“ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་དང་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ”ཞེས་གསུངས་པ་ལྟར། དེང་དུས་ཀྱི་ང་ཚོ་ནི་དེང་རབས་ཅན་དང་གོ་ལ་ཅན་སོགས་རིག་གནས་དང་གོམས་སྲོལ་དུ་མ་ཞིག་ཕན་ཚུན་འདྲེས་པའི་སྤྱི་ཚོགས་ཤིག་དང་དུས་ཚོད་ཅིག་གི་ནང་དུ་གནས་ཡོད་མོད། སྔར་གྱི་རིག་གནས་དང་སྲོལ་རྒྱུན་ཤེས་རྒྱུ་ཡང་ཤིན་ཏུ་གལ་ཆེ་སྟེ། དེང་འདིར་ང་ཚོས་སྤྱི་ཚོགས་ཀྱི་རྣམ་པ་དང་སློབ་གསོ་ཡི་སྒྲིག་གཞི་དུ་མ་ཞིག་ནི་སྔར་གྱི་རིག་གནས་དང་སྲོལ་རྒྱུན་ལས་བྱུང་བ་ཤ་སྟག་རེད། དེ་ཤེས་པ་ལ་དམངས་ཁྲོད་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག་གི་བྱེད་ནུས་སོགས་ལ་ཞིབ་འཇུག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། དམངས་ཁྲོད་རྩོམ་རིག་ནི་དམངས་ཁྲོད་ལས་བྱུང་ཞིང་། དམངས་ཀྱི་ཉིན་རྒྱུན་འཚོ་བ་དང་ཐག་ཤིན་ཏུ་ཉེ་བའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ལ། དམངས་ཀྱི་འཚོ་བའི་ཟིན་ཐོ་གལ་ཆེན་ཞིག་ཀྱང་ཡིན།
ལོ་ངོ་ཁྲི་སྟོང་མང་པོའི་རིང་ངག་བརྒྱུད་ནས་ཡོང་བའི་རིག་གནས་ཀྱི་རྩ་བའི་སྲོག་ཤིང་ཆེན་པོ་ཞིག་དང་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན་པས། མི་རིགས་གང་དེའི་དམངས་ཁྲོད་རྩོམ་རིག་ནི་དེའི་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཡིན། དེ་མ་ཟད། དམངས་ཁྲོད་རྩོམ་རིག་ནི་དམངས་ཀྱི་ཉིན་རྒྱུན་འཚོ་བ་དང་ཁ་ཐག་ཤིན་ཏུ་ཉེ་བས་སྤྱི་ཚོགས་ཁྲོད་ཀྱི་བྱེད་ནུས་ཤིན་ཏུ་མཐོ། དེ་ལས་སློབ་གསོའི་བྱེད་ནུས་ནི་བྱེད་ནུས་དུ་མའི་གྲས་ཀྱི་གཅིག་ཡིན། བོད་རང་གི་དམངས་ཁྲོད་རྩོམ་རིག་ལ་མཚོན་ནའང་དེ་ལྟར་ཡིན་ཏེ། ལྷག་པར་བོད་ཀྱི་དམངས་ཁྲོད་རྩོམ་རིག་ལ་མཚོན་ན་ཁ་ཏ་སློབ་གསོའི་བྱེད་ནུས་ནི་དམངས་ཁྲོད་རྩོམ་རིག་གི་བྱེད་ནུས་གལ་ཆེན་པོ་ཞིག་ཡིན་པའི་སྣང་ཚུལ་ཡོད།
བོད་ཀྱི་གཏམ་དཔེ་དང་དམངས་གླུ། གཏམ་རྒྱུད་དང་ལྷ་སྒྲུང་གང་གི་ནང་དུའང་འཇིག་རྟེན་མི་ཆོས་དང་འབྲེལ་བའི་ཁ་ཏ་སློབ་གསོ་ཤིན་ཏུ་མང་། དེ་མ་ཟད། བོད་ལ་ད་དུང་མི་གང་ཞིག་གི་རང་གི་མི་ཚེའི་སྐྱིད་སྡུག་ཉམས་མྱོང་ལ་སྦྱར་ཏེ་ཕྱི་རབས་ཚོ་ལ་ཁ་ཏའི་གཏམ་དུ་སྦྱར་བའང་ཤིན་ཏུ་མང་སྟེ། དཔེར་ན་ཤིན་ཏུ་གྲགས་ཆེ་བ་ལ《གནའ་རྒྱའི་ཚེ་ལོའི་བསླབ་བྱ》དང《ཡ་རིའི་ཨ་བསོད་ཀྱི་སྙིང་གཏམ》ལྟ་བུ་ཡོད།
དང་པོ། མི་ཚེའི་རིན་ཐང་དང་ཀུན་སྤྱོད་ལེགས་ཉེས་སྐོར་གྱི་སློབ་གསོའི་རིན་ཐང་།
མི་ཚེའི་རིན་ཐང་དང་ཀུན་སྤྱོད་ལེགས་ཉེས་ཀྱི་སྐོར་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་ཁྱབ་རྒྱ་ཆེ་བའི་བརྗོད་བྱ་ཞིག་རེད། གླུ་དང་གཏམ་དཔེ་རུ་མི་ཚེའི་རིན་ཐང་དང་ཀུན་སྤྱོད་ལེགས་ཉེས་ཀྱི་སྐོར་བཤད་པར་མ་ཟད། ལྷ་སྒྲུང་དང་གཏམ་རྒྱུད་དུའང་མི་ཚེའི་རིན་ཐང་དང་ཀུན་སྤྱོད་ལེགས་ཉེས་ཀྱི་སྐོར་བཤད་ཡོད། ཀུན་ལ་གྲགས་ཤིང་རྒྱུས་མངའ་ལྡན་པའི་མི་ཚེའི་རིན་ཐང་དང་ཀུན་སྤྱོད་ལེགས་ཉེས་ཀྱི་ཁ་ཏ་བསླབ་བྱའི་སྐོར་ནི《གནའ་རྒྱའི་ཚེ་ལོའི་བསླབ་བྱ》དང《ཡ་རིའི་ཨ་བསོད་ཀྱི་སྙིང་གཏམ》ལྟ་བུ་ཡོད། ཀུན་གྱི་སྣང་ངོར་མི་ཚེའི་རིན་ཐང་དང་ཀུན་སྤྱོད་ལེགས་ཉེས་ཀྱི་ཁ་ཏ་སློབ་གསོ་དང་འབྲེལ་བ་ཆེར་མེད་པའི《ཡི་དྭགས་སྐེ་རིང》དང《ཨོཾ་འཁྱིལ་ཚེ་ལོ》ལྟ་བུའི་ཇག་གླུའི་ཁྲོད་དུའང་དོན་ལ་སློབ་གསོའི་རིན་ཐང་མི་དམན་པ་མངོན་རྒྱུ་ཡོད།
ལྷག་པར《ཡི་དྭགས་སྐེ་རིང》ནི་ཀུན་གྱི་རྣ་བར་གྲགས་ཆེ་བའི་ཇག་གླུ་རིང་མོ་ཞིག་ཡིན་ལ།《ཡི་དྭགས་སྐེ་རིང》གི་ཇག་བྱས་ཚུལ་དང་འབྲེལ་བའི་དམངས་ཁྲོད་གཏམ་རྒྱུད་ཀྱང་མང་པོ་ཞིག་ཡོད་མོད་ཀྱི། 《ཡི་དྭགས་སྐེ་རིང》ཁྲོད་དུའང་མི་ཚེའི་རིན་ཐང་དང་ཀུན་སྤྱོད་ལེགས་ཉེས་ཀྱི་སློབ་གསོའི་རིན་ཐང་ཤིན་ཏུ་མི་དམན་པ་ཡོད། དཔེར་ན། “ངས་ན་ནིང་དབྱར་ཁ་ཞིག་ལ། །ཡང་མི་བསམ་རྒྱུ་ཞིག་བསམས་ནས། །རྟ་རི་སྤྱང་འདྲ་མོར་བཞོན་ནས། །བོའུ་གློག་དམར་འདྲ་བོ་ཁུར་ནས། །ང་ཇག་པའི་བྲག་ལམ་བརྒྱུད་ནས། །”“ངས་ཁུར་བའི་བོའུ་རིང་ནང་ནས། །སྐད་འབྲུག་སྒྲ་འདྲ་ཟིག་གྲགས་ནས། །ཐོག་གློག་ལྕེ་འདྲ་ཞིག་འཐེན་ཐལ། །བུ་གན་ཚོའི་སྲོག་ལ་བབས་ཐལ། །ཕ་ཞིག་གི་ལག་རྟེན་ཆགས་ཐལ། །མ་ཞིག་གི་མིག་ཆུ་ལྷུང་ཐལ། །”ཞེས་པ་ལྟ་བུའི་རང་གི་ཀུན་སྤྱོད་ཀྱི་ནག་ཉེས་ལ་ཐེར་འདོན་དང་མི་སྡུག་པའི་རང་བཞིན་གྱི་བསམ་བློ་བཟུང་ཡོད་པ་ལྟ་བུ།
ཡང་ན“དགྲ་ནག་པོས་ད་སྡོད་ཟེར་དུས། །ཤ་ཚ་བའི་བུ་ཞིག་དགོས་ཀི །གཞུག་ར་མདས་ད་སྡོད་ཟེར་དུས། །སྤུན་སྤུན་ཟླ་རྩིབས་ན་དགོས་ཀི །ལྷགས་བསེར་བུས་གཞུག་ནས་འདེད་དུས། ། དྲིན་མ་ལོ་སྔོན་ན་དགོས་ཀི །ངས་འདི་གསུམ་དགོས་དོན་བཤད་ན། །རྒོད་ཐང་དཀར་ཟིག་ག་དཔེ་འཇོག །རྒོད་ཐང་དཀར་འཁོར་བའི་ས་ནི། །བྲག་དམར་པོའི་ཡན་ཟིག་མེད་ཁུ། །”“ད་དེང་སང་ནང་ཁའི་གཞོན་ནུ། །ང་ཡི་དྭགས་སྐེ་རིང་མ་སྐྱོ། །ཕྱི་ས་མཐའ་མྱུལ་རྒྱུར་མ་དགའ། །བུ་རིག་བཟང་ཅན་གྱི་རྣ་བར། །ཚིག་གཏམ་གྱི་སྙིང་པོ་འདི་ཡིན། །ཉན་ཤེས་ན་རྣ་བའི་བདུད་རྩི། །ཉན་མ་ཤེས་སྐེ་རིང་ཁ་ལབ། །”ཅེས་པ་ལྟ་བུའི་རང་གི་བྱས་ཉེས་ལ་འགྱོད་གདུང་དང་མི་གཞན་རྣམས་ལ་དེ་ལྟར་བྱ་མི་འོས་པའི་མི་ཚེའི་རིན་ཐང་དང་ཀུན་སྤྱོད་ལེགས་ཉེས་ཀྱི་སྤང་བླང་དང་འབྲེལ་བའི་ཁ་ཏ་སློབ་གསོའི་སྐོར་ཀྱང་ཡོད་དོ། །
གཉིས་པ། གཞན་ལ་དྲིན་གཟོ་དང་བྱམས་ཀྱིས་སྐྱོང་དགོས་པའི་སྐོར་གྱི་སློབ་གསོའི་རིན་ཐང་།
དྲིན་ཆེན་ལ་དྲིན་ལན་འཇལ་བ་དང་གཞན་ལ་ཕན་ཆེ་ཐོག་ཆུང་ཐོག་གིས་བྱམས་སྐྱོང་བྱ་རྒྱུ་ནི་བོད་ཀྱི་དམངས་ཁྲོད་སློབ་གསོའི་གྲུབ་ཆ་ཆེ་ཤོས་ཤིག་རེད། དེ་ནི་གནའ་རབས་སྤྱི་ཚོགས་དང་དེང་རབས་སྤྱི་ཚོགས་གང་ལ་མཚོན་ནའང་བོད་མིའི་སེམས་ཁོང་གི་སློབ་གསོའི་གྲུབ་ཆ་ཆེན་པོ་ཞིག་ཏུ་གྱུར་ཡོད། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་ཁྲོད་དུ་བརྗོད་བྱ་འདིའང་ཤིན་ཏུ་ཁྱབ་ཆེ། དེ་དག་ལས་ཀུན་ལ་གྲགས་ཆེ་ཞིང་རྒྱུས་མངའ་ལྡན་པ། ཤིན་ཏུ་ཁྱབ་གདལ་རང་བཞིན་ཆེ་བ་ནི《གནའ་རྒྱའི་ཚེ་ལོའི་བསླབ་བྱ》ཡིན་ངེས། བོད་ཀྱི་དམངས་ཁྲོད་རྩོམ་རིག་ཁྲོད་ཀྱི་དྲིན་ལ་དྲིན་གཟོ་དང་གཞན་དག་བྱམས་ཀྱིས་སྐྱོང་བའི་སློབ་གསོའི་སྐོར་ནི་མི་དང་མིའི་བར་འབའ་ཞིག་ལ་བཤད་པ་ཞིག་མིན་པར། དུད་འགྲོ་སེམས་ཅན་ལ་དྲིན་འཇལ་འོས་པ་དང་བྱམས་ཀྱིས་སྐྱོང་དགོས་པའི་ཚུལ་གྱི་ཁ་ཏ་སློབ་གསོའང་ཤིན་ཏུ་མང་སྟེ། ནག་མོ་ནོར་དང་གཡང་དཀར་ལུག ཅང་ཤེས་རྟ་དང་སྒོ་ཁའི་ཁྱི་སོགས་ཀྱི་དྲིན་ལ་དྲིན་གཟོ་དང་བྱམས་ཀྱིས་སྐྱོང་དགོས་པའི་ཁ་ཏ་སློབ་གསོའི་སྐོར་ལ་དཔེར་ན་དུད་འགྲོའི་མཐོང་སྣེ་ནས་བཤད་ཡོད་པ།《ཅང་ཤེས་རྟ་ཕོའི་སྐྱོ་གླུ》དང《གཡག་རྒན་གྱི་མིག་ཆུ》ལྟ་བུ་ཡོད། འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་སྤྱིར་བཤད་པ《ཡ་རིའི་ཨ་བསོད་ཀྱི་སྙིང་གཏམ》དང《གནའ་རྒྱའི་ཚེ་ལོའི་བསླབ་བྱ》ལྟ་བུའི་ཁྲོད་དུའང་དུད་འགྲོ་སེམས་ཅན་གྱི་དྲིན་ལ་དྲིན་གཟོ་དང་བྱམས་ཀྱིས་སྐྱོང་དགོས་པའི་ཚུལ་བཤད་ཡོད་པ་ནི།《ཡ་རིའི་ཨ་བསོད་ཀྱི་སྙིང་གཏམ》ལས“སྒོ་ཕྱི་ནང་མཚམས་ཀྱི་གཡོག་མོ། །ཁྱི་རྒྱ་ལིའི་སྐྱིད་སྡུག་ཁྱོད་གསལ། །ཁྱི་རྒྱ་ལི་ན་ཚོད་ཆུང་དུས། །རྟ་ནོར་ལུག་གསུམ་པོ་བསྲུངས་ནས། །སྒོ་ཕྱི་ནང་གཉིས་ཀར་བལྟས་ཏེ། །ཚེ་མི་རིང་ཇག་རྐུན་བཀག་ནས། །འདི་ཉིན་མཚན་མེད་པར་བརྒྱུགས་ཀི །ཁྱི་རྒྱ་ལི་ལོ་ལོན་ལོག་དུས། །རུ་བཀལ་ན་མཚེར་ནས་བསྐྱུར་གི །རྗེས་མི་ཆོད་ལག་ལྕག་ཉོས་ནས། །ཟས་མི་ཆོད་ལྟོགས་སྐོམ་མྱོང་གི །ལུས་གང་པོ་སྤུ་འཆིང་ཁུར་ཡོད། །ཁྱིའི་བདག་པོར་རྒྱུ་འབྲས་མེད་ཀི །ངས་དེ་ནས་གཡོག་མོ་ཁྱོད་བཅོལ། །”ཞེས་པ་ལྟ་བུ། དེ་བཞིན་འདོ་རིག་རྟ་བོ་དང་ནག་མོ་ནོར། གཡང་དཀར་ལུག་སོགས་བརྗོད་བྱར་བྱས་ནས་དུད་འགྲོ་སེམས་ཅན་དེ་དག་ལ་དྲིན་གཟོ་དང་བྱམས་ཀྱིས་སྐྱོང་འོས་ཚུལ་བཤད་ཡོད་པའང་མང་མོད་ཀྱི་འདིར་ཡིག་ཚོགས་ལ་འཇིགས་ནས་རེ་རེ་བཞིན་བྲི་བར་མ་སྤོབས།
གསུམ་པ། བྱིས་པའི་འཚར་ལོངས་ཁྲོད་ཀྱི་སློབ་གསོའི་རིན་ཐང་།
དམངས་ཁྲོད་རྩོམ་རིག་གི་སློབ་གསོའི་བྱེད་ནུས་གླེང་དུས་བྱིས་པའི་སློབ་གསོའི་བྱེད་ནུས་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། བྱིས་པ་ཆུང་ངུའི་དུས་སུ་མི་རྒན་པ་ཚོས་ཁོ་ཚོར་གནའ་གཏམ་བཤད་པ་དེས་འཚར་ལོངས་ཀྱི་གོ་རིམ་ཁྲོད་སློབ་གསོའི་ནུས་པ་མི་དམན་པ་ཐོན་བཞིན་ཡོད་དེ། ཀྲུང་ཅིན་བུན་གྱིས《དམངས་ཁྲོད་རྩོམ་རིག་སྤྱི་བཤད》ལས“དམངས་ཁྲོད་རྩོམ་རིག་གིས་བྱིས་པའི་སློབ་གསོར་ཐོན་པའི་ནུས་པ་ནི་མི་གླེང་ཐབས་མེད་ཅིག་རེད”ཅེས་གསུངས་ཡོད། ལྷག་པར་འཛམ་གླིང་གི་མི་སྣ་གྲགས་ཅན་དང་མིང་དུ་གྲགས་པའི་རྩོམ་པ་པོ་དུ་མ་ཞིག་ལ་བྱིས་དུས་དམངས་ཁྲོད་གཏམ་རྒྱུད་ཀྱིས་སློབ་གསོའི་ནུས་པ་མི་དམན་པ་ཐོན་ཡོད་པར་ཁོང་ཚོ་རང་གིས་སྨྲ་བཞིན་ཡོད་དེ། ལུའུ་ཞུན་དང་ཀོར་ཅི་ལྟ་བུ་ལའང་ཆུང་དུས་ཁྱིམ་གྱི་རྒན་པ་ཚོས་བཤད་པའི་གཏམ་རྒྱུད་ཀྱིས་ཁོ་ཚོར་སློབ་གསོའི་ནུས་པ་མི་དམན་པ་ཐོབ་ཡོད་པ་ཁོ་ཚོ་རང་གིས་སྨྲ།
མདོར་ན། བོད་ཀྱི་དམངས་ཁྲོད་རྩོམ་རིག་ནི་བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་རེད་ལ། དེས་གནའ་དེང་སྤྱི་ཚོགས་ཁྲོད་དུ་བྱེད་ནུས་ཆེན་པོ་ཐོན་ཡོད། དམངས་ཁྲོད་རྩོམ་རིག་ལས་མངོན་པའི་སློབ་གསོ་ནི་ལོ་ངོ་སྟོང་ཕྲག་གི་ཉམས་མྱོང་ཕྱོགས་སྡོམ་ལས་བྱུང་བ་ཡིན་པས་སློབ་གསོའི་རིན་ཐང་འདི་ལ་དཔྱད་པའི་རིན་ཐང་ཤིན་ཏུ་ཆེ། དེ་བས་འདིར་དམངས་ཁྲོད་སློབ་གསོའི་རིན་ཐང་སྐོར་ཅུང་ཙམ་གླེང་བ་ཡིན་མོད་ཀྱི་འོས་མིན་དང་གཟུར་གནས་མ་ཡིན་པ་དང་ནོར་བ་ཤིན་ཏུ་མང་སྲིད་པས་མཐར་དཔྱད་རྩོམ་འདིར་བྱུང་བའི་གནད་དོན་དུ་མ་ཞིག་ལ་མཁྱེན་ལྡན་ཀུན་གྱིས་བཟོད་གསོལ་གནང་རོགས་ཞུ་ཞུ། །