ཀྲུང་གོ་བོད་ཀྱི་དྲ་བ།

བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པའི་འཇོན་ནུས་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྡོ་རྗེ།   སྤེལ་དུས། : 2025-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གླེང་གཞི།

བོད་སྐད་བརྙན་འཕྲིན་ཐོག་མར་དར་བའི་སྐབས་ཀྱི་མདོ་འཛིན་པའི་མ་མཐའི་ཆ་རྐྱེན་ནི། སྐད་ཀྱི་གདངས་ལ་གསལ་དག་སྙན་གསུམ་ལྡན་པ་དང་།སྐྱེ་འབྲས་ལེགས་ཤིང་བྱད་གཟུགས་མཛེས་པ། བོད་སྐད་ཡིག་གི་རིག་གནས་ཀྱི་ཆུ་ཚད་འོས་འཚམ་ཡོད་ན་ཆོག་པར་བརྩི། སྐབས་དེར་བོད་འབྲེལ་ས་ཁུལ་ལ་མཚོན་ན་བརྙན་འཕྲིན་ལས་རིགས་གསར་དུ་དར་བའི་སྐབས་ཡིན་པས། གོང་གི་ཆ་རྐྱེན་དེ་ཙམ་འཛོམས་པས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ། ཡིན་ནའང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། དུས་རབས་གསར་པའི་སྤྱི་ཚོགས་འཕེལ་འགྱུར་གྱི་དགོས་མཁོ་དང་བསྟུན་ཆེད། བརྙན་འཕྲིན་ལེ་ཚན་གང་ཞིག་ཡིན་རུང་དེའི་ཡང་སྙིང་ནི་ངེས་པར་ཏང་གི་སྲིད་དོན་དང་བཅའ་ཁྲིམས།དམངས་ཕན་སྲིད་ཇུས་གསར་པ་སྣ་ཚོགས་དྲིལ་སྒྲོག་བྱས་ཏེ་མི་དམངས་མང་ཚོགས་དཔལ་ཡོན་ཅན་གྱི་ལམ་དུ་འཁྲིད་རྒྱུ་དེ་ཡིན་པས།བརྙན་འཕྲིན་ཁང་སོ་སོས་ཀྱང་རང་གི་ལས་ཀའི་གཞི་རྩའི་ངོ་བོ་ལ་གཞིགས་ནས་སྲིད་ཇུས་དང་བཅའ་ཁྲིམས་དྲིལ་སྒྲོག་བྱེད་པའི་ལེ་ཚན་དང་།རྒྱལ་ཁབ་དང་མི་རིགས་ཀྱི་རིག་དངོས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས། སྔོག་འདོན་བཅས་ཀྱི་ལེ་ཚན། གླུ་གར་སྒྱུ་རྩལ་དང་རིག་གནས་སློབ་གསོའི་ལེ་ཚན་སོགས་ངོ་བོ་དང་རྣམ་པ་མི་འདྲ་བའི་ལེ་ཚན་མང་པོ་གཉེར་དགོས་སྟབས། ལེ་ཚན་མི་འདྲ་བའི་མདོ་འཛིན་པར་མཚོན་ན་ཡང་གང་ལ་དེ་འཚམ་གྱི་འཇོན་ནུས་རེ་འཛོམས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་ཡོད། གཤམ་ནས་དུས་རབས་གསར་པའི་མདོ་འཛིན་པ་ལེགས་པོ་ཞིག་བྱེད་ན་ཆ་རྐྱེན་གང་དག་འཛོམས་དགོས་པའི་སྐོར་ནས་ཅུང་ཟད་གླེང་བར་བྱའོ། །

དང་པོ། ཆབ་སྲིད་ཀྱི་བྱང་ཚད་མཐོན་པོ་ལྡན་དགོས།

བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པའམ་སྙན་སྒྲོན་པ་ནི་ཏང་གི་སྲིད་དོན་སྣ་ཚོགས་སྒྲོག་སྤེལ་བྱེད་པའི་མགྲིན་ཚབ་པ་ལྟ་བུར་ངོས་འཛིན་བཞིན་ཡོད་པས། མདོ་འཛིན་པ་ལེགས་པོ་ཞིག་བྱེད་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཁྱད་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་སོགས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་གོ་རྟོགས་དང་བསམ་བློའི་ཆུ་ཚད་ཚད་ངེས་ཅན་ཞིག་ལ་བསླེབ་དགོས་པའི་བླང་བྱ་ནན་མོ་བཏོན་ཡོད། དེ་བཞིན་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་གསར་པ་དང་གཞི་རྩའི་ལམ་ཕྱོགས་སོགས་ལ་སློབ་སྦྱོང་ཡག་པོ་བྱེད་པ་དེ་ཡང་སྐབས་བསྟུན་གྱི་ལས་ཀ་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་སྟབས། གསར་དུ་གཏན་འཁེལ་བྱས་པའི་བཅའ་ཁྲིམས་དང་སྲིད་ཇུས། འབྲེལ་ཡོད་ཤེས་བྱ་དག་ལ་ནན་ཏན་སྒོས་སློབ་སྦྱོང་གང་ལེགས་བྱ་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་གསར་འགྱུར་ཁག་ལ་རྒྱུས་ལོན་བྱ་རྒྱུ་སོགས་ཀྱང་སྨྱན་བྱད་ལས་ཀའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

གལ་ཏེ་གསར་འགྱུར་སྙན་སྒྲོན་པ་ཞིག་གིས་ཏང་གི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་ནང་དོན།གསར་དུ་གཏན་འབེབས་བྱས་པའི་སྲིད་ཇུས་སྣ་ཚོགས་ལ་སློབ་སྦྱོང་ཡེ་ནས་མ་བྱས་པའི་ཁར། སྐབས་དོན་གསར་འགྱུར་ལའང་རྒྱུས་ལོན་མ་བྱས་པར་ཐད་ཀར་གསར་འགྱུར་སྙན་སྒྲོན་བྱས་ན། དཔེར་ན་འདི་ལྟ་བུའི་ནོར་འཁྲུལ་བཟོ་ངེས་ཏེ། བསྒྲོན་བྱའི་མ་ཡིག་དེ་སྙན་སྒྲོན་པའི་བློ་ངོར་གོ་བ་གསལ་པོ་ཞིག་ཆགས་མེད་པས། རང་ངོས་ནས་སྙན་སྒྲོན་ལེགས་པོ་ཞིག་བྱ་མི་ཐུབ་ལ། ཉན་མཁན་གྱིས་ཀྱང་གོ་བ་ཟབ་མོ་ལེན་མི་ཐུབ་པའི་སྐྱོན་འབྱུང་། དེ་བས་མདོ་འཛིན་པས་ཆབ་སྲིད་གཞུང་ལུགས་དང་སྲིད་ཇུས་གསར་པར་སློབ་སྦྱོང་བྱེད་དགོས་པར་མ་ཟད། འབྲེལ་ཡོད་ཀྱི་གསར་འགྱུར་གནས་ཚུལ་ལའང་རྒྱུས་ལོན་ཟབ་མོ་ཡོད་དགོས། དེ་ལྟར་བྱས་ཚེ་བརྙན་འཕྲིན་ཁང་གིས་སྤྱི་ཚོགས་ཀྱིས་དཀྲིས་པའི་ཆབ་སྲིད་འོས་འགན་ཡོངས་འགྲུབ་བྱེད་པ་དང་།སྙན་སྒྲོན་པས་གོང་རིམ་མགོ་ཁྲིད་ཀྱིས་དཀྲིས་པའི་འོས་འགན་དང་དམངས་ཀྱི་རེ་བཞག་ལེགས་འགྲུབ་བྱེད་པར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་ནུས།

གཉིས་པ། ཆེད་ལས་ཀྱི་ནུས་པ་ངེས་ཅན་ལྡན་དགོས།

ཕུལ་བྱུང་མདོ་འཛིན་པ་དག་གི་བྱ་བའི་ཉམས་མྱོང་ལ་རྒྱུས་ལོན་བྱས་ན། ང་ཚོས་ཤེས་ཐུབ་པ་ནི་ཁོ་ཚོ་ཕལ་ཆེ་བ་སློབ་གྲྭ་ཆུང་འབྲིང་གི་དུས་ནས་བརྙན་འཕྲིན་གྱི་ལེ་ཚན་ག་གེ་མོ་ཞིག་དང་མདོ་འཛིན་པ་ཆེ་གེ་མོ་ཞིག་གི་གཏམ་སྤྱོད་ཀྱིས་ཁོ་ཚོའི་སེམས་གཏིང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་ཅིང་། སློབ་གསེང་གི་དུས་སུ་རྩེད་འཇོའི་རྣམ་པས་མདོ་འཛིན་པ་དེ་དག་གི་བྱ་བྱེད་ལ་ལད་ཟློས་གང་མང་བྱེད་པར་དགའ། དུས་མཚུངས་སུ་རིག་རྩལ་བྱེད་སྒོ་སྣ་ཚོགས་ལ་མདོ་འཛིན་བྱེད་པའི་གོ་སྐབས་འཐོབ་པར་བརྩོན་ལེན་བྱེད་ཅིང་། གོ་སྐབས་དེ་དག་གིས་ཁོ་ཚོའི་ཁ་ལྕེ་དང་བློ་རིག་ལ་ཡར་སྐྱེད་ཀྱི་ནུས་པ་གལ་ཆེན་ཐོན་གྱིན་ཡོད། ཡིན་ན་ཡང་། ཆེད་ལས་ཀྱི་བློ་སྦྱོང་ཟབ་མོ་མེད་པའི་དབང་གིས་ཕྱི་ནང་མ་སྨིན་པའི་ཤིང་ཏོག་ཨ་མྲའི་འབྲས་བུ་ཇི་བཞིན་ཆེད་ལས་ནུས་པ་ཆེན་པོ་མེད། དེའི་ཕྱིར་ཁོ་ཚོས་རང་སྟེང་གི་ཞན་ཆ་རྟོགས་ཏེ་ཆེད་ལས་ཤེས་བྱར་སློབ་སྦྱོང་བྱས་པ་སྟེ། ཐོག་མར་གཞུང་ལུགས་ཤེས་བྱ་དང་གར་སྟེགས་སྐད་ཆའི་སྒྱུ་རྩལ། ལུས་ཀྱི་ཉམས་འགྱུར་བཅས་ཀྱི་ཞིབ་ཆའི་གནད་ལ་སྦྱངས་པ་དང་།བར་དུ་མདོ་འཛིན་གྱི་ལག་ལེན་དངོས་ལས་ཉམས་མྱོང་བསགས་པས། མཐའ་མར་སྤོབས་པའི་གཟེངས་མཐོ་ལ་རིག་པ་གློག་ལྟར་མྱུར་བ། ངག་གི་གཏམ་ལ་བཞད་གད་ཀྱི་བྲོ་བ་ལྡན་པ། ལུས་ཀྱི་སྟངས་སྟབས་ལ་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པ། གོན་པ་དང་ཆ་ལུགས་བབ་ཆགས་ལ་མཛེས་ཆ་དོད་པ་སོགས་མདོ་འཛིན་ཆེད་ལས་ལ་བྱང་ཆ་ལྡན་པར་གྱུར་པ་ཡིན།  དེ་བས། ང་ཚོས་རྟོགས་ནུས་པ་ནི། ཕུལ་དུ་བྱུང་བའི་མདོ་འཛིན་པ་ཞིག་ཏུ་འགྱུར་དགོས་ན། མདོ་འཛིན་གྱི་ཆེད་ལས་ནུས་པ་ངེས་ཅན་ཞིག་ལྡན་དགོས་པར་མ་ཟད། དེ་ཉིད་ལག་ལེན་ལ་སྦྱར་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ཡང་གསོག་དགོས་སོ། །

གསུམ་པ། རིག་གནས་ཤེས་བྱ་སྣ་མང་རྟོགས་དགོས།

ཉེ་བའི་ལོ་འདི་དག་གི་རིང་ལ་བརྙན་འཕྲིན་ལས་རིགས་གོང་འཕེལ་ཆེན་པོ་བྱུང་བ་དང་བསྟུན་ནས་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པའི་སྤྱི་ཚོགས་གོ་གནས་ཀྱང་གོང་དུ་འཕར་ཡོད་ལ་འོས་འགན་ཡང་དེར་མཐུན་གྱིས་ཇེ་ལྗིད་དུ་སོང་ཡོད། བརྙན་འཕྲིན་ཁང་སོ་སོས་རྒྱལ་ཁབ་དང་མི་རིགས་ཀྱི་རིག་དངོས་སྲུང་སྐྱོབ་བྱེད་པ་ལ་དམིགས་ནས་མི་རིགས་རིག་དངོས་ཉར་ཚགས་དང་གནའ་ཤུལ་རིག་དངོས་སྔོག་འདོན། རིག་གནས་སློབ་གསོ་དར་སྤེལ་བྱེད་པ་སོགས་ཀྱི་ལེ་ཚན་དུ་མི་རིགས་གང་གི་རྒྱ་ཆེ་བའི་རིག་གཞུང་དང་རླབས་ཆེ་བའི་མཛད་འཕྲིན། ཁྱད་འཕགས་ཀྱི་བཟོ་སྐྲུན། ངོ་མཚར་གྱི་དམངས་སྲོལ། གསར་དར་གྱི་ཚན་རྩལ། གསར་ཐོན་གྱི་རིག་གནས་སོགས་བརྙན་འཕྲིན་གྱི་སྟེགས་བུ་བརྒྱུད་ནས་གཟིགས་མོ་བ་ཁྲི་སྟོང་མང་པོའི་སྤྱན་སྔར་འབུལ་བཞིན་ཡོད་ལ། མདོ་འཛིན་པ་རྣམས་ཀྱིས་ཀྱང་རང་གི་འཇོན་ནུས་རྩལ་དུ་སྤྲུགས་ནས་འོས་འགན་ལེགས་འགྲུབ་ལ་འབད་བཞིན་མཆིས། མདོ་འཛིན་པ་རྣམས་ཀྱིས་མདོ་འཛིན་གྱི་ལས་དོན་ལེགས་པོ་ཞིག་འཁྱོངས་དགོས་ན། ངེས་པར་རིག་གནས་ཤེས་བྱ་སྣ་མང་ལ་བློ་གྲོས་ཀྱི་འཇུག་པ་ཡངས་དགོས་ཏེ། དེ་ཡང་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས།རིག་གཞུང་།དམངས་སྲོལ་རིག་གནས་སོགས་ལ་སློབ་སྦྱོང་ལེགས་པོ་བྱས་ནས། རང་ཉིད་ཀྱི་རིག་གནས་ཤེས་བྱའི་ཆུ་ཚད་གོང་མཐོར་གཏོང་དགོས། དེ་ལྟར་རིག་གནས་ཤེས་བྱ་སྣ་མང་རྒྱུད་ལ་འཛོམས་ནས་མདོ་འཛིན་གྱི་ལས་ལ་ཞུགས་ཚེ། ལེ་ཚན་མདོ་འཛིན་བྱེད་དུས་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་གནས་ཚུལ་བོད་སྐད་ཡིག་གི་བརྡ་སྤྲོད་པའི་ལུགས་དང་མ་འགལ་བར་ཉན་མཁན་རྣམས་ཀྱི་སྙན་ལམ་དུ་ལེགས་པར་སྒྲོན་ཐུབ་པ་དང་།སྐད་ཆའི་བརྗོད་པ་ལའང་བདེན་སྟོབས་ཀྱིས་ཕྱུག་ཅིང་ལྟ་མཁན་གྱི་རིག་པའི་སྒོ་མོ་འབྱེད་ཐུབ་པར་མ་ཟད། དམངས་དང་ཉེ་བར་བཅར་བ་དང་དམངས་ཀྱིས་ཉན་སྤྲོ་ལ་བརྩེ་བ་དང་སྤྲོ་སྐྱིད་ཀྱིས་ཕྱུག་པའི་ལེ་ཚན་ཞིག་མདོ་འཛིན་བྱེད་ཐུབ་བོ།  །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།