ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་དང་མཚན་ཉིད་རིག་པའི་མཐོང་སྣེ་ནས་ཚེ་དབང་རྣམ་རྒྱལ་གྱི་བརྩམས་སྒྲུང《ནད》ལས་བྱུང་བའི་མི་སྣ“ང”ཡི“རྒྱུ་འགྱུར”དང“ཚུལ་འཆལ”“དོན་སྟོང”སོགས་ལ་རྩོམ་ཆོས་ཞིབ་འགྲེལ་གྱི་བྱེད་ཐབས་སྤྱད་ནས་དཔྱད་པ་བཏང་ཡོད་ལ། ཁྱད་པར་དུ་སཱ་ཐི་ཡི“གཞི་གྲུབ་ནི་ངོ་བོའི་སྔ་ལོགས་སུ་ཡོད”ཅེས་པ་དང་། ཅཱ་མེའོ་ཡི“ཚུལ་འཆལ་གྱི་མཚན་ཉིད་རིག་པ”སོགས་མཚན་ཉིད་རིག་པའི་ལྟ་བ་སྤྱད་ནས་བརྩམས་སྒྲུང་ཁྲོད་ཀྱི་མི་སྣའི་འཚོ་གནས་ཀྱི་རང་དབང་གདམ་ཀ་དང་ཚུལ་འཆལ་གྱི་མྱོང་རྟོག་བཅས་སྔོག་འདོན་བྱས་ཡོད།
གནད་ཚིག གཞི་གྲུབ་རིང་ལུགས། ཆོ་མེད་པ། རྒྱུ་འགྱུར།《ནད》
གླེང་གཞི།
གཞི་གྲུབ་རིང་ལུགས་ཀྱི་བརྩམས་སྒྲུང་ནི་བོད་ཀྱི་རྩོམ་སྟེགས་སུ་ཤིན་ཏུ་ཉུང་ལ། ཚེ་དབང་རྣམ་རྒྱལ་གྱི《ནད》ཀྱི་ཡན་ཆོད་ལ《སྦྲང་ཆར》གཙོ་བྱས་པའི་བོད་ཀྱི་རྩོམ་རིག་གི་དུས་དེབ་ཁག་ཏུ་གཞི་གྲུབ་རིང་ལུགས་ཀྱི་བསམ་བློ་ལག་ལེན་དུ་བྱས་པའི་བརྩམས་སྒྲུང་མཐོང་དཀོན། དཔྱད་བྱའི་བརྩམས་སྒྲུང《ནད》ནི་གཞི་གྲུབ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ལྟ་བས་ཀུན་ནས་ཕྱུག་པའི་བརྩམས་ཆོས་ཤིག་ཡིན་པ་ཤེས་ཐུབ་སྟེ། བརྩམས་སྒྲུང་ཁྲོད“ད་ལྟ་བ་སྐད་ཅིག་མ་འདིར་གསོན་ཞིང་གནས་པའི་རང་ཉིད་ནི་མེ་ལོང་ཁྲོད་ཀྱི་མི་དེ་ཡིན་དགོས་ཚེ། དེས་ན། རང་ཉིད་ངོ་མ་དོན་དམ་པར་གང་དུ་ཡོད” ཅེས་པ་དང་། “ཁོ་ཚོ་དང་མཚུངས་པ་ནི་ཅི་འདྲའི་མནར་གཅོད་ཅིག་རེད་ཨང” ཞེས་པ་སོགས་མཚན་ཉིད་རིག་པའི་དགོངས་པ་འདྲེས་པའི་སྐད་ཆ་མང་དུ་བྱུང་ཡོད་པས། མཁས་པ་ཁ་ཅིག་གིས“མངོན་གསལ་དོད་པོའི་མཚན་ཉིད་རང་བཞིན་དང་བདེན་ཚོར་ངེས་ཅན་ལྡན་པ་ནི་གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་གི་གཞི་རྩའི་ཁྱད་ཆོས་ཡིན”ཞེས་གསུངས་པ་བཞིན། བརྩམས་སྒྲུང་འདིའི་ཁྲོད་དུའང་མཚན་ཉིད་རིག་པའི་གཏིང་ཟབ་ཀྱི་ཁྱད་ཆོས་ལྡན་པའི་མིའི་ངོ་བོ་འཚོལ་ཞིབ་བྱས་པའི་བསམ་བློ་དང་། གཞི་གྲུབ་ཀྱི་ཐ་སྙད“གནས་པ”ཞེས་པ་སོགས་ཐེངས་ཁ་ཤས་ལ་ཐོན་ཡོད་པས། གཞི་གྲུབ་རིང་ལུགས་ཀྱི་ཁྱད་ཆོས་ལྡན་ཞིང་མཐོང་སྣེ་དེ་བརྒྱུད་ནས་བྲིས་པའི་བརྩམས་སྒྲུང་ཞིག་ཡིན་པར་འདོད།
དང་པོ། གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་གི་བྱུང་འཕེལ།
“གཞི་གྲུབ་རིང་ལུགས་ནི་དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་པའི་མཇུག་ལ་བྱུང་བའི་ཧྥ་རན་སིའི་རྩོམ་རིག་གྲུབ་མཐའ་ཞིག་ཡིན”ལ། དེའི་གྲུབ་མཐའི་གསར་གཏོད་པ་ནི་ཏེན་མག་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་བ་ཁོར་ཁའེ་ཀོར་ཡིན། འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་སུ་གཞི་གྲུབ་རིང་ལུགས་འཇར་མན་དུ་དར་ཞིང་། ཚབ་མཚོན་མི་སྣ་ལ་ཧེ་རྡེ་གྷིར་དང་ཡ་སེ་བྷེར་སི་གཉིས་ཡོད། ཧྥ་རན་སིའི་རྩོམ་པ་པོ་དང་མཚན་ཉིད་རིག་པ་བ་སཱ་ཐི་ཡིས1938ལོར་བརྩམས་སྒྲུང《སྐྱུག་མེར་བ》ཞེས་པ་བྲིས་ཏེ་ལྷ་མེད་སྨྲ་བའི་གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་གི་སྒོ་འཕར་ཕྱེ་བ་དང་། 1942ལོར་ཅཱ་མེའོ་ཡིས་བརྩམས་སྒྲུང《ཕྱི་རོལ་གྱི་མི》ཞེས་པ་བྲིས་ཏེ་གཞི་གྲུབ་རིང་ལུགས་ཀྱི་ཚབ་མཚོན་བརྩམས་ཆོས་སུ་ཆགས་ཡོད་ཅིང་འཁྲུག་ཆེན་གཉིས་པའི་རྗེས་ལ་གཞི་གྲུབ་རིང་ལུགས་ཀྱིས་ཧྥ་རན་སིའི་བསམ་བློའི་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད། ལོ་རབས་བཞི་བཅུ་པ་ནས་ལྔ་བཅུ་པའི་བར་གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་གི་མཐོ་རླབས་འཕྱུར་བ་དང་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གྲུབ་མཐའི་ཁྲོད་དུ་སྐད་གྲགས་ཆེན་པོར་གྱུར་ཞིང་འཛམ་གླིང་རྩོམ་རིག་ལའང་གཡོ་འགུལ་ཆེན་པོ་ཞིག་བསླངས་ཡོད། དུས་སྐབས་དེ་ལ་སཱ་ཐི་ཡི《གཞི་གྲུབ་དང་དོན་སྟོང》ཞེས་པ་གཞི་གྲུབ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་རྩ་འཛིན་དུ་ཆགས། ཟློས་གར《གསང་ཁང》དང《བཀག་ཉར》སོགས་ཀྱིས་གཞི་གྲུབ་རིང་ལུགས་ཀྱི་བརྩམས་ཆོས་ཀྱི་ཤུགས་རྐྱེན་ཇེ་ཆེར་བཏང་། ཅཱ་མེའོ་ཡི《བྱི་རིམས》དང《ཞི་ཞི་ཧྥུའུ་ལྷ་སྒྲུང》སོགས་ཀྱིས་ཆོ་མེད་པའི་འཇིག་རྟེན་ཁྲོད་ཀྱི་ཆོ་མེད་པའི་མི་ཚེའི་ངོ་བོ་ཕྱིར་བཏོན་ཞིང་། གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་ནི་ཧྥ་རན་སི་ཙམ་མ་ཡིན་པར་ཡོ་རོབ་དང་མེ་གླིང་། ལྗར་པན་དང་རྒྱ་གར་སོགས་སུ་ཡང་དར་ཁྱབ་ཆེན་པོ་བྱུང་ཡོད། ལོ་རབས་དྲུག་ཅུ་པ་ནས་བཟུང་གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་ཉམས་རྒུད་ཀྱི་མགོ་ཚུགས་ཤིང་། ལོ་རབས་བདུན་ཅུ་པ་ནས་གཞི་གྲུབ་རིང་ལུགས་ཀྱི་གྲུབ་མཐའ་རྩ་འཐོར་དུ་སོང་། “གཞི་གྲུབ་རིང་ལུགས་ཀྱི་ནང་སྙིང་ནི་གཞི་གྲུབ་རིང་ལུགས་ཀྱི་མཚན་ཉིད་རིག་པ་ཡིན་ལ། གཞི་གྲུབ་རིང་ལུགས་ཀྱི་ཕྱི་ཤུན་ནི་གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་ཡིན”ཞེས་པ་བཞིན། གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་བརྩམས་ཆོས་ནི་གཞི་གྲུབ་ཀྱི་མཚན་ཉིད་རིག་པའི་ལྟ་བ་སྟོན་བྱེད་དང་དེ་ཁྱབ་སྤེལ་གཏོང་བྱེད་ཅིག་ཏུ་གྲུབ་ཡོད།
གཉིས་པ། གཞི་གྲུབ་ནི་ངོ་བོའི་སྔ་ལོགས་སུ་གྲུབ་པ་ཡིན།
ཧྥ་རན་སིའི་མཚན་ཉིད་རིག་པ་བ་སཱ་ཐི་ཡིས“གཞི་གྲུབ་ནི་ངོ་བོའི་སྔ་ལོགས་སུ་གྲུབ་པ”ཡིན་ཞེས་པ་ནི་གཞི་གྲུབ་རིང་ལུགས་ཀྱི་ལྟ་བའི་སྙིང་པོ་ཡིན། མི་ཉིད་ཐོག་མར་འཇིག་རྟེན་དུ་གཞི་གྲུབ་ཅིང་། གཞི་གྲུབ་ཀྱི་རྨང་གཞིའི་སྟེང་རང་དབང་གདམ་ཀ་སྣ་ཚོགས་ཁྲོད་མིའི་ངོ་བོ་དང་རིན་ཐང་གྲུབ་བཞིན་ཡོད། བརྩམས་སྒྲུང་ཁྲོད་དུ“ང”ཡིས་རྟག་པར་གྲོང་ཁྱེར་འདིའི་མི་གཞན་དག་གིས“ང”རང་མཐོང་བར་རེ་བ་ཚད་མེད་བྱེད་བཞིན་ཡོད་པ་དང་། དུས་མཚུངས་སུ། མི་གཞན་དག་དང་མི་འདྲ་བའི་ཆ་ཞིག་ཀྱང་འཚོལ་སྙེག་བྱེད་བཞིན་ཡོད། ཡིན་ཡང“ང”ཡིས་འཚོལ་བཞིན་པའི“ང”ཞེས་པའི་གཞི་གྲུབ་འདི་ཉིད། མི་གཞན་དག་ལ་བརྟེན་ཏེ་འཚོལ་སྙེག་བྱེད་བཞིན་ཡོད་པས། རང་སྒེར་དང་མི་གཞན་བར་གྱི་འགལ་བའི་ཁྲོད་རང་སྒེར་ལ་ཚོད་འཛིན་ཐེབས་ཤིང་། རང་སྒེར་དེ་སྔར་བས་ཁེར་རྐྱང་གི་གནས་སུ་བསྐྱལ། མི་གཞན་གྱི་གླེང་བརྗོད་དང་། མི་གཞན་དག་གིས་རང་ལ་བཟུང་བའི་ལྟ་ཚུལ་དེ་དག་ལས“མི་གཞན་ནི་མནར་གཅོད་ཅིག་ཡིན”པའི་ལྟ་ཚུལ་དེ་བརྩམས་སྒྲུང་འདིའི་བརྗོད་བྱའི་སྙིང་པོར་གྲུབ་ཡོད། འདི་ལྟར“རང་སྒེར་གྱི་ཡུལ་ཅན་རང་བཞིན་གྱི་ཕྱིར་དུ་གཞན་དང་འཐབ་རྩོད་བྱས”མཐར། “ཨེ་མ། ང་ལ་ནད་ཅིག་བྱུང་ན་ཅི་མ་རུང” ཞེས་པའི་ཆོ་མེད་ཀྱི་རེ་བ་འདི་འདྲ་ཞིག་བཏོན་ཡོད། དེས“ང”རང་ཆོ་མེད་པའི་འཇིག་རྟེན་འདི་ལ་ངོས་འཛིན་གསལ་པོ་ཡོད་པ་མཚོན་ཞིང་། “ང”ཡི་གཞི་གྲུབ་ནི་ཀུན་སྤྱོད་ཀྱི་རྣམ་གཞག་དང་། ཡོངས་ཁྱབ་ལྟ་བ་སོགས་གཏན་ལ་ཕབ་ཟིན་པའི་འཇིག་རྟེན་གྱི་ཤེས་བྱ་ཡོད་ཚད་ཀྱི་སྔ་ལོགས་སུ་ཡོད་པ་གསལ་བཤད་བྱས་ཡོད། “ང”ཡི་ངོ་བོ་འདི་ཉིད་གཞན་དག་གིས་ཅིས་ཀྱང་དང་ལེན་བྱེད་མི་ཐུབ་ཀྱང་། “ང”ཡིས་ཕྱི་རོལ་གྱི་དཔྱད་བརྗོད་དང་གླེང་ཕྱོགས་ཡོད་ཚད་རྣ་རྒྱབ་ལ་དོར་ནས། ཡན་གར་གྱི་རྣམ་པ་ཞིག་གི་སྒོ་ནས་འཇིག་རྟེན་འདིའི་ཡོད་ཚད་ལ་མྱོང་རོལ་བྱེད་བཞིན་ཡོད་དེ། བརྩམས་སྒྲུང་དུའང“འདི་ལྟར་དྲན་མ་ཐག ངས་ད་གཟོད་རང་ཉིད་ཀྱི་ལས་གྲོགས་ཚོར་ནད་ཅིག་བྱུང་འདུག་པ་གཞི་ནས་རྟོགས་ལ། རྣམ་ཀུན་ཁོ་ཚོས་ང་ལ་ནད་ཅིག་བྱུང་འདུག་ཟེར་བ་ནི་མ་གཞིར་ཁོ་ཚོ་རང་ཉིད་ལ་ནད་གཞི་ལྕི་མོ་ཞིག་ཕོག་ཡོད་པས་ཡིན་པ་ད་གཟོད་ཚོར་བྱུང” ཞེས་པ་སོགས་གཞན་གྱི་བསམ་བློའི་གྲིབ་གཟུགས་དང་ཚོད་འཛིན་ལས་ཐར་ཏེ་རང་ཉིད་ངོ་མ་ཞིག་འཚོལ་སྙེག་བྱེད་བཞིན་ཡོད་ལ། གོ་རིམ་དེའི་ཁྲོད་དུ“ང”ཡི་ངོ་བོ་གྲུབ་བཞིན་ཡོད་པ་ཤེས་ཐུབ།
གསུམ་པ། རང་དབང་གདམ་ཀའི་ཁྲོད་ཀྱི་དཀའ་ངལ།
ཧྥ་རན་སིའི་མཚན་ཉིད་རིག་པ་བ་དང་། སྤྱི་ཚོགས་རིག་པ་བ་ལོའུ་སའོ་ཡིས“མི་ནི་སྐྱེས་པ་ནས་རང་དབང་ཡིན་མོད། ནམ་ཡང་འཆིང་སྒྲོག་ཅིག་ལས་ཐར་ཐབས་མེད”ཅེས་པ་དང་། ཧྥ་རན་སིའི་མཚན་ཉིད་རིག་པ་བ་སཱ་ཐི་ཡིས“མིའི་ཆེས་ཆེ་བའི་གཞན་དབང་ནི་ནམ་ཡང་རང་དབང་ལས་ཐར་ཐབས་མེད་པ་དེ་ཡིན།”ཞེས་གསུངས་པ་ནང་བཞིན། རང་དབང་གདམ་ཀ་ལས་བྱུང་བའི་འགན་འཁྲི་སྣ་ཚོགས་ཀྱིས་མིའི་རང་དབང་འཕྲོག་པར་བྱས་པས། མི་གཞན་གྱི་མིག་མདངས་འོག་འཚོ་བ་ནི་གཞི་གྲུབ་རིང་ལུགས་ཀྱི་སྐྱོ་སྣང་གི་མངོན་སྟངས་ཤིག་ཡིན། བརྩམས་སྒྲུང་ཧྲིལ་པོར་འདི་འདྲའི་སྐྱོ་སྣང་གི་ཆ་ཞིག་གིས་ཡོངས་སུ་ཁེངས་འདུག་མོད། ཡིན་ཡང་བརྩམས་སྒྲུང་ཁྲོད་ཀྱི“ང”ནི་གྲོང་ཁྱེར་འདིའི་དོན་སྙིང་གིས་ཕྱུག་པའི་མི་གཅིག་པུ་དེ་ཡིན་ཞིང་། “ང”ཡིས་ཡ་མ་བརླའི་སྤྱོད་པ་དང་། སྨྲ་བརྗོད་སྣ་ཚོགས་ལ་བརྟེན་ནས“ཉམ་ཐག་གི་གྲོང་ཁྱེར་འདི་ལ་གཞལ་དུ་མེད་པའི་རིན་ཐང་གཞན་ཞིག་བསྩལ་ཡོད།” ཡིན་ཡང་། “འཇིག་རྟེན་ནི་འདི་འདྲའི་ཆོ་མེད་ཅིག་ཡིན་ལ། མི་ཉིད་གཞི་གྲུབ་པ་ནི་ཧ་ཅང་སྟེས་དབང་ཞིག་ཡིན”པས། མི་ཚེ་ནི་སྡུག་བསྔལ་གྱི་གོ་རིམ་ཞིག་སྟེ། མི་རྣམས་མི་ཚེའི་རིན་ཐང་འཚོལ་སྙེག་གི་ལམ་ཁར་ནམ་ཡང་སྡོད་པ་མེད་པར་འཚོལ་སྙེག་བྱེད་པ་ནི་མིའི་འདུ་ཤེས་ཀྱི་རང་དབང་གི་ངོ་བོ་ཡིན། འདུ་ཤེས་ནི་ལྟོས་མེད་ཀྱི་རང་དབང་ཡིན། མི་རྣམས་ཀྱིས་རང་དབང་གདམ་ཀ་སྣ་ཚོགས་ཁྲོད། ནམ་ཡང་ཅི་ཞིག་ལ་རེ་སྙེག་བྱེད་བཞིན། གང་ཞིག་ཏུ་འགྱུར་བར་ཧུར་བརྩོན་བྱེད་མོད།
མིའི་ངོ་བོ་ནི་འགྱུར་བའི་རང་བཞིན་ཅན་ཞིག་ཡིན་པས། ཁོ་ཚོས་འཚོལ་བཞིན་པའི་གཏན་ལ་འཁེལ་བའི་མི་ཚེའི་ངོ་བོ་མཐར་ཐུག་པ་དེ་གཏན་དུ་རྙེད་ཐབས་མེད། འདི་ནི་མི་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་ཉག་གཅིག་པུ་སྟེ། “ཆོ་མེད་པ”ཡིན། རང་དབང་གི་གདམ་ཀ་རེ་རེའི་རྗེས་ཀྱི་འགན་འཁྲི་སྣ་ཚོགས་ཀྱི་དབང་གིས་བརྩམས་སྒྲུང་ལས“ཁོ་ཚོས་ངས་སྐད་ཆ་ཅི་ཞིག་བཤད་ཀྱང་སྨྱོ་བཤད་ཅེས་སྡོམ་ཚིག་རྒྱག་ལ། ངས་ལས་ཀ་གང་ཞིག་བགྱིས་ཀྱང་སྨྱོ་རྟགས་ཞེས་ངོས་འཛིན་བྱེད”ཅེས་པ་ལས་ཁོ་ཚོས“ང”ལ་སྨྱོ་ནད་བྱུང་འདུག་ཅེས་སྤྱི་ཚོགས་ཀྱི་ཕྱི་ལོགས་སུ་བཀར་བས། “ང”རང་སྤྱི་ཚོགས་ནད་པའི་ཕྱི་རོལ་གྱི་ཁེར་རྐྱང་གི་གཞི་གྲུབ་ཅིག་ཏུ་ཆགས་ཡོད།
བརྩམས་སྒྲུང་ཁྲོད་དུ“ང”ཡིས་བསྐྱར་ཟློས་དང་། ལད་མོ། ཟོག་རྫུས་ཀྱིས་ཁེངས་པའི་འཇིག་རྟེན་འདི་ཉིད་རྒུད་སྐྱོབ་ཀྱི་ཐབས་ཤེས་གང་ཡང་མེད་པའི་ལམ་བུ་ཞིག་ལ་ཞུགས་ཚར་བར་གདུང་སེམས་སྐྱེ་བཞིན་ཡོད། ཡིན་ཡང་འདི་ནི་མིའི་གཞི་གྲུབ་ཀྱི་གནས་སྟངས་ཡིན། བརྩམས་སྒྲུང་ཁྲོད་དུ“ངས་ལས་ཤག་འདིར་ཉིན་མོ་གསར་པ་ཞིག་བརྗེས་ཡོད་མེད་ལ་ཐེ་ཚོམ་སྐྱེས་འོངས”ཞེས་པ་དང་། “ངས་སྒོ་སྲུང་རྒན་པོ་འདི་ད་ནི་མུ་མཐུད་དུ་འཇིག་རྟེན་འདིར་གསོན་པར་དགོས་པ་ཅི་ཡང་མེད་པ་གཞི་ནས་རྟོགས”སོགས་ལས་མི་ཚེའི་དོན་སྟོང་དང་ཆོ་མེད་ཀྱི་ངོ་བོ་སྣ་ཚོགས་ཚུར་སྣང་བྱས་ཏེ། རང་དབང་གདམ་ཀའི་མདུན་གྱི་མིའི་གཞི་གྲུབ་ཀྱི་ངོ་བོའི་སྟེང་གི་ནུས་མེད་དང་གཅོམ་ཆུང་གི་ཆ་དེ་མངོན་པར་བྱས་ཡོད།
བཞི་པ། འཇིག་རྟེན་ནི་ཆོ་མེད་ཅིང་། མི་ཚེ་ནི་སྡུག་བསྔལ་ལོ། །
གྲོང་ཁྱེར་གྱི་ཆོ་མེད་པའི་འཚོ་བ་ནི་བརྩམས་སྒྲུང་འདི་ཉིད་འབྲི་བཞེངས་བྱེད་པའི་རྒྱབ་ལྗོངས་ཡིན། བརྩམས་སྒྲུང་ཁྲོད“ང”ཡི་ཆོ་མེད་པའི་མྱོང་བརྒྱུད་དང་གཞི་གྲུབ་ཀྱི་གནས་སྟངས་ཞིབ་འབྲི་བྱས་པ་བརྒྱུད། འཇིག་རྟེན་ནི་ཆོ་མེད་ཅིང་། མི་ཚེ་ནི་སྡུག་བསྔལ་ཡིན་པའི་སྣང་ཚུལ་སྣ་ཚོགས་ཤིག་ཚུར་སྣང་བྱས་ཡོད། “ང་ནམ་རྒྱུན་དང་འདྲ་བར་གང་ཞིག་ལ་འགྲོ་དགོས་པའང་མི་ཤེས་པར་ཕྱི་རོལ་དུ་སོང་བ”དང་། ཁ་གཏད་ཀྱི་ལམ་འགྲམ་དེ་རུ་སྐྲ་གཞར་ཁང་ཞིག་ཡོད་པ་མཐོང་བ། སྐྲ་གཞར་ཁང་དེའི་སྒོ་བྱང་ཐོག་གཅེར་བུར་འབུད་ལ་ཁད་ཀྱི་གཞོན་ནུ་མ་ཞིག་གི་པར་རིས་ཡོད་པ། སྐྲ་གཞར་བུད་མེད་དེ་ནི་དེ་བས་ཀྱང་ཡི་གར་འོང་བ་ཞིག་ཡིན་པ། མོས་ང་ལ་སྐྲ་གཞར་རྒྱུ་ཡིན་མིན་དྲིས་པ། ངས་སྐྲ་ཕྱེད་གཉིས་སུ་བགར་ནས་ཕྱེད་ཀ་བཞར་བ། བུད་མེད་དེ་ནི་སྨད་འཚོང་མ་ཞིག་ཡིན་པ། མོ་ངའི་དགའ་རོགས་སུ་གྱུར་པ། མོས་མོ་ལ་ཨེ་ཙི་ནད་ཡོད་ཚུལ་གླེང་བ། འདི་དག་ཡོད་ཚད་ཆོ་མེད་པའི་གོ་རིམ་ཞིག་གི་ཁྲོད་དུ་གྲུབ་ཡོད་པ་དང་། གྲོང་ཁྱེར་འདིའི་ཡོད་ཚད་འདི་ལྟར་ཆོ་མེད་པའི་གོ་རིམ་ཞིག་གི་ཁྲོད་ན་བསྐྱར་ཟློས་ཀྱིས་འཁོར་བཞིན་ཡོད་པས། “ངའི་སྐྲ་ཚུགས་གསར་པ་འདི་ཡོད་པ་འབའ་ཞིག་གིས། གྲོང་ཁྱེར་འདིར་གཞི་ནས་ཉིན་མོ་གསར་པ་ཞིག་གི་མགོ་བརྩམས་ཡོད་ངེས།” ཞེས་ཆོ་མེད་པའི་ལྟ་བ་ཞིག་བཏོན་ནས་གྲོང་ཁྱེར་གྱི་ཆོ་མེད་པའི་གཞི་གྲུབ་ཀྱི་གནས་སྟངས་གཏོར་བར་འབད་པ་བྱས་ཡོད། དེ་ལྟར་མིན་ན“ང”ལ་མཚོན་ན་གྲོང་ཁྱེར་འདིར་འཚོ་ཞིང་གཞེས་པའི་མི་ཡོད་ཚད་ལ་དོན་སྙིང་གང་ཡང་མེད་དེ། སྐྲ་ཚུགས་འདི་ཡོད་པས་རྣམ་ཀུན་དང་མི་འདྲ་བར་མགོ་ཁྲིད་དང་མཛེས་མ་ཚོར་མ་གཏོགས་ཁ་མི་གྲགས་པའི་སྒོ་སྲུང་རྒན་པོས་ང་ལ་ཁ་གྲགས་པ་སོགས་ལས“ང་ཞེས་པའི་གཞི་གྲུབ་དེ་ཉིད་འཇིག་རྟེན་འདིའི་སྒང་ནས་ཇེ་གསལ” དུ་སོང་བ་སོགས་ཀྱི་དོན་སྙིང་རྙེད། བརྩམས་སྒྲུང་ཁྲོད་དུ་མངོན་པའི་མི་ཚེའི་སྡུག་བསྔལ་ནི་ང་རང་ཁོ་ཚོ་དང་འདྲ་དྲགས་པ་དང་། གྲོང་ཁྱེར་གྱི་བསྐྱར་ཟློས་ཁྲོད་མི་ཡོད་ཚད་ཀྱིས་རང་ཉིད་ཀྱི་རིན་ཐང་བོར་ཏེ་འཆི་བར་སྒུག་སྟངས་དེ་ཡིན། བརྩམས་སྒྲུང་གི་མཇུག་མཐར་ཁོ་གཉིས་དུག་ཆང་གིས་ཤི་ལ་ཉེ་བའི་སྐབས་སུ། མོས་ད་གཟོད“ཁྱོད་ལ་ཨེ་ཙི་ནད་ཇི་ལྟར་བྱུང་བ་ཡིན་ནམ། ངས་ང་ལ་ཨེ་ཙི་ནད་ཡོད་ཟེར་བ་ནི་ཁྱོད་ལ་ཚོད་བགམས་པ་ཙམ་ཡིན། ང་ལ་ཨེ་ཙི་ནད་གཏན་ནས་བྱུང་མེད”ཅེས་པ་དང་། ཡང“ང་ལ་ཁྱོད་ཀྱི་བུ་འཁོར་འདུག་པས་ཕྱིར་ཡོང་བ་ཡིན།”སོགས་བཤད་པས། སྐད་ཆ་འདི་དག་གིས་ང་ཡིས་འཚོལ་བཞིན་པའི་གཞན་དང་མི་འདྲ་བའི་ཆ་དག་སིལ་བུར་བཅག་ཅིང་། ང་ཡང་ཁོ་ཚོ་དང་ཤིན་ཏུ་འདྲ་བར་བྱས་ཡོད། འདི་ལྟ་བུའི་ལས་དབང་གི་ཀུ་རེ་ཡང་མཐར་གཏུགས་ན་ཆོ་མེད་པའི་མངོན་སྟངས་ཤིག་ཡིན་ལ། མི་ཚེའི་གོ་རིམ་ཁྲོད་ཀྱི་བྱ་ཐབས་གང་ཡང་མེད་པའི་སྡུག་བསྔལ་གྱི་མངོན་སྟངས་ཤིག་ཡིན།
འཇར་མན་གྱི་མཚན་ཉིད་རིག་པ་བ་སི་པེན་ཧེར་གྱིས“ཚེ་སྲོག་ནི་འདོད་ཧམ་གྱི་ཕུང་པོ་ཞིག་སྟེ། འདོད་ཧམ་གྱི་ཁ་མ་གང་ཚེ་སྡུག་བསྔལ་ཡིན་ལ། འདོད་ཧམ་ཡོངས་སུ་ཚིམས་ཚེ་སུན་སྣང་ཡིན། མི་ཚེ་ནི་དྲིལ་ལྕེ་ནང་བཞིན་སྡུག་བསྔལ་དང་སུན་སྣང་གི་བར་ན་ཡོ་ཞིང་འཁྱོམ”ཞེས་གསུངས་པ་བཞིན། བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་གཙོ་བོ“ང”ཡི་འདོད་པ་ནི་མཐར་གཏུགས་ན་གྲོང་ཁྱེར་འདིའི་མི་ཡོད་ཚད་ཀྱིས“ང”རང་མཐོང་རྒྱུ་དེ་ཡིན་ལ། ཁོ་ཚོས“ང”མ་མཐོང་བའང་མདོར་དེད་ན་ང་རང་ཁོ་ཚོ་དང་འདྲ་དྲགས་པས་རེད། དེ་བས་གཞན་དང་མ་འདྲ་བ་ཞིག་ཆགས་པ་ནི“ང”ཡི་གཞི་གྲུབ་ཀྱི་དོན་སྙིང་འཚོལ་སྟངས་ཉག་ཅིག་ཡིན། ཡིན་ཡང་དེ་ལྟའི་རང་དབང་གདམ་ཀའི་མདུན་དུ། “ང”རང་གྲོང་ཁྱེར་གྱི་ཆོ་མེད་པའི་འཚོ་བ་དང་། གཞན་གྱི་གླེང་ཕྱོགས་སྣ་ཚོགས་ཀྱིས་བས་མཐར་སྤྱུགས་པས། ནད་ལ་སྨོན་པའི་དགོས་མཁོ་ཡ་མ་བརླ་འདི་སྐྱེས་པ་དང་། མི་གཞན་དང་མི་འདྲ་བའི་ཆ་ཞིག་ཡོད་རྒྱུ་ནི“ང”ཡི་འདོད་པ་ཉག་ཅིག་ཏུ་གྱུར་ཡོད། འདི་ནི་དེང་རབས་སྤྱི་ཚོགས་ཀྱི་བཙིར་གནོན་དང་གྲོང་ཁྱེར་ཅན་གྱིས་བསྐྱེད་པའི་མིའི་རྒྱུ་འགྱུར་གྱི་སྣང་ཚུལ་རིགས་ཤིག་རེད་ལ། ཚེ་སྲོག་གི་ཧམ་སེམས་ལས་བསྐྱེད་པའི་མི་ཚེའི་སྡུག་བསྔལ་གྱི་རང་བཞིན་ཞིག་ཀྱང་རེད།
མཇུག་སྡོམ།
དཔྱད་རྩོམ་འདིར་གཞི་གྲུབ་རིང་ལུགས་ཀྱི་གཞུང་ལུགས་ཀྱི་སྒྲོམ་གཞིའི་མཐོང་སྣེ་ནས་ཚེ་དབང་རྣམ་རྒྱལ་གྱི་བརྩམས་སྒྲུང《ནད》ལ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་ལ། གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་གི་ཁྱད་ཆོས་ལ་ངོས་འཛིན་གསལ་པོ་བྱས་ཡོད། བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་གཙོ་བོ“ང”ནི་འཕྲུལ་ཆས་ཅན་གྱི་གྲོང་ཁྱེར་གྱི་བསྐྱར་ཟློས་དང་། དོན་སྟོང་གི་འཚོ་བའི་སྡུག་བསྔལ་ཁྲོད་དུ། དཔེ་མཚོན་ཅན་གྱི་རྒྱུ་འགྱུར་གྱི་མི་སྣ་ཞིག་ཏུ་ཆགས་ཡོད། འདི་འདྲའི་རྒྱུ་འགྱུར་གྱི་སྣང་ཚུལ་ནི་གྲོང་ཁྱེར་ཅན་གྱི་མིའི་ལས་རིགས་དང་། མི་གཞན་གྱི་མནར་གཅོད་ཁྲོད་མི་སྒེར་གྱི་རིན་ཐང་ཁྱོན་ནས་བོར་ཡོད་པ་ལས། སཱ་ཐི་ཡི“གཞི་གྲུབ་ནི་ངོ་བོའི་སྔ་ལོགས་སུ་གྲུབ་པ”ཞེས་པའི་མཚན་ཉིད་རིག་པའི་ལྟ་དགོངས་དེ་ར་སྤྲོད་བྱས་ཡོད་ལ། དེང་རབས་སྤྱི་ཚོགས་ཀྱི་སྒྲིག་གཞིའི་ཁྲོད་དུ། མི་སྒེར་གྱི་ངོ་བོ་དེ་ཉིད་སུ་དང་གང་གིས་ཀྱང་སྔ་མོ་ནས་བཟོས་པ་མ་ཡིན་པར། འདུ་ཤེས་ཀྱིས་མ་བྱས་པའི་འཚོ་གནས་ཁྲོད། འུ་ཐུག་ཐབས་ཟད་ཀྱིས་བསྐྲུན་པའི་གདུག་རྩུབ་ཆེ་བའི་དོན་དངོས་དེ་ཐེར་འདོན་བྱས་ཡོད།
ཆོ་མེད་པའི་འཇིག་རྟེན་དང་ཁ་གཏད་གཅོག་པའི་གོ་རིམ་ཁྲོད་དུ། མི་སྣ་གཙོ་བོ“ང”ཡི་རང་དབང་གདམ་ཀའི་མདུན་ཐད་ཀྱི་དཀའ་ཁག་གིས་རྩོམ་ཆོས་ཀྱི་འགལ་བའི་སྲོག་ཤིང་གྲུབ་པར་བྱས་ཡོད་ཅིང་། སྲ་འཐས་སུ་གྱུར་པའི་གྲོང་ཁྱེར་གྱི་གཏན་ཚིགས་ཡོད་ཚད་གཏོར་ཆེད། “ང”ཡིས་ཇི་ལྟར་འཕག་འཚག་བྱས་ཀྱང་། མཇུག་མཐར་དུག་ཆང་འཐུང་ནས་རང་སྲོག་གཅོད་རྒྱུ་ལས་ཐབས་ཤེས་གང་ཡང་མ་རྙེད། ཡང་ན་འདི་ཡང་མཐར་ཐུག་གི་གདམ་ཀ་ཞིག་ཅི་ལ་མིན། འདི་ལྟའི་གདམ་ཀའི་དཀའ་ཁག་གིས་རང་དབང་གདམ་ཀ་དང་གདམ་ཀའི་འགན་འཁྲིའི་བར་གྱི་འགལ་འདུ་ལ་གཏིང་ཟབ་པའི་ངོས་འཛིན་བྱེད་ཐུབ།
བརྩམས་སྒྲུང་ཁྲོད་དུ་ཆོ་མེད་པའི་ཚོར་སྣང་དང་དཀའ་སྡུག་གི་མྱོང་ཚོར་སྣ་ཚོགས་ལས་ཅཱ་མེའོ་ཡི“ཚུལ་འཆལ་ལྟ་གྲུབ”ཀྱི་རྩོམ་རིག་གི་གྲིབ་གཟུགས་མངོན་ཡོང་ལ། འཇིག་རྟེན་གྱི་དཔྱོད་ཤེས་མ་ཡིན་པ་དང་མི་ཚེའི་དོན་གྱིས་སྟོངས་པའི་གནས་སྟངས་ལ་མྱོང་རོལ་གཏིང་ཟབ་བྱེད་ཐུབ། འདི་ལྟའི་ཆོ་མེད་པའི་མྱོང་བརྒྱུད་ནི་མི་སྒེར་བ་ཞིག་མ་ཡིན་པར་རྒྱུ་འགྱུར་བའི་དེང་རབས་སྤྱི་ཚོགས་ཀྱི་བསྡུས་གཟུགས་ཤིག་ཏུ་གྲུབ་ཡོད། ཚན་རྩལ་དཔྱོད་ཤེས་ཀྱིས་མི་གཤིས་ལ་བརྡབ་གསིག་བཏང་བ་དང་། དངོས་པོའི་དཔལ་ཡོན་གྱིས་བསྐྱེད་པའི་ནང་སེམས་ཀྱི་ཆག་འཇིག་སོགས་ཀྱིས་འཚོ་གནས་ཀྱི་གཟེབ་དྲ་འདི་འདྲ་ཞིག་བསྐྲུན་པ་རེད། བརྩམས་སྒྲུང་ཁྲོད་ཀྱི“ང”ཡིས་རྣམ་ཤེས་ཀྱི་སྟེང་ནས་འཕག་འཚག་བརྒྱབ་པ་ལས་ཅཱ་མེའོ་ཡི“ཞི་ཞི་ཧྥུ་ལྷ་སྒྲུང”ནང་བཞིན་གདོང་གཏོད་པའི་སྙིང་སྟོབས་རིགས་ཤིག་མངོན་ཡོང་ལ། ཆོ་མེད་པའི་འཇིག་རྟེན་ལ་གདོང་གཏོད་པའི་མི་རིགས་ཀྱི་ཚད་བཀག་རང་བཞིན་ཡང་མངོན་ཡོད། །
ཟུར་ལྟའི་དཔྱད་གཞི།
[1] 廖星桥:《西方现代派文学500题》[M].辽宁人民出版社,1988年
[2] 木心著:《文学回忆录》[M].广西师范大学出版社,2013年
[3] [法]让·保罗·萨特著,周煦良译:《存在主义是一种人道主义》[M].上海译文出版社,1988年
[4] [法]让·保罗·萨特著,沈志明等译:《萨特戏剧集》[M].安徽文艺出版社,1998年
[5][法]让·保罗·萨特著,陈宣良等译:《存在与虚无》[M].生活·读书·新知三联书店,1989年
[6][法]卢梭著,施新洲译:《社会契约论》[M],北京出版社,2012年
[7][法]阿尔贝·加缪著,闫正坤译:《西西弗斯神话》[M].江苏文艺出版社,2012年
[8][德]阿图尔·叔本华著,林求是译:《人生的智慧》[M].湖南人民出版社,2015年