ཀྲུང་གོ་བོད་ཀྱི་དྲ་བ།

《མཛངས་ཡིག་འཕྲུལ་གྱི་མེ་ལོང》ལས་བསྟན་པའི་མི་ཆོས་བསམ་བློའི་སྐོར་ལ་དཔྱད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྐལ་བཟང་ཚེ་རིང་།   སྤེལ་དུས། : 2025-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《མཛངས་ཡིག་འཕྲུལ་གྱི་མེ་ལོང》ཞེས་པ་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་མཛད་དེ་ཕྱི་རབས་དོན་དུ་གཏེར་དུ་སྦས་པ་ཕྱིས་སུ་གཏེར་ནས་བཏོན་པ་ཡིན་པར་གྲགས་ཀྱང་། དོན་ལ་ཕལ་ཆེར་ཕག་གྲུའི་སྐབས་དེ་ཤེད་ཅིག་ཏུ་བརྩམས་པའི་ཡིག་ཆ་ཡིན་པའི་དོགས་པ་འདུག་ལ། ནང་དོན་གྱི་ཆ་ནས་དྲུག་ཚན་བཅུ་ཡི་དྲུག་ཅུ་ཡིས་འཇིག་རྟེན་མི་ཆོས་ཀྱི་གནས་ལུགས་སྐོར་བསྟན་ཡོད་དེ། གཙོ་བོ་ཕོ་མོའི་མཛངས་པའི་ཚད་དང་། བཟང་ངན་གྱི་དབྱེ་བ། ཁྱིམ་སྐྱོང་དང་སྤྱི་ཚོགས་འབྲེལ་བའི་སྐོར། དཔལ་འབྱོར་སྒྲུབ་གཏོང་སྐོར་སོགས་ཀྱི་མི་ཆོས་ཀྱི་ལྟ་བ་བསྟན་ཡོད། ཡང“མི་ཆོས་ནི་མིའི་རང་བཞིན་དང་མིའི་འབྲེལ་ལུགས་སོགས་ཀྱི་གནད་དོན་སྟོན་པའི་ཁྱད་ཆོས་མངོན་ཆེ་ལ། མིའི་འབྲེལ་ལུགས་ཀྱིས་བརྩི་དགོས་པའི་སྣོད་བཅུད་ཀྱི་ཆོས་ཉིད་དམ་གནས་ལུགས་གཙོ་བོར་སྟོན”ཞེས་པ་ལྟར། དེ་ནི་མིའི་རང་བཞིན་དང་མི་དང་མིའི་འབྲེལ་ལུགས། སྤྱི་ཚོགས་འཚོ་བའི་ཁྲོད་མིས་བརྩི་སྲུང་བྱེད་དགོས་པའི་སྣོད་བཅུད་ཀྱི་ཆོས་ཉིད་གཙོ་བོར་སྟོན་པ་ཞིག་ཡིན་པ་དང་། “མི་ཆོས་ལྟ་གྲུབ་གདོད་ནས་རིག་གནས་རྩ་ལག་དང་རིག་གནས་དཔེ་ལུགས། སྤྱི་ཚོགས་འཕེལ་སྐྱེད་བཅས་སོགས་ལ་ཉེ་བར་མཁོ་བའི་གཞིའམ་རྟེན་མེད་དུ་མི་རུང་བ་དེ་ཡིན།”ཞེས་པ་ལྟར། མི་ཆོས་ལྟ་སྤྱོད་ཀྱིས་མི་རྣམས་ཀྱི་སྒོ་གསུམ་མམ་མི་གཤིས་ཀྱི་ཆགས་རིམ་ལ་ཐོན་པའི་ཁ་སྒྱུར་གྱི་ནུས་པ་ཤིན་ཏུ་ཆེ་བར་མ་ཟད། མི་ཆོས་ལྟ་སྤྱོད་དམ་བསམ་བློ་ནི་མི་རིགས་ཤིག་གམ་དུས་རབས་ཤིག་གི་རིག་གནས་དཔེ་ལུགས་དང་སྤྱི་ཚོགས་སྒྲིག་གཞི་སོགས་གང་འདྲ་ཡིན་མིན་གསལ་བར་འཆར་བའི་མེ་ལོང་ལྟ་བུ་དང་། མི་ཞིག་གི་ཡང་དག་གི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བའི་ཆགས་གྲུབ་སོགས་ལའང་དེ་བཞིན་གྱི་ནུས་པ་ཐོན་གྱིན་ཡོད་དོ། །

《མཛངས་ཡིག་འཕྲུལ་གྱི་མེ་ལོང》དུ་མི་དང་སྤྱི་ཚོགས་ཀྱི་ཟུར་དང་ཕྱོགས་སོ་སོ་ནས་མི་ཚེའི་གནས་ལུགས་དང་སྤྱི་ཚོགས་ཀྱི་ཆོས་ཉིད་མང་དུ་བསྟན་ཡོད་པ་ཁོ་བོས་འདིར་ཕྱོགས་བཞི་རུ་བསྡུ་ཁུལ་གྱིས་དེའི་མི་ཆོས་ལྟ་བ་གཙོ་བོ་དག་བརྗོད་པར་བྱ་སྟེ།

དང་པོ། བཟང་ངན་མཛངས་མིན་གྱི་སྐོར་བསྟན་པ།

བཟང་ངན་དགེ་སྡིག་ནི་མི་ཆོས་ཀུན་སྤྱོད་ཀྱི་ཆེས་གཞི་རྩར་གྱུར་པའི་གནད་དོན་ཞིག་སྟེ། བཟང་དགེ་ནི་ཀུན་སྤྱོད་ཀྱི་དམིགས་ཡུལ་དང་ཚད་གཞི་དང་མཐུན་པའི་མི་ཆོས་ཀྱི་སྤྱོད་པ་ཞིག་དང་། སྡིག་ངན་ནི་ཀུན་སྤྱོད་ཀྱི་དམིགས་ཡུལ་དང་ཚད་གཞི་དང་འགལ་བའི་མི་ཆོས་ཀྱི་སྤྱོད་པ་ལ་སྟོན་པས། བཟང་ངན་དགེ་སྡིག་གི་ཚད་འབྱེད་པ་ནི་མི་ཆོས་རིག་པའི་འགན་འཁྲི་གཙོ་བོ་ཡིན། དེ་བས་མཛངས་ཡིག་འཕྲུལ་གྱི་མེ་ལོང་འདིར་ཡང“མཛངས་པའི་མི་དགུ་ལ། གཞུང་རིང་ཕྱི་ཐག་རིང་བ་མཛངས་ཀྱི་ཕྱི་རྟགས། ཤེས་པའི་ཡོན་ཏན་སློབ་པ་མཛངས་ཀྱི་བསྣན་པ། འཇུག་མྱུར་དོན་ལ་མཁས་པ་མཛངས་ཀྱི་རྩ་བ། ངན་པའི་མི་དགུ་ལ། ལེགས་ཉེས་ལྟ་མི་ཤེས་ན་མིག་རྣོ་ཡང་ལོང་བ། བདེན་རྫུན་ངོ་མ་ཤེས་ན་རྣ་བ་གསལ་ཡང་འོན་པ། དགེ་སྡུག་ལྟ་མ་ཤེས་ན་ཤེས་རབ་ཆེ་ཡང་ལྐུགས་པ་ལྟ་བུ་ཞེས་བཟང་ངན་དང་མཛངས་པ་ཡིན་མིན་གྱི་ཚད་བསྟན་ཡོད་ལ། ཡང་ཡ་རབས་མ་རབས་སྤྱོད་པས་ཤེས་ཟེར་བ་ལྟར“ཡ་རབས་ཀྱི་སྤྱོད་པ་དགུ་ལ། བྱ་བ་ཉུང་ལ་ཀུན་དང་མཐུན་ན་ཡ་རབས་ཀྱི་སྤྱོད་པ། ཁོག་པ་ཡངས་ལ་མདོ་ཆེ་ན་ཡ་རབས་ཀྱི་སྤྱོད་པ། ཤེས་རབ་ཆེ་ལ་འགྲོགས་པ་བདེ་ན་ཡ་རབས་ཀྱི་སྤྱོད་པ། མ་རབས་ཀྱི་སྤྱོད་པ་དགུ་ལ། གྲོད་པ་ཆེ་ལ་མཛའ་སྡེ་ལ་སྡང་ན་མ་རབས་ཀྱི་སྤྱོད་པ། སྨྲ་བ་མང་ལ་ཚིག་མི་གཙང་ན་མ་རབས་ཀྱི་སྤྱོད་པ་ལྟ་བུའི”ཡ་རབས་མ་རབས་ཀྱི་སྤྱོད་པ་བསྟན་ཡོད་པ་དང་། ད་དུང“ཕོ་ལ་དགོས་པ་མདའ་ལ་ཚང་བ་བཅུ། སྒོ་གསུམ་གཡོ་བ་མེད་པ་སྙུག་མ་སྲོང་པ་འདྲ་བ་གཅིག་དགོས། ཁོངས་པ་ཡངས་པ་སྙུག་མའི་ཁོང་པ་འདྲ་བ་གཅིག་དགོས། མོ་ལ་དགོས་པ་འཕང་ལ་ཚང་བ་བཅུ་ལ། གཙང་སྦྲ་ཆེ་ཞིང་དྲི་མས་སྐྱོན་གྱིས་མ་གོས་པ་འཕང་གཞོག་འདྲ་བ། ཤེས་རབ་རྣོ་བ་འཕང་རྩེ་འདྲ་བ་གཅིག་དགོས”ལྟ་བུ་སོགས་ཀྱིས་ཕོ་མཛངས་མོ་མཛངས་དང་ཡ་རབས་མ་རབས། བཟང་ངན་སོགས་ཀྱི་ཚད་བསྟན་པ་ནི་མདོར་བསྡུས་ན་མི་ཆོས་ཀྱི་ནང་དོན་ཀུན་བཟང་སྤྱོད་དང་ངན་སྤྱོད་གཉིས་སུ་བསྡུ་ཆོག་པར་མ་ཟད་དེ་ནི་ཀུན་སྤྱོད་ཀྱི་རྩ་བ་ཡིན་པས། འདིར་ཡང་བཟང་ངན་དང་མཛངས་མིན་གྱི་ཚད་ཕྱེ་སྟེ་སྤྱི་ཚོགས་ཀྱི་ལས་སྤྱོད་གང་ལ་འཇུག་སྐབས་ཀུན་སྤྱོད་ཀྱི་ཚད་གཞི་དེ་གཉིས་གཅིག་སྲུང་གཅིག་སྐྱུང་གིས་འཇུག་དགོས་པའི་ཚུལ་འགངས་ཆེར་བསྟན་ཡོད་དོ། །

གཉིས་པ། ཁྱིམ་སྐྱོང་གི་མི་ཆོས་ལྟ་བའི་སྐོར་བསྟན་པ།

ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་སྡེ་ཚན་ཆུང་ཤོས་དེ་ཡིན་པས། ཁྱིམ་ཚང་གི་འབྲེལ་བ་དང་ཁྱིམ་ཚང་སྐྱོང་ལུགས་ཐད་ཡང་དག་པའི་མི་ཆོས་བསམ་བློ་ཞིག་དགོས་པ་ནི་ཁྱིམ་ཚང་འགྲིག་མཐུན་ཡོང་བའི་བདེ་སྐྱིད་ཀྱི་གཞི་མ་དང་། མི་སྒེར་ལ་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ་ལེགས་པོ་ཞིག་ཆགས་པའི་ཁོར་ཡུག་གཙོ་བོ་ཡང་ཡིན་པས། མཛངས་ཡིག་ཏུ་ཁྱིམ་སྐྱོང་གི་མི་ཆོས་ལྟ་བའི་སྐོར་ནས་གཙོ་བོར་མནའ་མ་དང་བུ་མོ་མཛངས་མ་ཞིག་ཇི་ལྟར་འཁྱོངས་པར་བྱེད་པ་དང། ཆུང་མར་བརྟག་པ་སོགས་ཀྱི་ཕྱོགས་ནས་བསྟན་ཡོད་པ་ནི། “མོ་མཛངས་ཀྱི་ཆོས་དགུ་ལ། ལབ་ལོབ་མ་ཤོར་བ་གཅིག་དགོས། ཁྱིམ་མཚེས་ཀུན་དང་མ་མཁོན་པ་གཅིག་དགོས”ལྟ་བུ་དང་། ཡང་མགོ་དགེ་བའི་བླ་མ་བརྟག་པ་ནས་བར་འགྲོགས་བདེའི་ཉེ་བཤེས་གྲོགས་ཆུང་མ་སོགས་ཀྱི་ལེགས་ཉེས་བརྟག་པ་ནི་ང་ཚོའི་མི་ཆོས་བསླབ་བྱ་ལེགས་བཤད་ཀུན་གྱི་བརྗོད་བྱ་གཙོ་བོ་ཡིན་པ་དེ་བཞིན། འདིར་ཡང“ལེགས་ཉེས་ཀྱི་གཞི་ཐམས་ཅད་བུད་མེད་ཡིན་ཚོད་ཀྱིས་རྟག་ཏུ་འགྲོགས་པའི་ཆུང་མ་ལ་བརྟག”ལྟ་བུ་བསྟན་ཡོད་པ་དང། ཕ་མར་བཀུར་སྐྱོང་བྱེད་པ་གལ་ཆེ་ཚུལ་བསྟན་པ་ནི“མི་མངས་ཁུངས་ཆེ་ཡང་ཕ་མ་བཙལ་དུ་དཀོན། ཕ་མ་རྒྱབ་ཏུ་བོར་ནས་བཟར་མེད་ཁྱིམ་ཐབ་བྱེད་ན་ལས་འཕྲོ་ཡིན་ཡང་སྡུག་ཏེ་འགྲོ”ལྟ་བུ་དང་། ཡང་རྒྱའི་ཁ་དཔེར་མ་གུས་པ་གསུམ་ལས་བུ་ཚའི་རབས་མ་སྤེལ་བ་ནི་ཆེ་ཞེས་པ་ལྟར། མཛངས་ཡིག་ཏུའང་བུ་ཚའི་རབས་སྤེལ་བ་ནི་གཞོན་རབས་ཀྱི་འགན་འཁྲི་ཡིན་པ་བསྟན་ཡོད་ལ། ཕ་ཁུ་རྒན་རིམ་གྱི་ཞབས་ནས་འདེགས་ཤིང་བུ་ཚ་རྒྱུད་སྤེལ་བ་ལྟ་བུའོ། །

གསུམ་པ། དཔལ་འབྱོར་སྒྲུབ་གཏོང་གི་སྐོར་བསྟན་པ།

དཔལ་འབྱོར་ནི་སྤྱི་ཚོགས་འཚོ་བའི་གཞི་རྩ་ལྟ་བུ་ཡིན་ལ། དཔལ་འབྱོར་གྱི་གཞི་མ་ནི་ཞིང་ཕྱུགས་ཀྱིས་གཙོས་པའི་དངོས་གཟུགས་དཔལ་འབྱོར་ལ་ཐུག་ཡོད་པ་དང་། སྒེར་ནོར་གྱི་གསོག་སྤྱོད་གཏོང་ལུགས་སོགས་ནི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཚོ་བར་དགོས་ངེས་ཀྱི་ཤེས་བྱ་ཡིན་པས། སྔ་མས་བོད་ཀྱི་མི་ཆོས་བསྟན་བཅོས་ཁག་ཏུ་དངོས་ཡོད་སྤྱི་ཚོགས་ལ་ཤིན་ཏུ་མཁོ་བའི་དཔལ་འབྱོར་སྒྲུབ་ཐབས་སོགས་བསྟན་ཡོད་པ་དེ་བཞིན་དུ། མཛངས་ཡིག་འདིར་ཡང་དཔལ་འབྱོར་སྒྲུབ་ཐབས་དང་གཏོང་སྤྱོད་སོགས་ཀྱི་ཕྱོགས་ནས“ཕོངས་ཀྱི་དོགས་པ་མེད་ཀྱང་སོ་ནམ་མི་སྤང་། ཕྱུག་པོས་སྤྱོད་ཤེས་ན་ལུད་ཀྱང་ཕྱིར་མི་འབོ། ལས་དང་སོ་ནམ་བོར་ནས་ཅི་མེད་སྤྱོད་པ་བྱེད་ན་རྩིང་པོ་རང་མཐོང་ཡིན་ཡང་ཕུང་ཏེ་འགྲོ”ལྟ་བུས་ཞིང་ཕྱུགས་ནི་དཔལ་འབྱོར་གྱི་གཞི་མ་ཡིན་པས་མི་སྤོང་བ་དང་གྲོན་ཆུང་སྤྱོད་ཤེས་ཀྱི་རིན་ཐང་ལྟ་བ་བསྟན་ཡོད་པར་མ་ཟད། “ནོར་གྱི་སོག་ལུགས་དྲུག་ལ། འབྲོག་པ་ཕྱུགས་དང་སྤུ་ལ་བསྟེན་ནས་ནོར་སོག ལས་རེམ་པོ་ཡུལ་ཞིང་ལ་བརྟེན་ནས་ནོར་སོག”ལྟ་བུ་དང་། ནོར་གྱི་དགོས་པ་དྲུག་དང་ནོར་གྱི་འབོ་ས་དྲུག བསགས་ཀྱང་ནོར་དུ་མི་ཡོང་བ་དྲུག ཆོག་ཤེས་སེམས་ཚོད་ཟིན་ན་ནོར་གྱི་མཆོག་སོགས་དཔལ་འབྱོར་སྒྲུབ་ཐབས་དང་དེའི་སྤྱོད་གཏོང་། དཔལ་འབྱོར་གྱི་གལ་ཆེའི་རང་བཞིན། དཔལ་འབྱོར་ལ་ཆོག་ཤེས་དགོས་ཚུལ་སོགས་དཔལ་འབྱོར་ལྟ་བའི་སྐོར་གྱི་གནས་ལུགས་བསྟན་ཡོད་པ་ནི་ང་ཚོའི་སྐབས་ཀྱི་འཚོ་བར་ཡང་མ་མཁོ་གང་མཁོའི་གདམས་ངག་ཆིག་ཆོག་ལྟ་བུར་འདུག་གོ །

བཞི་པ། སྤྱི་ཚོགས་འཚོ་བའི་ཐད་ཀྱི་མི་ཆོས་ལྟ་བའི་སྐོར་བསྟན་པ།

སྤྱི་ཚོགས་རང་བཞིན་ནི་མིའི་ཁྱད་གཤིས་གཙོ་བོ་ཡིན་པས། སྤྱི་ཚོགས་འཁོར་སྐྱོད་ཀྱི་ཆོས་ཉིད་དང་བསྟུན་ཐབས་དང་མི་གཞན་བར་གྱི་འབྲེལ་བ་སྐྱོང་ཐབས། རང་ཉིད་ཡར་སྐྱེད་ཀྱིས་སྤྱི་ཚོགས་འཕེལ་རྒྱས་དང་ཇི་ལྟར་མཐུན་ཐབས་བྱེད་ལུགས་སོགས་ནི་སྤྱི་ཚོགས་འཚོ་བའི་ནང་འཚོ་བཞིན་པའི་མི་ཞིག་ཡིན་ཕྱིན་གནས་དུས་གང་དུའང་ངེས་པར་དགོས་པའི་ཐབས་རྩལ་ལྟ་བུར་འདུག་པས། མཛངས་ཡིག་ཏུའང་དེའི་ཕྱོགས་ཀྱི་མི་ཆོས་ལྟ་བ་གང་འཚམ་རེ་བཏོན་ཡོད་པ་ནི། གྲོས་ཕུགས་སུ་ལ་འདྲི་བ་དང་གསང་རྒྱ་ཐུབ་དགོས་པའི་སྐོར་ནས། “གསང་གྲོས་ལ་ཁ་ཐུབ་པ་ལྐུགས་པ་མིན། གྲོས་ཕུགས་ཕ་མེས་རྒན་རིས་ལ་འདྲི”ལྟ་བུ་དང་། ཡང་རང་སྐྱོན་རང་གིས་ཟིན་ན་སངས་རྒྱས་ཟེར་བ་ལྟར། མི་རེ་ལ་རང་གི་རང་གཤིས་དང་ཁ་གཏད་དུ་ལངས་པའི་སྐྱོན་ནམ་ཞན་ཆ་ཡོད་པར་བསྟན་པ་ནི། “བཟང་ཞིང་དྲང་བའི་མི་ལ་གླེན་ཞིང་འཐོམས་པའི་སྐྱོན། མཁས་ཤིང་དྲང་བའི་མི་ལ་འཇམ་ཞིང་འཁྲི་བའི་སྐྱོན། ཡངས་ཤིང་ལྷོད་པའི་མི་ལ་ནར་ཞིང་ཕྱལ་བའི་སྐྱོན”ལྟ་བུ་བསྟན་ནས་ང་ཚོས་རང་གི་རང་གཤིས་ཀྱི་ཟབ་ས་རུ་སིམ་པའི་སྐྱོན་དག་བསྲང་དགོས་པ་བསྟན་ཡོད་ལ།  སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་ཁྲོད་མི་ལ་རང་གི་ཁོར་ཡུག་དང་བསྟུན་ནས་མཉེན་གྱོང་གི་ཤེས་རབ་དགོས་པ་འགངས་ཆེན་དུ་འདུག་པས། མཛངས་ཡིག་ཏུའང“མ་ལྐུགས་ན་སྨྲ་བ་ཉུང་བ་ཡོན་ཏན། སྤྱོད་པའི་དུས་སུ་སྤྱོད་ཤེས་ན་ཕོའི་རྩལ། མེད་པའི་དུས་སུ་ཚོལ་ཤེས་ན་ཕོའི་རྩལ། རྒྱལ་བའི་དུས་སུ་མཚོད་ཟིན་ན་སྐྱེས་པ་ཕོའི་རྩལ”ཞེས་གནས་ཚོད་དང་བསྟུན་པའི་བྱ་ཚོད་བྱེད་ཚོད་ཤེས་དགོས་པ་སོགས་བསྟན་ཡོད་དོ། །

《མཛངས་ཡིག་འཕྲུལ་གྱི་མེ་ལོང》འདི་ནི་བཟང་ངན་མཛངས་མིན་གྱི་ཚད་སོགས་སྐབས་དེའི་སྤྱི་ཚོགས་ཀུན་སྤྱོད་ཀྱི་རྩ་དོན་དང་ཀུན་སྤྱོད་ཀྱི་ཚད་གཞི། ཀུན་སྤྱོད་དོན་གཉེར་བྱེད་ཐབས་སོགས་བསྟན་པའི་མི་ཆོས་བསྟན་བཅོས་ཤིག་ཏུ་འདུག་ལ། དེའི་མི་ཆོས་ལྟ་བ་དེ་དག་གི་ཁྲོད་སྐབས་ཀྱི་ང་ཚོའི་སྤྱི་ཚོགས་འཚོ་བར་མཁོ་བའི་ནང་དོན་ཡང་མང་དུ་འདུག་པར་སེམས་སོ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།