད་བྱེད་པར་སྐུལ་ལྕག་ཀྱང་བྱེད་ནུས་པ་རེད།

མདོར་ན། རྩོམ་འདིར་སློབ་ཆུང་གི་འཛིན་བདག་གི་འཛིན་གྲྭར་དོ་དམ་བྱ་བའི་རིག་ལམ་དང་ནང་དོན་བགྲོ་གླེང་བྱས་ཡོད་པར་མ་ཟད། འཛིན་བདག་གིས་འཛིན་གྲྭའི་དོ་དམ་བྱ་བར་ལག་བསྟར་བྱ་རུང་བའི་ཐབས་ཇུས་བཏོན་ཡོད། འཛིན་བདག་ནི་འཛིན་གྲྭའི་དོ་དམ་པ་ཞིག་ཡིན་པའི་ངོས་ནས། སློབ་སྦྱོང་གི་གནས་ཚུལ་ལ་གཞིགས་ནས་འཛིན་གྲྭའི་དོ་དམ་ཐབས་ཇུས་ཇེ་ལེགས་སུ་གཏོང་བ་དང་སློབ་མའི་རང་གཤིས་ཅན་གྱི་འཕེལ་རྒྱས་ཀྱི་དགོས་མཁོ་བསྐངས་ཏེ། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་དགོས། དེར་བརྟེན་སློབ་ཆུང་གི་འཛིན་བདག་གིས་འཛིན་གྲྭའི་དོ་དམ་ལས་དོན་ལ་མཐོང་ཆེན་བྱེད་ཚད་མཐོ་རུ་བཏང་ནས་སློབ་ཚན་བསྒྱུར་བཅོས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བྱེད་པ་དང་། འཛིན་གྲྭའི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་འཛིན་གྲྭའི་དོ་དམ་ལས་དོན་གྱི་བསམ་ཕྱོགས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། སློབ་མར་ཞི་མཐུན་དང་སྤྲོ་སྣང་ལྡན་པའི་སློབ་གསོའི་ཁོར་ཡུག་ཅིག་བསྐྲུན་དགོས་སོ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།