ཀྲུང་གོ་བོད་ཀྱི་དྲ་བ།

གྲི་གུམ་བཙན་པོ་རོབ་ཙམ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བཀྲ་ཤིས་མཚོ་མོ།   སྤེལ་དུས། : 2025-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། གྲི་གུམ་བཙན་པོ་རྒྱལ་རབས་དུ་བར་བགྲངས་ཚུལ།

གྲི་གུམ་བཙན་པོ་རྒྱལ་རབས་དུ་བར་བགྲངས་པར་བཞེད་ལུགས་མི་འདྲ་བ་དུ་མ་ཡོད་དེ།དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།“གྲི་གུམ་བཙན་པོ་ནི་ཡབ་སྲིབས་ཁྲི་བཙན་པོ་དང་ཡུམ་ས་བཙུན་ཀླུ་རྗེའི་སྲས”ཞེས་གྲི་གུམ་བཙན་པོ་རྒྱལ་རབས་བརྒྱད་པར་བགྲངས་འདུག ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི《བོད་ཀྱི་ལོ་རྒྱུས་སྤྱི་དོན་པངྨ་རཱ་གའི་ལྡེ་མིག》ལས།“སྤུ་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་ནི་ཡབ་སྲིབས་ཁྲི་བཙན་པོ་དང་ཡུམ་ས་བཙུན་ཀླུ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས”ཞེས་རྒྱལ་རབས་བརྒྱད་པར་བགྲངས་ཡོད། ཆབ་འགག་རྟ་མགྲིན་གྱིས་བརྩམས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》ལས། “གྲི་གུམ་བཙན་པོ་ནི་སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་ཏེ་བོད་ཀྱི་བཙན་པོ་བརྒྱད་པ་ཡིན”ཞེས་བྲིས་ཡོད། རྒྱལ་མོ་འབྲུག་པས་བརྩམས་པའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ལས།“གྲི་གུམ་བཙན་པོ་དང་པུ་དེ་གུང་རྒྱལ་རྒྱལ་རབས་བརྒྱད་པ་དང་དགུ་བ”ཞེས་བཀོད་འདུག་པས་གྲི་གུམ་བཙན་པོ་རྒྱལ་རབས་བརྒྱད་པར་བགྲངས་ཡོད། མཁས་པ་ལྡེའུས་མཛད་པའི《ལྡེའུ་ཆོས་འབྱུང་རྒྱས་པ》ལས།“སྟོད་ཀྱི་སྟེང་གཉིས་ཀྱི་ལོ་རྒྱུས་སྟོན་པ་ནི། རྗེ་གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་གི་སྲས་མོ་བཤོས་པའི་སྲས་མུག་ཁྲི་བཙན་པོ། དེ་དང་ས་དིང་དིང་གི་སྲས་མོ་བཤོས་པའི་སྲས་དིང་ཁྲི་བཙན་པོ། དེ་དང་སོ་ཐམ་ཐམ་གྱི་སྲས་མོ་བཤོས་པའི་སྲས་སོ་ཁྲི་བཙན་པོ།དེ་དང་འདར་ཡེད་ཡེད་ཀྱི་སྲས་མོ་བཤོས་པའི་སྲས་འདར་ཁྲི་བཙན་པོ།དེ་དང་གདགས་ཀྱི་ལྷ་མོ་བཤོས་པའི་སྲས་གདགས་ཁྲི་བཙན་པོ།དེ་དང་སྲིབས་ཀྱི་ལྷ་མོ་བཤོས་པའི་སྲས་སྲིབས་ཁྲི་བཙན་པོ།དེ་དང་གནམ་གྱི་རྒྱལ་མོ་ཟི་ལིང་ཤོལ་མ་རྗེར་བཤོས་པའི་སྲས་གྲི་གུམ་བཙན་པོ”ཞེས་གསུངས་པས་གྲི་གུམ་བཙན་པོ་རྒྱལ་རབས་བརྒྱད་པར་གསུངས།གཞན་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེ་དང་མི་མཐུན་པའི་བཞེད་ལུགས་ཁྱད་པར་ཅན་ནི《བོད་ཀྱི་ལོ་རྒྱུས་རིག་གནས་དགའ་ཚལ》ལས། “སྤུ་རྒྱལ་གྱི་གདུང་རབས་བདུན་པ་གྲི་གུམ་བཙན་པོ་ནི།ཡབ་ཁྲི་སྤེ་བཙན་པོ་དང་ཡུམ་རྒྱལ་མོ་ཟི་ལིང་ཤོལ་མ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས།སྐུ་གཤེན་ཅོ་ན་མི་ཆེན་གྱིས་བྱས”ཞེས་གསུངས་པས་གྲི་གུམ་བཙན་པོ་རྒྱལ་རབས་བདུན་པར་བགྲངས་འདུག དེ་ནི་དབུ་ཅན་དང་དབུ་མེད་ཀྱི་ཁྱད་པར་ལ་བལྟས་ནས་དམིགས་བསལ་གྱི་རྒྱལ་རབས་བརྩི་སྟངས་ཤིག་ཏུ་ངེས། སྔོན་གྱི་ཡིག་ཚང་རྙིང་གྲས་དག་དང་ཡོངས་གྲགས་ཀྱི་བཞེད་ཕྱོགས་ལ་གཞིགས་ན་གྲི་གུམ་བཙན་པོ་རྒྱལ་རབས་བརྒྱད་པར་བགྲངས་ངེས།

གཉིས་པ། གྲི་གུམ་བཙན་པོའི་སྐབས་བོན་ལུགས་ཀྱི་གནས་སྟངས་སྐོར།

གྲི་གུམ་བཙན་པོ་སྤུ་རྒྱལ་གྱི་སྲིད་ཁྲི་ལ་བཞུགས་རིང་སྐུ་གཤེན་རྣམས་ས་མཐར་སྤྱུགས་སྐབས།“ལྷ་བོན་སྒོ་བཞི་དང་།གེ་ཁོལ་ཐིས་འཕེན་དང་།གཙོ་གྱིམ་བུ་ལན་ཚ་རྣམས་བདག་གི་སྐུ་སྲུང་དུ་བཞག་འཚལ”ཞེས་གསུངས་པས་གྲི་གུམ་བཙན་པོ་བོན་ལ་དད་མོས་ཆེ་ཞིང་སྲིད་དང་སྐུ་ལ་བར་ཆད་མི་ཡོང་བའི་སླད་དུ་སྐུ་གཤེན་ཆེ་བའི་ལམ་སྲོལ་རྒྱུན་འཛིན་བྱས་ཡོད། རྒྱལ་མོ་འབྲུག་པ་ལགས་ཀྱིས་བརྩམས་པའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ལས། གྲི་གུམ་བཙན་པོའི་སྐབས་སུ་སླེབས་དུས་བོན་ལུགས་སྔར་ལས་དར་རྒྱས་བྱུང་བ་དང་། སྒོས་སུ་མངའ་རིས་ཞང་ཞུང་ཕྱོགས་ནས་ཕྱི་རོལ་མུ་སྟེགས་དབང་ཕྱུག་གི་གྲུབ་མཐའི་ལྟ་བ་འཁྱར་ནས་བརྡོལ་བོན་དང་འདྲེས་ཏེ་འཁྱར་བོན་བྱ་བ་དར་ཁྱབ་ཏུ་སོང་བར་བརྟེན། རྒྱལ་པོའི་སྐུ་བོན་རྣམས་ཀྱང་རྫུ་འཕྲུལ་ནུས་གསུམ་ཡ་མ་ཟུང་དང་ལྡན་པར་གྱུར་ནས་བོན་གཤེན་དག་གི་མངའ་ཐང་ཇེ་ཆེར་སོང་སྟེ། ཐད་ཀར་བཙན་པོའི་རྒྱལ་སྲིད་ལ་ཐེ་གཏོགས་དང་ཚོད་འཛིན་བྱས་པ་སོགས་བྱུང་ཡོད་ཅེས་པས་གྲི་གུམ་བཙན་པོའི་སྐབས་བོན་ལུགས་སྔར་ལས་དར་ཁྱབ་ཆེ་བ་ཤེས་ཐུབ། བླ་ཆེན་པོ་དྲན་པ་ནམ་མཁས་བརྩམས་པའི《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེ་གླིང་གྲགས》ལས། “དེ་ཡང་གནམ་གྱི་ཁྲི་བདུན་གྱི་རིང་དང་རྒྱལ་པོ་གྲི་གུམ་གྱི་ཚེ་སྟོད་ཡན་ཆད་བོན་གྱི་བསྟན་པ་ཤིན་ཏུ་དར་ཏེ།གཡུང་དྲུང་བོན་ནི་ཟབ་ཅིང་རྒྱ་ཆེ།འདྲེན་པའི་དཔོན་གསས་ནི་ཐུགས་རྗེ་ཆེ་ལ་བྱིན་རླབས་ཆེ།རྒྱལ་པོ་རྣམས་ནི་དབང་ཆེ་ལ་བཀའ་བཙན་པ”ཞེས་གྲི་གུམ་བཙན་པོ་ནི་བན་བོན་ལོ་རྒྱུས་སྟེང་གི་ཆོས་ལུགས་བཅོས་བསྒྱུར་གྱི་དབང་གྲགས་མི་སྣ་ཞིག་ཡིན་པར་མ་ཟད།ཁོང་གི་རིང་དང་དེའི་གོང་རོལ་དུ་བོན་བསྟན་རིག་གནས་དར་ཞིང་རྒྱས་པར་གྱུར།《བསྒྲགས་བྱང》ལས། “དེ་ཡང་རྒྱལ་པོ་དེའི་ཚེ་སྟོད་གསས་མཁར་ས་ལེ་བྱེ་ཚང་བཞེངས། གཡུང་དྲུང་བོན་ཁོ་ནར་སྤྱད། ཚེ་སྨད་ལ་བོན་བསྣུབས་པས། བསྣུབས་མ་ཐག་ཏུ་ཡང་རྒྱལ་པོ་ལོ་སུམ་ཅུ་རྩ་དྲུག་གྲི་ཁར་འདས་སོ། ”ཞེས་དང་། ཡང《བསྒྲགས་བྱང》ལས། “རྒྱལ་པོ་གྲི་གུམ་བཙད་པོའི་ཚེ་སྨད་ལ་བོན་ཐེངས་གཅིག་ནུབ་སྟེ། དེ་ཡང་གཙང་དུ་ནུབ་པ་ཡིན་ལ་དབུས་མན་ཆད་ལ་མ་ནུབ་པ་ལྟ་བུ་ཞེས་བོན་ལུགས་སུའང་གྲི་གུམ་བཙན་པོ་ནི་མཁས་མཛངས་ལྡན་པ་ཞིག་ཡིན་པར་སྨྲ། གྲི་གུམ་བཙན་པོའི་སྐབས་སྲིད་སྐྱོང་བློན་པོ་ཤོག་ཁག་གཉིས་སུ་གྱེས་པའི་ནང་བློན་བཙན་བཞེད་མེ་ལྷ་སོགས་ཚར་གཅོད་མ་བྱས་ན་བཙན་པོ་ཁོང་ནི་མིང་ཙམ་འགྱུར་ཆེ་བ་སོགས་སྙན་དུ་གསོལ་བས། གྲི་གུམ་བཙན་པོས་ཀྱང་རང་ཉིད་ཀྱི་གོ་གནས་དང་གནས་བབ་རྟོགས་ནས་དུས་སྐབས་དེར་དབང་ཤུགས་ཆེ་བའི་སྐུ་གཤེན་དང་དེའི་རྗེས་འབྲང་བཅས་ས་མཐར་སྤྱུགས་ནས་རང་ཉིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་བཏང་། གནམ་གྱི་ཁྲི་བདུན་དང་། གྲི་གུམ་བཙན་པོའི་སྐུ་ཚེའི་སྟོད་སྨད་ཙམ་ལ་བོན་སྲིད་མཉམ་འབྲེལ་ཐོག་སྤུ་རྒྱལ་གྱི་སྟོབས་ཤུགས་དང་མངའ་ཐང་དར་ཞིང་རྒྱས་པར་གྱུར། སྐབས་ཤིག་སྲིད་ལུགས་ཀྱི་འཕེལ་ཕྱོགས་དང་བཙན་པོའི་དགོངས་གཞི་ལ་དམིགས་ནས་བོན་ལུགས་ཀྱི་ཆེ་གྲས་དཔོན་རིགས་དང་རིག་གནས་ལ་གནོན་ཤུགས་ཙམ་སྤྲད་མོད་སྤུ་རྒྱལ་གྱི་དར་འཕེལ་ལ་ལེགས་ཉེས་གང་ཡང་མ་བྱུང་། རིག་གནས་དང་ཆབ་སྲིད་ཀྱི་འགལ་འདུའི་འོག་སྤུ་རྒྱལ་གྱི་འཕེལ་ཕྱོགས་སྔར་བཞིན་བརྟན་པར་གྱུར་པ་ནི་བཙན་པོ་ཁོང་གི་ཐུགས་དགོངས་ལས་གཞན་ཏུ་མེད་པར་ངེས། གྲི་གུམ་བཙན་པོའི་རིང་བོན་བསྟན་མཐོང་ཆེན་དང་དར་སྤེལ་བཏང་བས་གྲི་གུམ་བཙན་པོ་དང་དབང་ཤུགས་ཆེ་བའི་བོན་བློན་ཚོའི་བར་གྱི་འགལ་ཟླ་དེ་ཆོས་ལུགས་ཀྱི་འགལ་ཟླ་ཁོ་ན་མ་ཡིན་པར་སྒེར་གྱི་ཁེ་དབང་གི་ཆེད་དུ་ཡིན་པར་སྙམ།

གསུམ་པ། གྲི་གུམ་བཙན་པོར་སྲས་ཅི་ཙམ་འཁྲུངས་ཚུལ་དང་རྒྱལ་སར་བཞུགས་ཚུལ་སྐོར།

གྲི་གུམ་བཙན་པོ་ལ་སྲས་ཅི་ཙམ་འཁྲུངས་པ་དང་སྲས་གང་ཞིག་རྒྱལ་སར་བཞུགས་པའི་ཐད་ལ་བཞེད་པ་མི་མཐུན་པ་དུ་མ་ཡོད། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “གྲི་གུམ་བཙན་པོ་དང་དེ་ཡི་བཙུན་མོ་ཀླུ་སྲིང་མེར་ལྕམ་ལ་ཤ་ཁྲི་དང་ཉ་ཁྲི། བྱ་ཁྲི་གསུམ་བལྟམས”ཞེས་པ་དང་། “གཅེན་པོ་ཤ་ཁྲིས་ཀོང་གི་རྗེ་བོ་མཛད། འབྲིང་པོ་བྱ་ཁྲིས་སྤོ་བོའི་མངའ་དབང་མཛད། ཆུང་བ་ཉ་ཁྲིས་ཉང་པོའི་རྗེ་མཛད།”སོགས་དང་།“སྤོ་བོའི་ཡུལ་ནས་འབྲིང་པོ་བྱ་ཁྲི་བྱོན་ལ་རྒྱལ་སར་བཏོན་ཞེས་པས་གྲི་གུམ་བཙན་པོར་སྲས་གསུམ་འཁྲུངས་པ་དང་འབྲིང་པ་བྱ་ཁྲི་རྒྱལ་སར་བསྐོས།གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》དང《དེབ་ཐེར་དམར་པོ》ལས།“རུ་ལས་སྐྱེས་ཞེས་པས་ཉ་ཁྲི་རྒྱལ་སར་བཅུག་སྟེ་སྤུ་དེ་གུང་རྒྱལ་དུ་བཏགས།གཅེན་ཤ་ཁྲི་དང་གཅུང་བྱ་ཁྲི་གཉིས་ཀོང་པོ་དང་ཉང་པོའི་རྗེ་མཛད”ཅེས་པ་ལས་གྲི་གུམ་བཙན་པོར་སྲས་གསུམ་འཁྲུངས་པ་དང་སྲས་ཉ་ཁྲི་རྒྱལ་སར་བསྐོ་བཞག་མཛད།《རྒྱལ་རབས་གསལ་བའི་མེ་ལོང》ལས། “ཕུ་བོ་གསུམ་གདན་འདྲེན་ཕྱིན་པས། ཤ་ཁྲི་དང་ཉ་ཁྲི་གཉིས་གདན་མ་དྲངས་ཏེ།ཀོང་པོ་དང་ཉང་པོའི་རྗེ་མཛད་ནས་ད་ལྟ་ཡང་གདུང་བརྒྱུད་ཡོད་དོ། སྤོ་བོའི་ཡུལ་ནས།སྲས་བྱ་ཁྲི་གདན་དྲངས་ཏེ།ཡར་ལུངས་སུ་བཞུགས”ཞེས་པས་གྲི་གུམ་བཙན་པོར་སྲས་གསུམ་ཡོད་པ་དང་སྲས་བྱ་ཁྲི་རྒྱལ་སར་བཏོན།བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས(773-815)ཀོང་རྗེ་དཀར་པོར་གནང་བའི་ཀོང་པོ་དེ་མོའི་བཀའ་གཙིགས་བྲག་བརྐོས་མ་ལས། “དྲྀ་གུམ་བཙན་པོའི་སྲས་གཅེན་ཉ་ཁྱྀ་དང་།གཅུང་ཤ་ཁྱྀ་ལ(ལས)གཅུང་ཤ་ཁྱྀ་ནི།ལྷ་བཙན་པོ།གཅེན་ཉ་ཁྱྀ་ནི་རྐོང་ཀར་པོའི་རྗེ”ཞེས་གསུངས་པས་གྲི་གུམ་བཙན་པོར་སྲས་གཉིས་སུ་བཞེད་པས་འདིར་ཡང་བཙན་པོ་གྲི་གུམ་བཙན་པོར་སྲས་ཅི་ཙམ་ཡོད་པའི་ཐད་ལ་རང་རེའི་ལོ་རྒྱུས་སྨྲ་བ་རྣམས་ཀྱང་ཞལ་མི་མཚུངས་ཤིང་།ཕལ་ཆེར་གྱིས་སྲས་གསུམ་ཡོད་པར་འདོད་ཀྱང་ཏུན་ཧོང་གཏེར་ཡིག་དང་ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ་སོགས་སུ་ཤ་ཁྱི་དང་ཉ་ཁྱི་བྱ་བའི་གཅེན་གཅུང་གཉིས་ལས་མི་འདུག་པས་སྲས་གཉིས་ལས་སྲས་གསུམ་དུ་མི་འདོད།ཕ་རྗེས་བུས་འཛིན་བཞིན་ཡབ་གྲི་གུམ་བཙན་པོའི་ཆབ་སྲིད་ཀྱི་རྒྱུན་འཛིན་པར་སྲས་ཤ་ཁྱིའི་མཚན་སྤུ་ལྡེ་གུང་རྒྱལ་དུ་གསོལ་ཏེ་བཙན་པོར་བསྐོས་སོ། །

དཔྱད་གཞིའི་ཡིག་ཆ།

[1] དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན》[M].མི་རིགས་དཔེ་སྐྲུན་ཁང་།2005ལོ།

[2] རྒྱལ་མོ་འབྲུག་པ།《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》[M].ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2015ལོ།

[3]ཞོ་ར་པངྨ་དབང་ཆེན།《བོད་ཀྱི་ལོ་རྒྱུས་རིག་གནས་དགའ་ཚལ》[M].ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོ།

[4] ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པངྨ་རཱ་གའི་ལྡེ་མིག》[M].མི་རིགས་དཔེ་སྐྲུན་ཁང་།2006ལོ།

[5] མཁས་པ་ལྡེའུ།《ལྡེའུ་ཆོས་འབྱུང་རྒྱས་པ》[M].བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། 1987ལོ།

[6] གཉའ་གོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》[M].ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོ།

[7] བླ་ཆེན་པོ་དྲན་པ་ནམ་མཁའ།《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེ་གླིང་གྲགས》[M]. གངས་ཏེ་སི་བོན་གཞུང་རིག་མཛོད་དཔེ་ཚོགས།མི་རིགས་དཔེ་སྐྲུན་ཁང་།2010ལོ།

[8] 王尧. 《吐蕃金石录》 [M]. 北京:文物出版社,1982.

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།