སྤྱི་ལོ2024ལོའི་ཟླ11པའི་ཚེས6ཉིན་ནས་ཚེས8ཉིན་བར་པེ་ཅིན་གྲོང་ཁྱེར་དུ་འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་དང་པོ་འཚོགས་ཚུན་ནས་ད་ལྟའི་བར་གྱི་བགྲང་བྱ་ཕྱེད་ཙམ་གྱི་རིང་། རྒྱལ་ཡོངས་ཀྱི་འབྲེལ་ཡོད་རིག་གཞུང་སྡེ་ཁག་དག་ནས་གང་དེའི་ཆེད་ལས་འཛུགས་པ་དང་དེར་འབྲེལ་བསླབ་གཞི་སྒྲིག་པ། དཔྱད་པའི་ཆེད་རྩོམ་བྲི་བ་སོགས་ཀྱི་རིག་གཞུང་གི་ཡོ་ལང་ཆེས་ཆེར་རྒྱས་མོད་ཀྱང་། རང་རེའི་བོད་ཀྱི་རིག་གཞུང་གི་སྡེར་རེ་ཞིག་རིག་ཚན་གསར་པ་འདིར་དོ་སྣང་བྱེད་མཁན་ཉུང་ཚོད་དུ་སྣང་བས་ད་རེས་དེའི་སྐོར་ཅུང་ཟད་མོལ་བར་བྱ་བ་ལགས།
དང་པོ། གནའ་གཞུང་རིག་པའི་སྒྲའི་འཇུག་ཡུལ།
དབྱིན་ཇིའི་སྐད་དུ“Classics”འམ“Classical scholarship”། རྒྱའི་སྐད་དུ“古典学”བྱ་བ་འདི་ཉིད་བོད་ཀྱི་སྐད་དུ་གནའ་གཞུང་རིག་པ་དང་། གནའ་སྲོལ་རིག་པ་སོགས་འགྱུར་ལུགས་འགའ་མཆིས་མོད། འདིར་སྔ་མ་ལྟར་བསྒྱུར་ན་ལེགས་ཚོགས་དུ་མ་མཐོང་ཞེས་ཁོ་བོའི་ཆེད་ལས་ཀྱི་ཕྱག་ལས་འབའ་ཞིག་གནང་མཁན་གྱི་སློབ་དཔོན་གྱི་ཞལ་ལས་ཐོས་པས་ལུགས་དེ་གཟུང་བར་བྱའོ། །དེ་ཡང་འཛམ་གླིང་ནུབ་ཕྱོགས་སུ། སྔོན་རིང་མོ་ཞིག་ནས་གནའ་བོའི་གྷི་རིག་དང་རོམ་གྱི་ཤེས་རིག་དཔལ་ཡོན་ལ་ཞིབ་འཇུག་བྱེད་པ་ནི་མི་ཆོས་རིག་གཞུང་གི་སྲོག་ཤིང་ལྟ་བུར་གྲུབ་ཡོད་ཅིང་། “Classics”ཞེས་པའང་དོན་དུ་གྷི་རིག་གི་ཡི་གེ་དང་ལ་ཏིང་ཡི་གེའི་གཞུང་དག་ལ་སློབ་གཉེར་དང་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་ཇེ་རྒྱས་ཇེ་ལེགས་སུ་སོང་བ་ཞིག་རེད། དང་པོའི་དུས་སུ། གནའ་གཞུང་རིག་པ་ཞེས་པ་གཙོ་བོ《ཧོ་མའི་ལོ་རྒྱུས་སྙན་རྩོམ》དང་། གནའ་བོའི་གྷི་རིག་གི་སྐྱོ་གར་སོགས་རྩོམ་རིག་བརྩམས་ཆོས་ཁག་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་པར་བཤད་ཅིང་། སྒྲ་དོག་འཇུག་ལྟར་གྱི་གནའ་གཞུང་རིག་པའང་དེ་ཡིན། སླད་ནས་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་གྱི་རླབས་རྒྱུན་བསྐྱོམས་པ་དང་ལྷན། ནུབ་ཕྱོགས་ཀྱི་གནའ་གཞུང་རིག་པ་དེའང་ལོ་རྒྱུས་དང་། མཚན་ཉིད་རིག་པ། གནའ་དཔྱོད་རིག་པ། རྩོམ་རིག་སྒྱུ་རྩལ་སོགས་རིག་ཚན་སྣ་མང་ལ་ཞིབ་འཇུག་བྱེད་པའི་རིག་ཚན་སྣོལ་མ་ཞིག་ཏུ་འགྱུར་མགོ་ཚུགས་ཤིང་། ཞིབ་འཇུག་གི་ཁྱབ་ཁོངས་ཀྱང་ཤིན་ཏུ་རྒྱ་ཆེ་སྟེ། སྤྱིའི་ཆ་ནས་གནའ་བོའི་གྷི་རིག་དང་རོམ་ནས་བརྒྱུད་པའི་ཡིག་ཚང་ཡོད་དོ་ཅོག་གོ །
ཆོས་གང་ཡིན་ཡང་ཐོག་མའི་རྩིང་པ་ནས་ཞིབ་མོ་རྣམ་འཐག་གི་ཕྱོགས་སུ་འཕེལ་བ་ནི་ཆོས་ཉིད་ཡིན་པས། དེང་གི་ཆར་ནུབ་ཀྱི་གནའ་གཞུང་རིག་པའང་བྱེ་བྲག་དང་ཞིབ་ཆ་ཅན་གྱི་རིག་གཞུང་མ་ལག་ཅིག་སྟེ། དབྱིན་ཇིའི་ཁཱམ་ཟམ་སློབ་ཆེན་ལྟ་བུར་མཚོན་ན། དེ་གའི་གནའ་གཞུང་སྡེ་ཁག་ཏུ་ཡན་ལག་གམ(Caucus)རྗེས་སུ་འབྲེལ་བའི་ཆེད་ལས་མི་འདྲ་བ་ལྔ་ཡོད་པ་རྩོམ་རིག་དང་། མཚན་ཉིད་རིག་པ། ལོ་རྒྱུས། སྐད་ཆ་རིག་པ། གནའ་དཔྱོད་དང་སྒྱུ་རྩལ་བཅས་སོ། །ཡང་དེ་དག་ཀྱང་རྩ་བའི་ཆ་ནས་གནའ་གཞུང་སྐད་ཡིག་རིག་པ(Classical philology)ཞེས་པའི་ཞིབ་འཇུག་གི་བྱེད་ཐབས་སྤྱོད་པས་ན་སྒྲ་ཡངས་པའི་གནའ་གཞུང་རིག་པར་གོ་དགོས་པ་ཡིན། གནའ་གཞུང་སྐད་ཡིག་རིག་པ་ཞེས་པ་ནི་གཙོ་བོ་བསྟན་བཅོས་འཐོར་སྡུད་དང་། གཡའ་སེལ། དོན་འགྲེལ་སོགས་གཙོར་འཛིན་པ་ཞིག་ཡིན་ཞིང་ནུབ་ཕྱོགས་ཀྱི་གནའ་གཞུང་རིག་པའི་རྨང་གཞི་དང་ཐོག་མའི་རྣམ་པའང་དེ་ཡིན། དོན་དྲིལ་ན། རིག་ཚན་སྣ་མང་སྤྱད་ནས་གནའ་བོའི་གྷི་རིག་དང་རོམ་གྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་གྲུབ་མཐའ་ཞིག་ཆགས་པར་ནུབ་ཕྱོགས་ནས་གནའ་གཞུང་རིག་པ་ཞེས་འབོད།
གཉིས་པ། གཙུག་ལག་རིག་པ(国学)རྨང་བྱས་པའི་ཀྲུང་གོའི་གནའ་གཞུང་རིག་པ།
འོ་ན་རང་རེའི་རྒྱལ་ཁབ་ལ་གནའ་གཞུང་རིག་པ་བྱ་བ་ཡོད་དམ། ཡོད་ན་དེ་ལ་གང་འཇོག་གམ། རིགས་གཅིག་མཁས་པ་རྣམས་དེའི་ཐད་ཞལ་མི་མཐུན་ཏེ། རྒྱའི་མཁས་པ་ཆིའུ་ཞི་ཀུའེ(裘锡圭)ལགས་ཀྱིས་ཁུང་ཙི་ཡབ་སྲས་སོགས་ནས་བརྒྱུད་པའི་བསྟན་བཅོས་རྣམས་གནའ་གཞུང་རིག་པའི་གྲས་སུ་ཐེ་བར་མ་ཟད། ཧན་ནུབ་མའི་ལིའུ་ཞང་དང་ལིའུ་ཞིན་ཕ་སྤད་ཀྱིས(刘向、刘歆)ཆིན་རྒྱལ་རབས་ཀྱི་སྔོན་གྱི་བསྟན་བཅོས་རྣམས་དག་སྒྲིག་བགྱིས་པའང་འདིའི་ཕྱོགས་ཀྱི་ཞིབ་འཇུག་གི་འབྲས་བུར་བལྟའོ། །ཆིང་ཧྭ་སློབ་ཆེན་གྱི་ཧོང་ཏི་ཁོན(黄德宽)གྱིས་ཀྲུང་གོའི་གནའ་གཞུང་རིག་པ་ཞེས་པ་ཡི་གེ་དང་ཡིག་ཆ། རིག་གནས་བཅས་སྣེ་གསུམ་ནས་ཞིབ་འཇུག་བྱ་དགོས་པར་གདམས་ཡོད། ཡང་ཧྥུ་ཏའོ་པིན(傅道彬)གྱིས་ཞ་ཧྲང་ཀྲོའུ་སོགས་དང་པོའི་རྒྱལ་རབས་གསུམ་གཙོར་བྱས་པའི་ཀྲུང་ཧྭའི་གནའ་བོའི་ཤེས་རིག་དཔལ་ཡོན་མཆིས་པ་དག་ལ་ཞིབ་འཇུག་བྱེད་པའི་རིགས་པ་ཞིག་ལ་བྱ་གསུངས། དོན་དྲིལ་ན། ཀྲུང་གོའི་གནའ་གཞུང་རིག་པ་ནི་ནུབ་ཕྱོགས་ཀྱི་གནའ་གཞུང་རིག་པའི་མ་ལག་དང་ཡོངས་སུ་འདྲ་བ་ཞིག་མིན་པར། མར་ཁེ་སིའི་རིགས་པའི་གཞུང་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གཉིས་ཡང་དག་པར་སྦྱོར་ཞིང་། རང་སའི་ཁྱད་ཆོས་ལེགས་པར་འདོན་པའི་རིག་གཞུང་མ་ལག་ཅིག་སྟེ། གཙོ་བོ་སྲིད་པའི་ཡིག་ཚང(传世文献)དང་གཏེར་མའི་ཡིག་ཚང(出土文献)ལ་གཞི་བཅོལ་ནས་ཀྲུང་ཧྭ་མི་རིགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན། ལམ་ལུགས་ཀྱི་དཔལ་ཡོན་སོགས་ལ་ཞིབ་འཇུག་བྱེད་པའི་རིགས་པ་ཞིག་ཏུ་ངོས་བཟུང་ན་དགེ་ཆེ་བ་ཡིན།
གཞུང་ལྔ་ནི་ཀྲུང་གོའི་གཙུག་ལག་རིག་པའི་ཁུངས་དང་ཕྱི་མོ་ལྟ་བུ་ཡིན་གཤིས། གནའ་གཞུང་རིག་པའི་བརྗོད་བྱ་གཙོ་བོའི་ཁུངས་ཀྱང་དེ་དག་ཡིན། དེས་ན།《སྙན་གཞུང》སོགས་གཞུང་ལྔ་བོས་རྩོམ་རིག་དང་ལོ་རྒྱུས། མཚན་ཉིད་རིག་པ། མི་ཆོས་རིག་པ་སོགས་སྟོན་པ་ཡིན་པས། ཀྲུང་གོའི་གནའ་གཞུང་རིག་པའང་དོན་དུ་རིག་ཚན་དུ་མས་གྲུབ་པ་ཞིག་ཡིན་པ་ཤེས་ཐུབ་བོ། །ཡང་གནའ་གཞུང་རིག་པ་འདིའང་དང་པོའི་གཞུང་ལྔ་ལས་འདའ་མི་རུང་བ་ཞིག་མིན་པར་ཆིན་རྒྱལ་རབས་སྔོན་གྱི་བསྟན་བཅོས་གཞན་དག་ཏེ། 《ཁུང་ཙིའི་གསུང་སྒྲོས》《དབུས་འཛིན་གྱི་གཞུང》《སུང་ཙིའི་དམག་ཇུས》 《རི་ཆུའི་མདོ》སོགས་འདུ་བར་མ་ཟད། དེའི་ཕྱིས་སུ་དར་བའི་སངས་རྒྱས་ཀྱི་ཆོས་དང་། ཏོའོ་ལུགས་ཀྱི་གཞུང་སོགས་ཀྱང་འདུ་བ་ཤེས་སླའོ། །
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་དང་པོར་རྟེན་འབྲེལ་གྱི་ཤིས་ཚིག་སྤྲིངས་པའི་ཁྲོད། མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་སླད་དུ། ཀྲུང་གོས་རྒྱལ་སྤྱིའི་མི་ཆོས་རིག་གནས་བརྗེ་རེས་དང་། འཛམ་གླིང་ཤེས་རིག་གི་ལེགས་ཚོགས་ལེན་རེས་ཀྱིས་འགྲོ་བ་མིའི་རིགས་སྤྱི་ལ་འཕྲད་པའི་དཀའ་ངལ་སེལ་བར་སེམས་བསྐྱེད་དོ་ཞེས་གསུངས་པའི་མདོ་རྩའང་། བདེན་དགེ་མཛེས་གསུམ་གྱི་ཆོས་སྟོན་པའི་གཞུང་རྣམས་ནི་མིའི་རིགས་སྤྱིའི་བགོ་སྐལ་ཡིན་ཞིང་། ཡུལ་ལུང་གཞན་གྱི་ཤེས་རིག་དཔལ་ཡོན་བཟང་པོ་རྣམས་ཀྱང་ལེགས་པར་ལེན་པར་རིགས་པའི་གནད་གདམས་པའོ། །
གསུམ་པ། བོད་སོགས་གྲངས་ཉུང་མི་རིགས་ཀྱི་ཡི་གེར་བཞུགས་པའི་གནའ་གཞུང་རིག་པ།
དེས་ན། སྐབས་འདིར་འགའ་ཞིག་གིས། འོ་ན་རང་རེའི་རིག་གནས་བཟང་པོའི་གཟུང་བཞུགས་པའི་བསྟན་བཅོས་རྣམས་ནི་ཀྲུང་གོའི་གནའ་གཞུང་རིག་པ་ཞེས་པའི་མ་ལག་ཆེན་པོ་དེར་མེད་དམ་ཞེས་ཡིད་གཉིས་བྱེད་པའང་སྲིད་མོད། རིགས་པས་བརྟགས་ན། ཀྲུང་གོ་ནི་སྐད་དང་ཡི་གེ ཆས་དང་ཆ་ལུགས་སོ་སོར་ཕྱེ་ཡང་བསམ་པའི་འཁྱེར་སོ་གཅིག་ཏུ་ཕྱོགས་པའི་མི་རིགས་སྣ་མང་གིས་གྲུབ་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་ཀུན་ལ་མཐུན་སྣང་དུ་གྲུབ་པས། མི་རིགས་དེ་དག་གི་ཡི་གེར་བྲིས་པའི་རྩོམ་རིག་དང་ལོ་རྒྱུས། ཆོས་ལུགས། མཚན་ཉིད་རིག་པའི་བསྟན་བཅོས་རྣམས་ཀྱང་ཀྲུང་གོའི་རིག་གཞུང་མ་ལག་ཁོངས་སུ་ངེས་པར་འདུ་དགོས། བརྒྱ་ལ་རིག་གནས་བཟང་པོས་སྲོག་བཟུང་བའི་མི་རིགས་སོ་སོའི་གནའ་གཞུང་རིག་པར་བདག་པོའི་བགྱི་བ་ལྷུར་མ་བླངས་ན། དེ་དག་སུ་ལ་དབང་བ་རྩོད་པ་ལ་གཟུ་ལུམ་ཅན་འགའ་ཞིག་ནི་བག་ཅུང་ཟད་ཀྱང་མི་ཚ་ཞིང་། མཐར་ནོར་བུ་གཞན་ལ་ཤོར་དུས་ཀྱི་སྙིང་རླུང་ནི་ངལ་བའི་རྒྱུ་ལས་མེད་པས། དེ་དག་གི་བདག་པོར་ཁས་འཆེས་པའི་གཞུང་སྒེར་རྣམས་ཀྱིས་གཅེས་པར་བཟུང་ན་ལེགས་པ་ཡིན།
དོན་དྲིལ་ན། བོད་སོགས་གྲངས་ཉུང་མི་རིགས་དག་གི་ཡི་གེར་བྲིས་པའི་གནའ་རབས་ཀྱི་བསྟན་བཅོས་བཟང་པོ་བཞུགས་སོ་ཅོག་ཀྲུང་གོའི་གནའ་གཞུང་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རང་གཞན་ཀུན་གྱིས་ཐུགས་ལ་བཏགས་ནས་ངེས་ཤེས་འདྲོངས་པ་ནི་གནད་ཀྱི་དམ་པར་མཐོང་ལ། རིག་གཞུང་གི་ཁྱིམ་ཆེན་པོ་དེ་ནས་ཡལ་བར་འདོར་བའམ་རྒྱང་དུ་འཕུད་པ་སོགས་ནི་ཤེས་རབ་ཅན་གྱི་ལས་ཀ་མིན་པས་ངེས་པར་གཟབ་དགོས།དེའི་ཕྱིར། གྲངས་ཉུང་མི་རིགས་ཀྱི་ཡི་གེར་བྲིས་པའི་བསྟན་བཅོས་དག་ལས་གནའ་བོའི་ཤེས་རིག་དཔལ་ཡོན་གྱི་བཅུད་དབྱུང་བ་དང་། དེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཞབས་འདེགས་ཞུ་བའང་ཀྲུང་གོའི་གནའ་གཞུང་རིག་པ་ཞིབ་འཇུག་གི་འགན་འཁྲི་ཞིག་ཏུ་འཁུམས་སོ། །
ཡང་དེང་གི་ཆེད་ལས་ཀྱི་མཐོངས་ནས་སྨྲས་ན། གནའ་གཞུང་རིག་པ་འདི་ཀྲུང་གོའི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་གྲྭ་ཆེན་མོ་བ་དང་ཞིབ་འཇུག་སློབ་མ་སོགས་དང་ཉེ་བར་འབྲེལ་བ་ཡིན་ཏེ། 2024ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རིམ་པ་དང་པོའི་ཆེད་ལས་དཀྲུག་སྡེབ་དང་འཕྲི་སྣོན་བྱས་པའི་ཁྲོད། གནའ་གཞུང་རིག་པའི་ཆེད་ལས་གསར་པ་འདི་ཀྲུང་གོའི་སྐད་ཡིག་དང་རྩོམ་རིག་གི་ཁོངས་སུ་བཙུད་འདུག་པར་མ་ཟད། ཆེད་ལས་གང་དེའི་བསླབ་གནས་ཡང་རྩོམ་རིག་གི་བསླབ་གནས་སྤྲོད་པར་འདུག་པས། འུ་ཅག་ཀྲུང་གོའི་སྐད་ཡིག་དང་རྩོམ་རིག་ལ་བསླབ་པ་སློབ་གཉེར་བྱེད་མཁན་དག་གིས་ངེས་པར་རྒྱའི་གཙུག་ལག་རིག་པ་སོགས་གནའ་གཞུང་རིག་པ་སྤྱི་དང་། སྒོས་སུ་རང་མི་རིགས་ཀྱི་སྔ་རབས་བསྟན་བཅོས་བཟང་པོའི་རྒྱུན་སྐྱོང་ཞིང་ངན་པའི་འཕྲོ་གཅོད་པའི་བླང་དོར་གྱིས་མི་རིགས་ཀྱི་གནའ་གཞུང་རིག་པར་ཡང་བརྩོན་པ་བསྐྱེད་དེ་མི་རིགས་དང་རྒྱལ་ཁབ། འགྲོ་བ་མིའི་རིགས་སྤྱི་ལ་སྨན་པའི་རིགས་པའི་ལམ་འཚོལ་བ་ནི་འོས་སུ་ཆེའོ། །
ཟུར་ལྟའི་དཔྱད་གཞི།
[1] 李景林. 国学:一种活在当下的古典学[J].社会科学文摘,2025(05).
[2] 沈卫荣. 略议“民族语文学”“东方学”和“中国古典学”[N]中华读书报,2025(013).