ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་སུམ་པའི་མ་ཤགས་ཆེན་མོ་ལ་མ་ཡིག་གཉིས་ཡོད་དེ། གཅིག་ནི་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཤོག་དྲིལ་ཨང་རྟགསP.T992ཅན་ཡིན་ལ། ཅིག་ཤོས་ནི་དབྱིན་ཇིའི་བཤམས་མཛོད་ཁང་དུ་ཉར་བའི་ཤོག་དྲིལ་ཨང་རྟགསIOL Tib J730ཅན་ཡིན། གཏེར་ཡིག་ཨང་རྟགསP.T992ཅན་གྱི་ཁྲོད་དུ་སུམ་པའི་མ་ཤགས་ཆེན་མོའི་ལྟེབ་མའི་ཤོག་དྲིལ་ཆ་ཚང་ཞིག་འདུག་པ་དང་། མགོ་ནས་མཇུག་བར་ཤོག་དྲིལ་ལྟེབ་མའི་ཤོག་ངོས15ཡོད་པ་དང་། ཤོག་དྲིལ་ལྟེབ་མའི་ངོས་རེར་ཕལ་ཆེར་ཐིག་ཕྲེང10རེ་དང་ཁྱོན་བསྡོམས་ཐིག་ཕྲེང149ཡོད། ཐིག་ཕྲེང་རེར་ཡིག་འབྲུ་མང་ཉུང་དོ་མཉམ་པ་ཞིག་མིན་ལ། ཡིག་ཆ་འདི་ཡང་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་ཕལ་མོ་ཆེ་ཞིག་དང་འདྲ་བར་འ་ཆུང་ལ་ཙ་རྟགས་དང་གི་གུ་ཕྱིར་ལོག་ཡོད་པ་བཅས་བརྡ་རྙིང་གི་ཁྱད་ཆོས་མངོན་གསལ་ལྡན། དོན་དུ་ཡིག་ཆ་དེ་གཉིས་ནི་བཙན་པོའི་དུས་ཀྱི་ཡིག་ཚགས་ཤིག་སྟེ། འཇིག་རྟེན་མི་ཆོས་ཀྱི་བཟང་སྤྱོད་བརྒྱ་ཕྲག་ལྷག་ཕྱོགས་བསྡུས་སུ་བཀོད་ཅིང་། སྔ་རབས་བོད་ཀྱི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་བྱ་སྤྱོད་མང་པོ་ཞིག་ཕྱི་རབས་པ་དག་ལ་མདོ་དོན་གཅིག་དྲིལ་དུ་དཔེར་བཞག་ནས་བཀོད་པའི་ཡིག་ཆ་གལ་ཆེན་ཞིག་རེད། དེ་བས་འདིར་སུམ་པའི་མ་ཤགས་ཆེན་མོ་དང་འབྲེལ་ཏེ་གནའ་རབས་སློབ་གསོའི་སྐོར་མདོ་ཙམ་བརྗོད་པར་བྱའོ། །
དང་པོ། མི་ཆོས་སློབ་གསོ་ལ་རྩིས་མཐོང་གནང་ཡོད་པ།
བོད་མི་རིགས་ནི་ལས་རྒྱུ་འབྲས་བརྩི་ཞིང་བྱམས་དང་སྙིང་རྗེ་ལྡན་ལ། ཞི་བདེར་དགའ་ཞིང་སྡིག་པར་འཛེམ་པ། བརྩོན་འགྲུས་དང་ཤེས་རབ་ལྡན་པའི་མི་རིགས་ཤིག་ཡིན་ཞེས་སྔོན་བྱོན་དམ་པ་རྣམས་ཀྱིས་སྨྲ་ལ། དོན་དངོས་ཀྱི་གནས་ཚུལ་ཡང་དེ་འདྲ་ཞིག་རེད། གནའ་བོའི་བོད་མིས་ཤེས་ཡོན་ཅན་དང་སློབ་སྦྱོང་ལ་བཟུང་བའི་ལྟ་ཚུལ་དེས་ནི་སྐབས་དེ་ནས་བཟུང་བོད་མི་རིགས་ནི་སློབ་གསོ་ལ་རྩིས་མཐོང་ཆེ་བའི་མི་རིགས་ཤིག་ཡིན་པ་ཤེས་ཐུབ་སྟེ། སུམ་པའི་མ་ཤགས་ཆེན་མོ་རུ། བུ་ཚ་བསྐྱེད་དེ་སློབས་སྦྱོངས་མ་བྱས་ན་གཏི་མུག་གི་གཞི་སྟེ། བསྐྱེད་པའི་དོན་མྱེད་ལ། ལྟོ་རྒྱབ་ཀྱི་གྲོན་ཆེའོ། ཁང་བ་རྩིགས་སྟེ་སྒོ་མ་བཏགས་ན་ནི་རྐུན་མའི་སྲང་སྟེ། མཁར་ལན་གྱི་ཚེགས་ཆེ་ལ། བྱས་པའི་དོན་མྱེད་དོ་ཞེས་བུ་ཚ་བསྐྱེད་པ་ནི་སློབ་སྦྱོང་ལ་དགའ་ཞིང་མོས་པ། ཐོས་པ་ཆེ་བའི་མི་ཞིག་འབྱུང་བའི་དོན་དུ་ལགས་ཤིང་། གལ་སྲིད་སློབ་སྦྱོང་ལ་ཡེ་མི་དགའ་བའི་མི་ཞིག་བསྐྱེད་ན་ནི་ལྟོ་རྒྱབ་ཙམ་ཞིག་དོན་དུ་གཉེར་མཁན་ཡིན་པས། གྲོན་ཆེ་བ་སྟེ། མི་ལུས་བསྐྱེད་པ་ཆུད་གཟན་པ་ཙམ་དུ་སྨྲས་པས། འདིས་སྔོན་གྱི་དུས་སུ་སློབ་གསོ་ལ་གོ་བབ་ག་འདྲ་ཞིག་ཡོད་པ་རྟོགས་ཐུབ།
གཉིས་པ། ཕ་མ་ལ་དྲིན་གཟོ་ཡི་བསམ་པ་ཡོད་པ།
ཕ་མ་ལ་དྲིན་གཟོ་བྱེད་པ་ནི་འགྲོ་བ་མིའི་སྤྱོད་ལམ་ཡག་པོ་ཞིག་སྟེ། ཚེ་འདིའི་རྟེན་བཟང་སྦྱིན་མཁན་གྱི་ཕ་མ་ལ་དྲིན་གཟོ་དང་གུས་བཀུར། ཞབས་ཏོག་བཅས་བསྒྲུབས་ཏེ་དྲིན་ལན་འཇལ་དགོས་པའི་ཀུན་སློང་ཡང་དག་པ་ཞིག་གིས་མི་རིགས་ཤིག་གི་ནང་སེམས་ཀྱི་བྱང་ཚད་ཀྱང་མཚོན་ཐུབ་པ་ཡིན། སུམ་པའི་མ་ཤགས་ཆེན་མོ་རུ། འགྲེང་མི་མང་ཡང་ཕ་མ་བཙལ་གྱིས་མི་རྙེད་དོ་ཞེས་དང་། ཕ་མ་གཉིས་ནི་བཙལ་གྱིས་མྱི་རྙེད་ལ་མྱེ་དང་ཆུ་ནི་མྱེད་དུ་མྱི་རུང་ཞེས་དང་། ཕུ་ནུའི་མདོ་ལས། ཆུང་མ་ཅི་ལྟར་སྡུག་ཀྱང་ཉོ་རྒྱུ་ཡོད། ཕ་མ་ཅི་ལྟར་མི་སྡུག་ཀྱང་རྙེད་པ་དཀོན། ཞེས་འབྱུང་བ་ལས་གནའ་མིའི་ཕ་མར་བཀུར་བའི་ཚད་སོགས་ཀྱང་ག་འདྲ་ཡིན་པ་རྟོགས་ཐུབ། རྒྱལ་པོ་སྲོང་བཙན་སྒམ་པོས་མཛད་པའི་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལས་ཀྱང་། ཕ་མ་ལ་བཀུར་བ་ཞེས་འབྱུང་ལ། སུམ་པའི་མ་ཤགས་ཆེན་མོ་རུ་ཕ་མ་གཉིས་ནི་འགྲོ་བ་མི་མེ་དང་ཆུ་ལ་ཁ་འབྲལ་ཐབས་མེད་པ་བཞིན་ཕ་མ་གཉིས་ཀྱང་དེ་བཞིན་ནོ་ཞེས་སྐབས་ཐོག་དེ་ནས་ཕ་མ་ལ་བརྩི་བཀུར་དང་དྲིན་གཟོ་བྱེད་པའི་སློབ་གསོ་བཟང་པོ་ཞིག་ཡོད་པ་ཤེས་ཐུབ།
གསུམ་པ། གྲོགས་དང་མཛའ་བཤེས་ལ་ཁྲེལ་དང་ཕྱི་ཐག་ཡོད་པ།
ཉེ་དུ་མཛའ་བཤེས་ལ་ཁྲེལ་དང་ཕྱི་ཐག་བསྲུངས་ནས་གཞུང་རིང་བ་ནི་མིའི་ཀུན་སྤྱོད་ཡག་པོ་ཞིག་ཡིན་ལ། གྲོགས་པོ་ལ་ཨ་གསར་མི་བྱེད་པར་བློ་རྩ་བརྟན་པོས་གཞུང་རིང་མཛད་དགོས་པའི་བསམ་བློ་ཞིག་བོད་ལ་གནའ་སྔ་མོ་ནས་འདུག་པས། སུམ་པའི་མ་ཤགས་ཆེན་མོ་རུ། མནའ་མཐོ་ཤག་རག་ནི་ཆུ་གང་ལུགས་ཀྱིས་བསྲུང་ལ་ཞེས་པ་དེས་གནའ་རབས་བོད་མིས་གྲོགས་པོ་ལ་བཟུང་བའི་བསམ་པ་ཅི་འདྲ་ཡིན་པ་རྟོགས་ལ། ཡང་སུམ་པའི་མ་ཤགས་ཆེན་མོ་རུ། ཤག་རག་གཞུང་ཆེན་ནི་ཕུ་ནུ་དགྲ་མ་ཟུན་བས་ཉེ་འོ་ཞེས་པས་མཛའ་བཤེས་ནི་ཕུ་ནུ་ལས་ཀྱང་རང་ལ་ཉེ་ཞེས་མཛའ་བཤེས་ལ་བློ་ཉེ་བ་བསྟན་ཡོད་པར་མ་ཟད། ཡང་ཕོ་མཛངས་པ་ནི་རིང་དུ་འགྲོགས་ཤིག་མཛའ་ལ་གསེར་གྱི་སྦྲམ་འབུ་ནི་སྲང་ལ་བཏབ་ཅིང་ལྕིའོ་ཞེས་ཁྲེལ་དང་ཕྱི་ཐག་ཡོད་མེད་ནི་ཕོ་མཛངས་པའི་རྟགས་ཤིག་ཏུའང་བརྩིས་འདུག་ལ། ཁྲེལ་མེད་ངན་པ་ལ་ནི་ཉེ་རིང་མེད་ལ། ཁྱི་སྤྱང་ལྟོགས་པ་ལ་ནི་ཚོས་རྗེན་མེད་དོ་ཞེས་ཕོ་བ་ལྟོགས་པའི་ཁྱི་དང་སྤྱང་ཀི་ལ་ཚོས་རྗེན་མེད་པའི་དཔེ་བཞིན་དུ་མི་ཁྲེལ་མེད་ཐ་ཤལ་ལ་རང་གི་ཁེ་ཕན་གྱི་ཆེད་དུ་ཤ་ཉེ་རིང་མེད་པར་དྲིན་ཅན་ལ་དྲིན་ལོག་བྱེད་པའི་གནས་ལུགས་བསྟན་ནས། གནའ་རབས་བོད་ཀྱི་སྤྱི་ཚོགས་སྟེང་ཁྲེལ་དང་ཕྱི་ཐག་དགོས་པའི་སློབ་གསོའི་སྐོར་ལ་གཙིགས་ཆེན་གནང་ཡོད་པ་རྟོགས་ཐུབ།
བཞི་པ། ཁྱིམ་ཚང་སློབ་གསོ་ལ་མཐོང་ཆེན་གནང་ཡོད་པ།
མི་ཞིག་ལ་སློབ་གསོ་ཚད་ལྡན་ཞིག་ཐོབ་དགོས་ན་ཁྱིམ་ཚང་སློབ་གསོ་ནི་ཤིན་ཏུ་གལ་ཆེ། ཁྱིམ་ཚང་སློབ་གསོ་ནི་ཁྱིམ་ཚང་གང་གི་དར་རྒུད་དང་རིག་གནས་བྱང་ཚད་སོགས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པས། ཕ་མ་བཟང་པོས་བུ་ཕྲུག་བཟང་པོ་སྐྱེད་སྲིང་བྱེད་ཐུབ་ཅིང་། ཕ་མ་ངན་པ་དང་ཁྱིམ་ཚང་སློབ་གསོ་མེད་ཚེ་བྱིས་པ་ལོག་ལམ་དུ་འགྲོ་སླ་བའི་གནས་ལུགས་ནི་སུམ་པའི་མ་ཤགས་ཆེན་མོ་རུ། ཕ་བས་བུ་མཛངས་ན་ནི། སྤང་ལ་མེ་ཐར་པ་བཞིན་ལ། ཕ་བས་བུ་ངན་ན་ནི། མཚལ་ཆུས་དེད་པ་དང་འདྲའོ་ཞེས་བུ་ཕ་ལས་མཛངས་པ་སྐྱེས་ན་ཁྱིམ་སྲིད་དར་བར་འགྱུར་ལ། དེ་ལས་ལྡོག་ན་ཁྱིམ་སྲིད་ཉམས་རྒུད་དུ་འགྲོ་བ་དང་། ཡང་སུམ་པའི་མ་ཤགས་ཆེན་མོ་རུ། མ་མཛངས་བུ་མཛངས་ན་ནི་གསེར་ལ་གཡུ་སྤྲས་ལ། མ་ངན་བུ་ངན་ན་ནི་ཁང་རུལ་དུ་ལུད་སྤུངས་པ་དང་འདྲ་ཞེས་མ་མཛངས་པས་བུ་ཕྲུག་མཛངས་པ་གསོ་སྐྱོང་བྱས་ན་གསེར་ལ་གཡུ་སྤྲས་པ་ལྟར་ཡག་ཐོག་རྒྱན་དུ་འགྲོ་བ་བཞིན་ཁྱིམ་སྲིད་ཇེ་རྒྱས་ཇེ་ལེགས་སུ་འགྱུར་ལ། དེ་ལས་ལྡོག་ན་ཁང་རུལ་དུ་ལུད་སྤུངས་པ་བཞིན་ཁྱིམ་སྲིད་ཉམས་རྒུད་དུ་འགྱུར་བས། བུའི་མཛངས་ངན་ནི་ཁྱིམ་ཚང་གང་དེའི་དཔལ་འབྱོར་དང་བཅས་པ་གོང་འཕེལ་འགྲོ་བའི་གནད་ལ་ཐུག་པ་བརྗོད་ཡོད། ཡང་བུ་ཚ་མཛངས་པ་སྐྱེས་ན། དཔལ་མྱིག་ཀྱིས་མཐོང་ངོ་ཞེས་དང་བུ་ཚ་ངན་པ་སྐྱེས་ན་ནི། སྲིད་ཀྱི་གཟུངས་རླག་ལ་ཡུལ་གི་མཐའ་འགོང་ངོ་ཞེས་བུ་ཚ་ངན་པ་སྐྱེས་ན་ཁྱིམ་སྲིད་རྒུད་པའི་རྒྱུ་རུ་འགྲོ་བའི་གནས་ལུགས་བསྟན་ནས། ཁྱིམ་ཚང་སློབ་གསོ་ཤིན་ཏུ་གལ་ཆེ་བས་ཁྱིམ་ཚང་སློབ་གསོ་ལ་ཤུགས་རྒྱག་དགོས་པའི་གནས་ལུགས་བསྟན་ཡོད།
ལྔ་པ། མི་གཤིས་ཀུན་སྤྱོད་ལ་དང་དོད་བྱས་ཡོད་པ།
མི་བུ་ཡག་པོ་ཞིག་འཁྱོངས་དགོས་ན་དེ་ལ་རིག་གནས་ཁོ་ན་ཡོད་པས་མི་ཆོག་པར་མི་གཤིས་ཀུན་སྤྱོད་ཀྱང་ཡག་པོ་ཞིག་དགོས་པ་ཡིན། སུམ་པའི་མ་ཤགས་ཆེན་མོ་རུ། དུས་ངན་གི་སེམས་ཤན་ནི་འཁྲུག་པ་ཕྱིར་ཞིང་མང་ལ། ཕྲག་དོག་པའི་མི་ནི་ཞེ་སྡང་མེ་ལྟར་འབར། ཞེས་དུས་ངན་པའི་ནང་དུ་སེམས་མི་བདེ་བ་ནང་བཞིན་མི་ངན་པ་ཕྲག་དོག་ཅན་ནི་མི་གཞན་གྱི་ཡོན་ཏན་སོགས་ལེགས་པའི་ཆ་མཐོང་ཚེ། དེ་ལ་རྗེས་སུ་ཡི་རང་བྱེད་པ་ལྟ་ཅི་མིག་ཕྲ་ནས་ཕྲག་དོག་བྱེད་པ་དང་དེ་ལྟ་བུའི་མིའི་ནང་སེམས་ནི་ནམ་ཡང་བདེ་བ་དང་བྲལ་ཞེས་དང་། ཡང་མི་ཕྱུག་པོ་ལ་ནི་ནོར་དད་ཅན་ཀྱིས་ཕུང་ལ། མི་མཛངས་པ་ནི་ངན་པ་ཕྲག་དོག་ཅན་གྱིས་རླག་གོ་ཞེས་མི་ངན་པ་ཕྲག་དོག་ཅན་གྱིས་མི་བཟང་པོ་དང་ཕྱུག་པོ་བཅས་པར་གནོད་པ་བྱེད་ཐུབ་པའི་གནས་ལུགས་བསྟན་ནས་ཕྲག་དོག་ནི་རང་གཞན་གཉིས་ལ་གནོད་པའི་ལས་ཤིག་ཡིན་པ་བསྟན་ཡོད་པས། སྐབས་དེ་ནས་བཟུང་བོད་ཀྱི་སྤྱི་ཚོགས་སྟེང་དུ་ཀུན་སྤྱོད་ཀྱི་རྣམ་གཞག་མང་ཞིང་དེ་ལ་བརྩི་སྲུང་བྱས་ནས་མི་ཚད་ལྡན་ཞིག་བྱེད་དགོས་པའི་སློབ་གསོ་གནང་ཡོད་པ་གསལ་པོར་རྟོགས་ཐུབ། །