ཀྲུང་གོ་བོད་ཀྱི་དྲ་བ།

ནར་སོན་གྱི་ལོ་ཟླ།

  རྩོམ་པ་པོ། : ས་དཀྱིལ་ཚེ་བཀྲ།   སྤེལ་དུས། : 2025-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—སྒྲུང་རིང《འཇག་མའི་ཁང་པ》ཡི་བོད་འགྱུར་མ་བཀླགས་རྗེས་ཀྱི་མྱོང་ཚོར།

དང་པོ། ནང་དོན་ངོ་སྤྲོད།

སྒྲུང་རིང《འཇག་མའི་ཁང་པ》ནི་ཚའོ་ཝུན་ཞོན་གྱིས་བརྩམས་པའི་མི་སེམས་འགུལ་བའི་བྱིས་སྒྲུང་ཞིག་ཡིན། འདིར་སློབ་ཆུང་སློབ་མ་ཞིག་གིས་དུས་རབས་ཉི་ཤུའི་ལོ་རབས60པར་བརྒྱུད་མྱོང་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཅིག་ཞིབ་འབྲི་བྱས་ཡོད་ཅིང་། དེའི་ཕུན་སུམ་ཚོགས་པའི་མི་སྣའི་སྣང་བརྙན་དང་ཀྱག་ཀྱོག་གི་གནས་ཚུལ་གྱིས་བརྒྱུད་སྤྲོད་བྱས་པའི་གཏིང་ཟབ་པའི་བརྗོད་གཞི་དང་མི་གཤིས། སྒྲུང་གཏམ་ནང་གི་པྲ་ཚག་ཆེ་ལ་བསམ་ཤེས་ལྡན་པའི་བུ་ཆུང་སང་སང་གིས་བརྗེད་པར་དཀའ་བའི་གཡས་མ་སྡེའི་སློབ་ཆུང་གི་ལོ་དྲུག་གི་འཚོ་བ་དང་། ལོ་དྲུག་རིང་གི་གྲོགས་པོ་ལྔའི་བར་གྱི་རྙོག་དྲ་དང་དཀའ་སྡུག་གིས་མནར་བའི་འཚར་ལོངས་ཀྱི་བརྒྱུད་རིམ་བྲིས་ཡོད་ཅིང་། ལོ་དྲུག་པོ་འདི་ནི་ཁོ་ཚོས་མི་ཚེའི་བློ་སྒོ་འབྱེད་པའི་སློབ་གསོ་དང་ལེན་བྱས་པའི་ལོ་དྲུག་ཡིན་པས། བྱིས་པ་སོ་སོའི་འཇོན་ཐང་དང་གཤིས་རྒྱུད། ལྷད་མེད་ཀྱི་བརྩེ་བ། འཚོ་བའི་འགྱུར་ལྡོག བྱ་བའི་འགལ་རྐྱེན་སོགས་བྲིས་པ་བརྒྱུད། སྔར་བཞིན་དཀའ་སྡུག་ལ་གདོང་གཏོད་ཕོད་པའི་སྙིང་སྟོབས་དང་འཚོ་བར་ཞེན་པའི་དགའ་བ། མ་འོངས་པར་བཅངས་པའི་རེ་བ་སོགས་མངོན་མཚོན་བྱས་ཡོད་ཅིང་། མི་སྣ་དེ་དག་གི་ངོ་མཚར་བའི་གཏམ་རྒྱུད་མཉམ་དུ་འདྲེས་པ་ལས《འཇག་མའི་ཁང་པ》ཞེས་པའི་སྒྲུང་རིང་འདིའི་ནང་དོན་ཕུན་སུམ་ཚོགས་པ་གྲུབ་ཡོད། དཔེ་ཀློག་གི་གོ་རིམ་ཁྲོད་དུ་ཁོ་བོ་བྱིས་པ་དེ་དག་གིས་སེམས་འགུལ་ཐེབས་སུ་བཅུག་པར་མ་ཟད། ཁོ་ཚོའི་ལོ་ཚོད་ལས་བརྒལ་བའི་བསམ་ཤེས་དང་སྤོབས་པ། འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་བར་ཆད་ཀྱི་མདུན་དུ་རེ་བ་དང་ཕུགས་འདུན་གཏན་ནས་མ་དོར་བར་མི་ཚེའི་རིན་ཐང་དང་ཕུགས་འདུན་ར་སྤྲོད་བྱས་ཡོད་ལ། ད་དུང་ཞིབ་ཅིང་ཕྲ་བའི་སྒོ་ནས་ཡུལ་སྲོལ་གོམས་གཤིས་དང་བྱིས་དུས་ཀྱི་ལྷད་མེད་མཛེས་སྡུག་མཚོན་པར་བྱས་ཡོད་པས། སྒྲུང་གཏམ་ནང་གི་སྤྱིལ་བུ་དང་། དཀའ་སྡུག་གི་འཚོ་བ། སྤྱི་ཚོགས་ཀྱི་གནས་བབ། མུ་མཐའ་མེད་པའི་འདམ་རྩྭ་སོགས་ཀྱི་རྣམ་པ་ཚང་མར་གྲོང་གསེབ་ཀྱི་ཉམས་འགྱུར་དང་འཆར་ཡན་གྱི་བརྩེ་སེམས་ཀྱིས་ཁེངས་ཤིང་། སྣང་ཚུལ་དེ་དག་གིས་གཏམ་རྒྱུད་ལ་ཚོན་མདངས་དང་རྣམ་པ་གསར་པ་ཞིག་བསྣན་ཡོད་པར་མ་ཟད། ཀློག་པ་པོ་རྣམས་ལ་བྱིས་དུས་ཀྱི་མཛེས་སྡུག་ལྡན་པའི་ཕྱིར་དྲན་མང་པོ་ཞིག་བསྐྲུན་ཡོད།

གཉིས་པ། རྩོམ་འབྲིའི་ཁྱད་ཆོས།

གཅིག གཡས་མ་སྡེའི་ས་ཁུལ་གྱི་སློབ་ཆུང་དང་དེའི་ཉེ་འཁོར་གྱི་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བ་ཞིབ་འབྲི་བྱས་པ་བརྒྱུད་ལྷད་མེད་ཀྱི་བརྩེ་དུང་མངོན་ཞིང་། ཀློག་པ་པོ་རྣམས་ལ་མི་ཡུལ་གྱི་བརྩེ་དུང་ངོ་མ་ཞིག་ཚོར་དུ་བཅུག་ནས་མི་སྣའི་བརྩེ་དུང་དང་ནང་སེམས་ཀྱི་འཇིག་རྟེན་ཞིབ་ཅིང་ཕྲ་བའི་སྒོ་ནས་མཚོན་ཐུབ་པ།

གཉིས། ཡུལ་ལྗོངས་ཞིབ་འབྲི་ཞིབ་ཚགས་ཤིང་སྐད་ཆ་བབ་ཆགས་པ་དང་། རང་བྱུང་གི་སྐད་ཆ་ལ་བརྟེན་ནས་གཏམ་རྒྱུད་དེ་ཀློག་པ་པོའི་སེམས་གཏིང་དང་ཉེ་བར་བཅར་བ་དེས་གཡས་མ་སྡེའི་ཡུལ་སྲོལ་གོམས་གཤིས་དང་དྭངས་གཙང་མཛེས་སྡུག་ལྡན་པའི་འཇིག་རྟེན་ཞིག་བསྐྲུན་ཡོད་པ།

གསུམ། བྱུང་རིམ་ཀྱག་ཀྱོག་ལྡན་ཞིང་ཡིད་དབང་འཕྲོག་པས། གསོན་ཉམས་ལྡན་པའི་གཏམ་རྒྱུད་ཀྱི་བྱུང་རིམ་གྱིས་མི་སྣའི་སྣང་བརྙན་མངོན་གསལ་དོད་པ་དང་། རང་གཤིས་འབུར་དུ་ཐོན་པ། མི་སྣ་འཚར་ལོངས་དང་དགའ་སྐྱོ་ཁ་བྲལ་གྱི་ལས་དབང་གིས་མི་གཤིས་ཀྱི་མཛེས་སྡུག་དང་རྙོག་འཛིང་མངོན་ཡོད་པ།

བཞི། རྩོམ་པ་པོས་དགའ་སྐྱོ་ཆགས་སྡང་དང་བདེན་ལེགས་མཛེས་གསུམ་གྱི་ཞིབ་བརྗོད་ལ་བརྟེན་ནས་ནད་ཡམས་དང་གྱེས་བྲལ། རེ་ཆད་དང་འཆི་བ་སོགས་མི་ཡུལ་གྱི་ལྗིད་ཏིག་ཏིག་གི་སྐྱོ་སྡུག་དང་། ལས་གང་ལའང་གདོང་གཏོད་ཕོད་ཅིང་མིག་རྒྱང་རིང་བའི་བསམ་བློ་ཡིས་ཁེངས་ཡོད་པས་བརྗོད་བྱ་གཏིང་ཟབ་པ།

ལྔ། བརྩམས་ཆོས་ཧྲིལ་པོའི་ཁྱད་ཆོས་འབུར་དུ་ཐོན་པ་དང་། རྩོམ་རྩལ་མཛེས་པ། རྒྱས་བཤད་གཟབ་ནན་ཡིན་པ། སྤྱི་ཡོངས་ཀྱི་གྲུབ་ཚུལ་ཐུན་མོང་མ་ཡིན་པས་སྒྲིག་གཞི་ཁྱད་དུ་འཕགས་པ་བཅས་སོ།  །

གསུམ་པ། སྒྲུང་གཏམ་གྱི་རྒྱབ་ལྗོངས།

དུས་རབས20པའི་ལོ་རབས60པའི་དུས་མགོའི་རང་རྒྱལ་གྱི་སྤྱི་ཚོགས་གནས་བབ་དང་། སྲོལ་རྒྱུན་མཁྲེགས་འཛིན་གྱི་ལྟ་བ། གྲོང་གསེབ་ཀྱི་འཚོ་བའི་དཀའ་ངལ་སོགས་ཞིབ་ཕྲའི་གནས་ཚུལ་བརྗོད་གཞིར་བཟུང་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་མི་དམངས་མང་ཚོགས་ཀྱི་འཚོ་བའི་དཀའ་སྡུག་ལྷུག་བརྗོད་གནང་སྟེ། མི་སྣ་གཙོ་བོ་སང་སང་གི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་ཚེ་གང་བོར་བརྗེད་པར་དཀའ་བའི་ལོ་དྲུག་གི་སློབ་ཆུང་འཚོ་བ་ཞིབ་འབྲི་བྱས་པ་བརྒྱུད། གྲོང་གསེབ་ཀྱི་བྱིས་པ་ལྔ་དཀའ་སྡུག་ཁྲོད་འཚར་ལོངས་བྱུང་བའི་གཏམ་རྒྱུད་དང་། ཁོང་ཚོའི་ལྷད་མེད་དྭངས་གཙང་གི་སེམས་པས་རྐྱེན་ངན་སྣ་ཚོགས་ལ་འཕྲད་སྐབས་ཀྱི་ཡིད་སྐྱོ་བའི་གནས་ཚུལ་བརྗོད་གཞིར་བཟུང་ཐོག ཁོ་ཚོས་དཀའ་སྡུག་གི་འགལ་རྐྱེན་རེ་རེ་ལ་གདོང་གཏད་དེ་མ་འོངས་པར་བཅངས་པའི་ཕུགས་འདུན་མངོན་པ་ནི་རྩོམ་པ་པོས་རང་ཉིད་ཀྱི་དཀའ་སྡུག་དང་མྱོང་ཚོར་དངོས་ལ་གཞིགས་ནས་གསར་རྩོམ་གནང་བ་ཞིག་ཡིན་པར་བརྗོད་པས། ང་ཚོས་ཁོང་གི་བྱིས་དུས་དང་འཚར་ལོངས། དཀའ་སྡུག་དང་དྭངས་གཙང་ལ་རྒྱུས་ལོན་གཏིང་ཟབ་ཅིག་ལེན་ཐུབ།

བཞི་པ། ལོ་ཙཱ་བའི་སྒྱུར་རྩལ།

བརྩམས་སྒྲུང་གི་བྱུང་བ་ནི་སྤྱི་ཚོགས་དང་ལོ་རྒྱུས།རིག་གནས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ལ་བརྟེན་པ་ཡིན་པས། དབྱིན་ཇིའི་ཡིག་སྒྱུར་མཁས་ཅན་ཐེ་ཐུ་ལི(泰特勒)ཡིས་ཡིག་སྒྱུར་ལ་ཚད་གཞི་གསུམ་བཏོན་ཡོད་དེ། “གཅིག འགྱུར་ཡིག་གིས་ངེས་པར་དུ་མ་རྩོམ་གྱི་བསམ་བློ་ཡོངས་སུ་བསྐྱར་འབྲི་བྱེད་དགོས། གཉིས། འགྱུར་ཡིག་དེ་ངེས་པར་དུ་མ་རྩོམ་གྱི་གཤིས་ཉམས་དང་རྩོམ་ལུས། མ་རྩོམ་གྱི་རང་བཞིན་དེ་ཚང་དགོས། གསུམ། འགྱུར་ཡིག་དེ་ངེས་པར་དུ་མ་རྩོམ་དང་མཚུངས་པར་བརྗོད་བདེ་བ་ཞིག་ཡིན་དགོས”ཞེས་གསུངས་ཡོད་པ་བཞིན། མི་རིགས་སོ་སོའི་འཚོ་སྡོད་ཀྱི་ཁོར་ཡུག་དང་བསམ་བློའི་འདུ་ཤེས། འཚོ་བའི་གོམས་གཤིས། སྐད་དང་ཡི་གེ རིག་གནས་ཤེས་བྱ་སོགས་ཐ་དད་པའི་དབང་གིས་གཅིག་ལ་ཡོད་པའི་ཇི་ལྟ་བ་དང་ཇི་སྙེད་པའི་མིང་བརྡ་ཡོད་ཚད་ཅིག་ཤོས་ལ་ཡོད་པས་མ་ཁྱབ་པ་དང་། དེ་ཡང་རང་བྱུང་ཁོར་ཡུག་ལས་བྱུང་བ་དང་ཐུན་མོང་མ་ཡིན་པའི་རིག་གནས་ལས་བྱུང་བ་སོགས་ཡོད་པའི་དབང་གིས་བརྩམས་སྒྲུང་རེ་རེར་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་དང་དོན་བརྗོད་ཁྱད་ཆོས་རེ་ཡོད།

རྡོ་ལྷ་ཐར་གྱིས་སྣོན་སྒྱུར་དང་འཕྲི་སྒྱུར་གང་ཡང་མ་བྱས་པར《འཇག་མའི་ཁང་པ》ཡི་མ་རྩོམ་ནང་གི་རྩོམ་པ་པོ་གནས་པའི་དུས་རབས་དང་མི་རིགས། སྤྱི་ཚོགས་འཚོ་བ། ད་དུང་རྩོམ་པ་པོའི་འཚོ་བའི་མྱོང་བརྒྱུད་དང་བསམ་བློའི་ལྟ་བ། ལོ་རྒྱུས་ཀྱི་གནས་བབ། ཡུལ་སྲོལ་གོམས་གཤིས། མི་སྣའི་སྣང་བརྙན། བརྩམས་ཆོས་ཀྱི་ལྟ་བ་དང་གྲུབ་སྟངས། ཐ་སྙད་རེ་རེའི་གོ་དོན་དང་བྱ་ཚིག་སྦྱོར་སྟངས། ཚིག་གྲུབ་ཀྱི་བརྡ་སྤྲོད། བརྗོད་དོན་གྱི་བསམ་བློ་སོགས་ལ་ཤེས་རྟོགས་ཟབ་མོ་བྱུང་བ་བརྒྱུད། སྒྲུང་གཏམ་ནང་གི་གདོང་གཏུག་དྲག་པོ་དང་འགལ་རྐྱེན་སྣ་ཚོགས། མི་སྣའི་གཤིས་ཀ་དང་ལས་དབང་སོགས་ལོ་ཙཱ་བྱེད་པའི་སྐབས་སུ་བྱུང་རིམ་གྱི་འབྲེལ་ཆགས་རང་བཞིན་དང་ཟློས་གར་རང་བཞིན་ལ་དོ་སྣང་བྱས་ཏེ་ཀློག་པ་པོ་གཏམ་རྒྱུད་ཁྲོད་ལ་ཐིམ་དུ་འཇུག་པ་འདི་ལས། མ་རྩོམ་གྱི་དོན་མ་ཉམས་པར་རང་རེའི་ཀློག་པ་པོས་ཀློག་བདེ་ཞིང་གོ་སླ་བའི་ཁ་སྐད་ལ་གཞི་བཅོལ་ནས་ཤེས་ཚད་དམའ་བའི་ཀློག་པ་པོའམ་ན་ཆུང་བྱིས་པ་དག་ལ་བསྟུན་ཅི་ཐུབ་སྒོས་ཚིག་གི་གྲུབ་སྟངས་དང་རྒྱན་གྱི་སྦྱོར་སྟངས། སྲོལ་རྒྱུན་གྱི་ཐ་སྙད་སོགས་ལ་འབད་པ་ཆེན་པོས་སྔོག་བསྐྲུན་བྱས་ཡོད།

ལོ་ཙཱ་བར་སྐད་བརྡའི་རྨང་གཞི་བརྟན་པོ་ཡོད་པ་དང་།མ་ཡིག་ལ་རྒྱུས་ལོན་ཟབ་མོ་དང་ལོ་ཙཱའི་ཉམས་མྱོང་ཕུན་སུམ་ཚོགས་པ།ཡིག་སྒྱུར་གྱི་ཐབས་རྩལ་ལེགས་པ་འདིས། མི་རིགས་ཕན་ཚུན་གྱི་བསམ་བློ་དང་རིག་གནས་བརྗེ་རེས། རྩོམ་རིག་བྱ་གཞག་གི་དགེ་མཚན་དང་འཕེལ་རྒྱས་སོགས་ལ་སྔར་བས་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ཅིང་།  སྒྲུང་རིང་འདི་ལྟ་བུ་ཞིག་འགྱུར་གྲུབ་པ་ལ་ལོ་ཙཱ་བའི་ལས་ཀྱི་རྩོལ་བ་དང་སྙིང་སྟོབས་ཤིག་ཀྱང་མངོན་ཡོང་བས། ང་ཚོ་ཀློག་པ་པོ་དང་ན་གཞོན་རྩོམ་པ་པོ་མང་པོ་ཞིག་ལ་སྐུལ་འདེད་དང་སྙིང་ཧུར་ཞིག་བརྡབ་སྲིད།

ལྔ་པ། བཀླགས་རྗེས་ཀྱི་མྱོང་ཚོར།

བདག་ལ་མཚོན་ན། 2022ལོར་ནད་ཡམས་ཀྱི་སྐབས་སུ་མཐོ་འབྲིང་འགྲིམ་པའི་བུ་ཆུང་གིས་སྒྲུང་དེབ་འདི་རྒྱ་ཡིག་གིས་ཀློག་བཞིན་འདུག་པས། ཞོར་དུ་ཁོ་བོས་ཀྱང་རག་ཀློག་ཅིག་བྱས་མྱོང་། ད་ཐེངས་རྒན་རྡོ་ལྷ་ཐར་ལགས་ཀྱི་བོད་འགྱུར་འདི་ཞིབ་ཏུ་ཀློག་སྐལ་བྱུང་བས། ཉིན་འགའི་ལས་ཞོར་གྱི་དུས་ཚོད་ནང་ཡོངས་སུ་བཀླགས་གྲུབ་ཅིང་བརྗོད་བྱ་དང་སྒྱུར་རྩལ་གང་ཐད་ནས་བག་ཆགས་ཟབ་མོ་བཞག་བྱུང་།

《འཇག་མའི་ཁང་པ》བཀླགས་རྗེས། ངས་བྱིས་པ་ལྔ་བོའི་བྱིས་དུས་ཀྱི་ཆེས་རྩ་ཆེ་བའི་མྱོང་བརྒྱུད་དང་མཛེས་སྡུག་གི་ཕྱིར་དྲན་ལ་མྱོང་ཚོར་ཟབ་མོ་བྱུང་ལ། བདག་གི་ཆུང་དུས་ཀྱི་གྲོང་གསེབ་ཀྱི་འཚོ་བ་དང་མཚར་སྣང་ལྡན་པའི་བྱིས་དུས་ཀྱི་དོན་དག་མང་པོ་ཞིག་ཀྱང་ཡིད་ལ་ཝ་ལེར་དྲན་བྱུང་། འདིར་བྱིས་དུས་ནི་ཉི་འོད་ཀྱིས་ཁེངས་པའི་རྩྭ་ཁང་ཞིག་ཡིན་ལ། རྩྭ་ཁང་དེས་ཁོ་ཚོའི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་དང་དགའ་སྐྱོ་ཆགས་སྡང་གི་གནས་བབ་ཅིག་ཐེག་ཡོད་པས། རྙོག་འཛིང་དང་དཀའ་ངལ་ཆེ་བའི་དུས་སྐབས་འདི་འདྲའི་ནང་ཁོ་ཚོའི་འཚར་ལོངས་དང་བློ་བརྟན་འགྱུར་མེད།

མཛའ་བརྩེའི་ཕྱི་ཐག་རིང་བ་དང་གཉེན་ཉེའི་བརྩེ་དུང་ཐོབ་པའི་མྱོང་སྣང་འདི་དག་ནི་ང་ཚོ་ཀློག་པ་པོ་རེ་རེའི་མི་ཚེའི་ཁྲོད་ཀྱི་ཆེས་རྩ་ཆེ་བའི་རྒྱུ་ནོར་དུ་འགྱུར་སྲིད་ཅིང་། གཞན་ཡང《འཇག་མའི་ཁང་པ》ཡིས་ད་དུང་ང་ལ་མི་གཤིས་ཀྱི་དྲང་བདེན་དང་བླ་མེད་ཀྱི་སྟོབས་ཤུགས་ལ་ངོས་འཛིན་གཏིང་ཟབ་ཅིག་བྱུང་ཁར། འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་བར་ཆད་ལ་ཁ་གཏོད་སྐབས་ང་ཚོས་བློ་བརྟན་འགྱུར་མེད་དང་དཔའ་ངར་ཞུམ་མེད་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་དང་ཕུགས་འདུན་མངོན་འགྱུར་བྱ་དགོས་ལ། དེ་དང་ཆབས་ཅིག་ང་ཚོས་ཀྱང་རྒྱུན་ལྡན་འཚོ་བའི་ཁྲོད་དུ་མི་གཞན་ལ་གཅེས་སྐྱོང་དང་རོགས་རམ། མཐུན་སྒྲིལ་དམ་ཟབ་བཅས་བྱས་ཏེ་བརྩེ་སེམས་དང་དྲོ་སྐྱིད་ལ་བརྟེན་ནས་ཕན་ཚུན་གྱི་མི་ཚེའི་ལམ་བུ་དགའ་སྐྱིད་ལྡན་པར་བྱ་དགོས་པའི་བསམ་བློ་སྐྱེས་པས།《འཇག་མའི་ཁང་པ》བཀླགས་པ་ནི་བསམ་བློའི་ལོངས་སྤྱོད་ཅིག་དང་། རྩོམ་རིག་གི་ལོངས་སྤྱོད་ཅིག་ཡིན་ལ། མི་གཞི་ཀུན་སྤྱོད་ཀྱི་སློབ་གསོའི་ལོངས་སྤྱོད་ཅིག་ཡིན་པར་མ་ཟད། སྒྱུ་རྩལ་གྱི་བདེན་དགེ་མཛེས་གསུམ་གྱི་ལོངས་སྤྱོད་ཅིག་ཀྱང་ཅི་ལ་མིན་ཨང་སྙམ་པ་བྱུང་།

མདོར་ན།《འཇག་མའི་ཁང་པ》ནི་ཧ་ཅང་ཕུལ་དུ་བྱུང་བའི་བརྩམས་སྒྲུང་ཞིག་ཡིན་ལ། དེས་ང་ལ་དཔེ་ཀློག་བྱེད་པའི་བརྒྱུད་རིམ་ཁྲོད་དུ་མི་གཤིས་ཀྱི་མཛེས་སྡུག་དང་སྟོབས་ཤུགས་ཚོར་དུ་བཅུག་ལ། བྱིས་དུས་ཀྱི་དྭངས་གཙང་དང་མི་ཚེ་ཡི་རིན་ཐང་རྟོགས་སུ་བཅུག་པས། བརྩམས་སྒྲུང་འདི་ཀློག་པ་པོ་རེ་རེའི་མི་ཚེའི་ཁྲོད་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཏུ་གྱུར་དང་འགྱུར་བའི་གནད་ཀྱང་འདི་ལ་ཐུག་ཡོད་དོ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།