ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་དེང་རབས་རྩོམ་རིག་གི་བསམ་བློའི་རླབས་རྒྱུན་དང་དེའི་སློབ་གསོའི་རིན་ཐང་སྐོར་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བཀྲ་ཤིས་ཚེ་རིང་།   སྤེལ་དུས། : 2025-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་ཡང“དུས་རབས་ཉི་ཤུ་པའི་སྨད་ནས་རྒྱ་ཡིག་དང་རྩོམ་རིག་གསར་པར་འབྲེལ་འདྲིས་མ་བྱུང་བའི་ཡར་སྔོན་དུ། བོད་ལ་རྩོམ་ཞེས་པའི་ཐ་སྙད་དང་གོ་བ་ལས་རྩོམ་རིག་ཅེས་པའི་ཐ་སྙད་མེད”ལ“རྩོམ་འབྲི་བ་ནི་མཁས་པའི་བྱ་བ་ཞིག་ཡིན་ལ་དེའི་ཐོན་འབྲས་ནི་བསྟན་བཅོས་རེད།”དེ་དུས་ནང་ཆོས་དང་མ་འབྲེལ་བའི་སྤྱི་ཚོགས་ཀྱི་བདེ་སྡུག་མཚོན་པའམ་དགྲ་འདུལ་གཉེན་སྐྱོང་དང་འཁོར་བ་སྐྱོང་ཚུལ་སོགས་ཀྱི་རྩོམ་ལ་ལྟ་བ་ནི་ཉི་མ་འཁྱོལ་ཐབས་ཙམ་དུ་ངོས་འཛིན་ལ། ཁ་དཔེར་ཡང་ཉི་མ་མི་འཁྱོལ་ན་གེ་སར་སྒྲུང་ལ་ལྟོས་ཞེས་ཟེར་སྲོལ་བྱུང་། མ་ཟད་སྒྲུང་གཏམ་རྩོམ་པ་པོར་ཡང་དེ་འདྲའི་བཀུར་བཟོ་ཆེན་པོ་མི་འཐོབ་པ་ཡིན།

ཕྱིས་སུ་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་བ། བོད་ཀྱི་སྤྱི་ཚོགས་ཀྱི་ངོ་བོ་གཞན་དུ་བསྒྱུར་པ་དང་རིམ་བཞིན་དམངས་གཙོའི་བཅོས་བསྒྱུར་གྱིས་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ལམ་ལུགས་གསར་དུ་བཙུགས་པ། མི་བཞི་ཤོག་ཁག་ཐལ་བའི་རྡུལ་དུ་བརླགས་པ་དང་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་མི་རིགས་སྲིད་ཇུས་ཀྱི་དགོངས་དོན་དངོས་ཐོག་དོན་འཁྱོལ་བྱུང་བ། བོད་ཡུལ་དུ་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་འཚར་ལོངས་བྱུང་བ་དང་། ཁོ་ཚོར་འཛམ་གླིང་གི་འགྱུར་ལྡོག་ལ་རེག་གཟིགས་བྱེད་ཐུབ་པའི་གོ་སྐབས་བྱུང་བ་དང་མཉམ་དུ་རང་ཡུལ་གྱི་རྗེས་ལུས་དེ་གསལ་པོར་རྟོགས་རྗེས། ལྷག་བསམ་དང་འགན་འཁྲིའི་འདུ་ཤེས་ཕྲག་ཏུ་བཞེས་ཏེ། རང་ཡུལ་གད་པ་འདི་ཉིད་ལ་འགྱུར་ལྡོག་ཅིག་བྱུང་ན་ཅི་མ་རུང་སྙམ་པའི་ཀུན་སློང་གིས་བསྐུལ་ཏེ། རྩོམ་རིག་དེ་ཉིད་སྤྱི་ཚོགས་ལེགས་བཅོས་བྱེད་པའི་ལག་ཆ་ཞིག་དང་རྨོངས་གཉིད་དཀྲོགས་བྱེད་ཀྱི་རྔ་བོ་ཆེའི་ཚུལ་དུ་བཟུང་ཡོད། མི་རབས་གསར་པའི་གཞོན་སྐྱེས་ཚོས་རྩོམ་ཡིག་ཁ་གྲངས་ལོངས་པ་གསར་རྩོམ་བྱས་པར་མ་ཟད་ཐ་ན་ཚེ་སྲོག་ལས་ཀྱང་གལ་ཆེན་དུ་བརྩི་བ་སོགས་ཀྱང་བྱས། དུས་མཚུངས་སུ་སྲོལ་རྒྱུན་བརྩམས་ཆོས་ཀྱི་བརྗོད་བྱ་རྗོད་བྱེད་དང་མི་མཐུན་པའི་རྣམ་པ་གསར་པའི་རྩོམ་རིག་ཅིག་བྱུང་བ་ཡིན། དེ་ལ་རྩོམ་རིག་ལོ་རྒྱུས་ཁྲོད་དུ་དེང་རབས་རྩོམ་རིག་ཏུ་འབོད། གལ་ཏེ་སྤྱི་ལོ1980ལོ་ནས་བོད་དུ་དེང་རབས་རྩོམ་རིག་དར་བར་ངོས་བཟུང་ན། ད་ལྟའི་བར་དུ་མི་ལོ་བཞི་བཅུ་ལྷག་གི་ལོ་རྒྱུས་ལྡན་པ་རེད།

གཅིག བོད་ཀྱི་དེང་རབས་རྩོམ་རིག་གི་བསམ་བློའི་རླབས་རྒྱུན།

བོད་དུ་དེང་རབས་རྩོམ་རིག་དེ་ཉིད་བྱུང་ཞིང་འཕེལ་བའི་ཁྲོད། གཙོ་བོ་རྒྱ་མི་རིགས་ཀྱི་རྩོམ་རིག་ལ་བལྟས་ནས་འཕེལ་རྒྱས་བྱུང་བ་ཡིན་ཏེ། “རྒྱའི་རྩོམ་རིག་སྨྲ་བ་རྣམས་ཀྱིས་འཛམ་གླིང་གི་ཉེ་བའི་དུས་ཀྱི་ལོ་ངོ་སུམ་བརྒྱའི་རིང་གི་རྩོམ་རིག་གི་འཕོ་འགྱུར་ཡོད་ཚད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་སྟེ་ལོ་ངོ་སུམ་ཅུའི་ནང་ཀྲུང་གོའི་རྩོམ་རིག་ལས་ཡོངས་སུ་མངོན་སོང་ཟེར་བ་བཞིན་དུ། རྒྱའི་སྒྲུང་གཏམ་གྱི་རྣམ་པ་ཕལ་ཆེ་བའང་བོད་ཀྱི་སྒྲུང་གཏམ་གསར་པའི་ཁྲོད་ནས་མངོན་ཡོད”ཅེས་དང“བོད་ཀྱི་རྩོམ་རིག་གསར་པ་ནི་འཛམ་གླིང་རྩོམ་རིག་གི་ཁོར་ཡུག་ཆེན་པོའི་སྐོར་སྐྱིལ་ཁྲོད་ནས་བལྟམས་ཤིང་ལམ་ལ་ཆས་པ་ཡིན་ཡང་། འཛམ་གླིང་རྩོམ་རིག་གི་ཤུགས་རྐྱེན་དེ་ཐད་ཀར་དང་ལེན་བྱས་པ་ཞིག་མིན་པར་རྒྱའི་རྩོམ་རིག་བརྒྱུད་ནས་དང་དུ་བླངས་པ་ཞིག་རེད”ཅེས་པ་ཇི་བཞིན། རྒྱའི་སེམས་རྨའི་སྒྲུང་གཏམ་དང་ཕྱིར་རྟོག་སྒྲུང་གཏམ། རིག་གནས་རྩད་ཞིབ་ཀྱི་སྒྲུང་གཏམ་བཅས་ཀྱིས་མཚོན་པའི་སྒྲུང་གཏམ་མང་པོ་ཞིག་བོད་ཀྱི་དེང་རབས་རྩོམ་རིག་ཁྲོད་མངོན་ཡོད། ཡང་རིག་གནས་དང་ལེན་དང་དཔེ་བལྟ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། གཙོ་བོ་དགག་སྒྲུབ་ལ་བརྟེན་ནས་སྤྱི་ཚོགས་ལ་ཕན་ནུས་འབྱིན་པའི་རྩོམ་རིག་གི་སྣང་ཚུལ་དེ་ལ་དཔེ་བལྟས་ཡོད། བསམ་བློའི་ལྟ་བར་འགྱུར་ལྡོག་བྱུང་བའི་མི་རབས་དེ་དག་གིས་དངོས་དང་བརྒྱུད་པའི་སྒོ་ནས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་འགངས་ཆེན་ཐེབས་ཡོད་ལ། རྩོམ་རིག་གི་བརྗོད་བྱ་དེ་དག་ཕྱིས་ཀྱི་རྩོམ་པ་པོ་མང་པོའི་མིག་ལྟོས་སུ་གྱུར་ཡོད།

དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར་མཚོན་ན། རྒྱའི་རྩོམ་རིག་ལོ་རྒྱུས་ཀྱི་ཐོག་ཏུ་ལྔ་བཞིའི་ལས་འགུལ་གཉིས་པར་གྲགས་པའི་དུས་སྐབས་ཤིག་ཡིན། དུས་སྐབས་དེར་གཙོ་བོར་དུས་འགྱུར་གྱིས་མིའི་འཇིག་རྟེན་ལ་བཟོས་པའི་ནག་ཉེས་ཐེར་འདོན་བྱེད་པའི་སེམས་རྨའི་སྒྲུང་གཏམ་ཐོན། སེམས་རྨའི་སྒྲུང་གཏམ་རྩོམ་པ་པོས་བསྐྱར་དྲན་གྱི་ཚུལ་དུ་མི་སྒེར་གྱི་དངོས་བརྒྱུད་ཀྱི་ཉམས་མྱོང་ཡི་གེའི་གཟུགས་སུ་ཕབ་པ་རེད།  “སེམས་རྨའི་སྒྲུང་གཏམ་ཞེས་པ་འདི་ནི་སྒྲུང་གཏམ་རྩོམ་པ་པོ་ཁོང་ཚོ་སོ་སོས་དེ་ལྟར་མིང་དུ་བཏགས་པ་ཞིག་མ་ཡིན་པར་རྩོམ་རིག་དཔྱད་བརྗོད་པས་བཏགས་པ་ཞིག་རེད། ” དེ་ལྟར་མི་སེམས་ཀྱི་རྨ་ཁ་བྲིས་པ་ནས་རིམ་བཞིན་རྩོམ་པ་པོ་ཚོའི་བསམ་བློའི་གཏིང་ཇེ་ཟབ་ཏུ་སོང་སྟེ། དུས་འགྱུར་ལས་འགུལ་དེ་དག་བྱུང་བའི་རྩ་བར་ཕྱིར་རྟོག་བྱེད་མགོ་བརྩམས། དེ་ལ་རྩོམ་རིག་ལོ་རྒྱུས་ཁྲོད་དུ་ཕྱིར་རྟོག་རྩོམ་རིག་ཅེས་སུ་བརྗོད། ཕྱིར་རྟོག་རྩོམ་རིག་གིས་གཙོ་བོར་སྤྱི་ཚོགས་ཀྱི་སྒྲིག་གཞིར་དོགས་གཞི་དང་མི་གཤིས་ཀྱི་འཚོལ་ཞིབ་བྱེད་པ་གཉིས་འགན་དུ་བཞེས་ཡོད། བསམ་བློའི་རླབས་རྒྱུན་དེའི་མཐུ་ནུས་ལས་བོད་ཀྱི་རྩོམ་པ་པོ་མང་པོའི་བློ་སྒོ་ཕྱེ་བ་དང་། ཁོ་ཚོས་ཀྱང་བོད་མིའི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་སྐྱོ་གར་ཇི་སྙེད་ཅིག་རྩོམ་དུ་བྲིས་ཏེ་དམངས་བྱིངས་ཀྱི་བསམ་བློའི་སྒྲོག་དེ་གཏོར་ཐབས་བྱས། བོད་ཀྱི“རྩོམ་རིག་གི་བྱེད་ནུས་ཀྱི་འགྱུར་ལྡོག་ཕྲ་མོ་དེས་བོད་ཡིག་དེང་རབས་རྩོམ་རིག་ལ་འཇུག་པའི་རྩོམ་པ་པོ་གང་མང་ལ་བློ་སྐྱེད་བསྩལ་ཅིང་། དེའི་མིག་དཔེ་ལས་ལོ་རབས་བརྒྱད་ཅུ་པའི་མཇུག་རག་ཏུ་རྩོམ་སྲོལ་དེ་དང་ལེན་དང་སློབ་སྦྱོང་བྱེད་པ་ནི་ཁྱད་ཆོས་གལ་ཆེན་ཞིག་ཏུ་གྲུབ་འདུག་པར་མ་ཟད། བོད་ཡིག་དེང་རབས་རྩོམ་བྱུང་ལོ་རྒྱུས་ཁྲོད་ཐེར་འདོན་རྩོམ་རིག་ཅེས་པའི་དུས་རབས་གསར་པ་ཞིག་ཀྱང་ཕྱེ་བ་རེད། བྱེད་ནུས་ཀྱི་འགྱུར་བའམ་ངོས་ཟིན་གསར་པ་དེའི་དབང་གིས། དངོས་ཡོད་འཚོ་བ་ནི་བརྩམས་སྒྲུང་གི་སྨྱུག་ཁ་གཏོད་ཡུལ་ཉག་གཅིག་ཡིན་པའི་ངེས་ཤེས་རྙེད།”

དུས་རབས་གསར་པའི་རྩོམ་པ་པོ་དག་གིས་འཇིག་རྟེན་འཚོ་བ་དང་དངོས་ཡོད་སྤྱི་ཚོགས་གཉིས་དོན་དུ་གཉེར་འགྱུར་གཙིགས་ཆེན་གྱིས། དངོས་ཡོད་འཚོ་བའི་ཁྲོད་དུ་མིའི་བདེ་སྡུག་དང་མི་མཐུན་པའི་ཟོག་པོ་འཚུལ་ཆོས་དག་ལ་དགག་རྒྱག་གིས་རྩོམ་རིག་དང་སྤྱི་ཚོགས། རྩོམ་རིག་དང་མིའི་བར་གྱི་འབྲེལ་བ་ཇེ་དམ་དུ་བཏང་བ་རེད། རྩོམ་རིག་ནི་དངོས་ཡོད་སྤྱི་ཚོགས་ལས་བྱུང་བ་དང་འདུ་ཤེས་འཛིན་སྟངས་ཤིག་ཡིན་པའི་དབང་གིས་རྩོམ་རིག་དང་སྤྱི་ཚོགས་བར་གྱི་འབྲེལ་བ་དེ་རྩ་བ་ནས་གཅོད་ཐབས་མེད།

དེ་ལྟར་ཐོག་མའི་སེམས་རྨའི་རྩོམ་རིག་ནས་རིམ་བཞིན་ཕྱིར་རྟོག་རྩོམ་རིག་དང་རིག་གནས་རྩད་ཞིབ་ཀྱི་རྩོམ་རིག་བར་གྱི་རྩོམ་རིག་གི་བསམ་བློའི་རླབས་རྒྱུན་གྱི་འཕེལ་རིམ་ཆེན་པོ་ཞིག་བྱུང་ཡོད། འཕེལ་རིམ་རིང་མོའི་དེའི་ཁྲོད་ནས་བོད་ཀྱི་རྩོམ་པ་པོ་ཚོའི་བསམ་པའི་གོ་རྟོགས་ཇེ་མཐོ་ཇེ་ཡངས་སུ་སོང་བའི་སྣང་ཚུལ་ཞིག་མངོན་གྱི་ཡོད་པ་རེད།

གཉིས། བོད་ཀྱི་དེང་རབས་རྩོམ་རིག་གི་བསམ་བློའི་རླབས་རྒྱུན་གྱི་སློབ་གསོའི་རིན་ཐང་།

རྩོམ་རིག་གི་སྤྱི་ཚོགས་ཕན་ནུས་དེ་བརྒྱུད་པའི་སྒོ་ནས་འབྱུང་བ་ཞིག་སྟེ། རྩོམ་རིག་བརྩམས་ཆོས་ཀྱིས་མྱོང་རོལ་མཁན་ལ་སློབ་གསོ་ཐེབས་པའམ་དེས་བསམ་བློར་ཤུགས་རྐྱེན་ཐེབས་ཏེ་རང་ཉིད་ལ་ངེས་རྟོགས་དང་གོ་རྟོགས་བསྐྱེད་པ་ཡིན། དེ་ལྟར་དོན་གྲུབ་རྒྱལ་གྱིས་མཚོན་པའི་རྩོམ་པ་པོ་མང་དག་ཅིག་ལ་རྒྱའི་རྩོམ་རིག་གི་བསམ་བློའི་ཤུགས་རྐྱེན་ཐེབས་ཏེ། སྐབས་དེར་གཙོ་བོར་རང་དོན་ཁེ་གྲགས་དོན་དུ་གཉེར་བའི་བསམ་བློ་རྩ་བ་ནས་མེད་པར། རིགས་སྤྱིའི་ལས་དབང་དང་བདེ་སྡུག་ལ་བསམ་གཞིག་བྱས་པ་རེད།

བོད་ཀྱི་དེང་རབས་རྩོམ་རིག་གི་བསམ་བློའི་རླབས་རྒྱུན་དེས་ཕྱོགས་གཅིག་ནས་བོད་ཀྱི་རྩོམ་པ་པོ་མང་དག་ཅིག་ལ་བློ་སྐྱེད་བསྩལ་ཡོད་དེ། རྩོམ་རིག་ནི་དངོས་ཡོད་སྤྱི་ཚོགས་ལས་བྱུང་བ་དང་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་མིའི་བདེ་སྡུག་ལ་སྣང་བ་མི་འཇོག་པའི་རིག་གནས་དང་གོམས་ལུགས། བྱ་བྱེད་སོགས་ལ་དགག་རྒྱག་གིས་མིའི་བདེ་སྡུག་དང་རྩིས་ཐང་གི་ཆེད་དུ་འབོད་སྐུལ་བྱས་པ་རེད་ལ། རྩོམ་རིག་དང་སྤྱི་ཚོགས་བར་གྱི་འབྲེལ་བ་དེའང་ཇེ་དམ་དུ་བཏང་བ་རེད། བསམ་བློ་དེའི་ཤུགས་རྐྱེན་དེ་ཕྱིས་ཀྱི་རྩོམ་པ་པོ་མང་པོར་ཐེབས་ཡོད་དེ། ད་ལྟའི་བར་དུ་བོད་ཀྱི་རྩོམ་པ་པོ་དག་གིས་དངོས་ཡོད་སྤྱི་ཚོགས་ཁྲོད་འཚོ་བའི་དོན་དུ་འབད་འབུངས་བྱེད་བཞིན་པའི་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱ་རྒྱུ་དེ་གཙིགས་སུ་འཛིན་བཞིན་ཡོད། ཕྱོགས་གཞན་ཞིག་ནས། རྩོམ་རིག་བརྩམས་ཆོས་དེ་དག་ལྟ་ཀློག་བྱས་པ་བརྒྱུད་ནས་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུ་དང་རྣམ་པ་གསར་པ་འཛུགས་སྐྲུན་བྱ་རྒྱུར་བྱ་ཐབས་བཏོན་པ་རེད། གཞན་ཡང་དེང་རབས་ཅན་བཞི་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་མིའི་བསམ་པའི་འཇིག་རྟེན་དེ་བདེ་བར་གནས་ཐབས་བྲལ་སྐབས། རྩོམ་རིག་གིས་དངོས་ཡོད་སྤྱི་ཚོགས་ལས་བྲལ་བའི་འཇིག་རྟེན་གཞན་ཞིག་བཞེངས་སྐྲུན་བྱས་ཡོད་ཅིང་། མི་རྣམས་ཀྱིས་འཇིག་རྟེན་འདི་ནས་རང་སེམས་ཀྱི་རྨ་ཁ་གསོ་ཐབས་བྱེད་ཀྱི་ཡོད་པ་རེད།

མདོར་ན། བོད་ཀྱི་དེང་རབས་རྩོམ་རིག་གི་བསམ་བློའི་རླབས་རྒྱུན་དེས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས། རྩོམ་པ་པོའི་བསམ་བློ་སོགས་ལ་སློབ་གསོའམ་ངེས་ཤེས་དང་ཤུགས་རྐྱེན་ཇི་སྙེད་ཅིག་ཐེབས་ཡོད་དོ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།