ཀྲུང་གོ་བོད་ཀྱི་དྲ་བ།

གློག་བརྙན《ཞི་ཞི་ལིའི་མཛེས་སྡུག་གི་གཏམ་རྒྱུད》ལ་དཔྱད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དུང་ཟིན་རྒྱལ་གྱིས་བརྩམས།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཞོན་པའི་བློ་འབྱེད་ཀྱི་སློབ་ཚན། ལོ་རྒྱུས་ཡོལ་ངོས་ཀྱི་ལྡོག་གཟུགས། སྤྱི་ཚོགས་བསམ་གཞིག་གི་ཁུངས་སྣེ།

---གློག་བརྙན《ཞི་ཞི་ལིའི་མཛེས་སྡུག་གི་གཏམ་རྒྱུད》ལ་དཔྱད་པ།

图片

དང་པོ། གློག་བརྙན་མཚམས་སྦྱོར།

གློག་བརྙན《ཞི་ཞི་ལའི་མཛེས་སྡུག་གི་གཏམ་རྒྱུད》(西西里的美丽传说)ནི་གཏམ་རྒྱུད་ཧ་ཅང་སྟབས་བདེ་ཞིང་ཞིབ་ཕྲའི་ནང་དོན་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གློག་བརྙན་ཞིག་ཡིན་ཞིང་། དབྱི་ཐ་ལིའི་འཁྲབ་ཁྲིད་པ་གྲགས་ཅན་ཀྲུའུ་སའེ་ཕེ·ཐུའོ་ན་ཏུའོ་ལེས་འཁྲབ་ཁྲིད་བྱས་པ་དང་བུད་མེད་འཁྲབ་སྟོན་པ་མོ་ཉི་ཁ·པེ་ལུའུ་ཆིས་འཁྲབ་སྟོན་བྱས་པའི་གློག་བརྙན་ཞིག་རེད། གློག་བརྙན་འདིའི་ནང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་དབྱི་ཐ་ལིའི་ཞི་ཞི་ལིའི་གླིང་ཕྲན་རྒྱབ་ལྗོངས་སུ་བྱས་ནས་ན་ཆུང་གཞོན་ནུ་ཞིག་གི་མཐོང་སྣེ་ལས་དམག་འཁྲུག་དུས་སྐབས་ཀྱི་མི་ཤི་རྟ་འགྱེད་དང་། གྲོང་རྡལ་ཆུང་ངུའི་མི་རྣམས་ཀྱིས་མཛེས་པའི་བུད་མེད་ཞིག་གི་ལས་དབང་ལ་ཇི་ལྟར་རྡོག་རྫིས་བཏང་བའི་གོ་རིམ་གསལ་རྗེན་དུ་བསྟན་ཏེ། བརྩེ་སེམས་དང་འཚར་ལོངས། དམག་འཁྲུག་དང་ལས་དབང་། སྤྱི་ཚོགས་དང་མི་གཤིས་བཅས་ཀྱི་བརྗོད་དོན་གཙོ་བོར་བཟུང་ཞིང་། དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་སྐྱོན་ཆ་སྣ་ཚོགས་དང་མི་གཤིས་ཀྱི་ཞན་ཆ་གསལ་སྟོན་བྱས་ཡོད་པས། གློག་བརྙན་འདི་ལ་དངོས་ཡོད་དགག་སྒྲུབ་རིང་ལུགས(批判现实主义)⑴ཀྱི་ཁྱད་ཆོས་ཀྱང་ལྡན་འདུག་པའི་ཁར། གློག་བརྙན་འདིའི་བརྙན་མིག་གི་སྐད་ཆ་དང་མཐོང་ཚོར་གྱི་གཞི་རྒྱུ་སྣ་ཚོགས་བརྒྱུད་དེ་བརྗོད་དོན་གཙོ་བོར་མངོན་གསལ་དོད་པོ་བྱས་འདུག གློག་བརྙན་འདིར་ཨའོ་སི་ཁའི་ཕྱི་སྐད་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་དང་ཀ་ན་གློག་བརྙན་དུས་ཆེན་གྱི་འཁྲབ་ཁྲིད་ཡག་ཤོས་ཀྱི་བྱ་དགའ་ཐོབ། གཟི་བརྗིད་དེ་དག་ལས་ཀྱང་གློག་བརྙན་འདིའི་སྤུས་ཚད་མཐོ་བ་དང་སྒྱུ་རྩལ་གྱི་རིན་ཐང་ར་སྤྲོད་བྱས་པ་དང་ཆབས་ཅིག རིག་གནས་སྤེལ་རེས་དང་སྒྱུ་རྩལ་ཁྱབ་ཁོངས་ནང་དེའི་གནས་བབ་གལ་ཆེན་ཡང་མཚོན་ཡོད་པ་རེད།

图片

图片

གཉིས་པ། བརྩེ་བ་དང་ལས་འབྲེལ་གྱི་སེམས་བྱུང་ཁྲོད་རིམ་བཞིན་འཚར་ལོངས་བྱུང་བའི་ལེ་ན་ཏའོ།

གློག་བརྙན་འདིའི་ནང་། བརྩེ་དུང་དང་འཚར་ལོངས་སྐོར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་དེ། མི་སྣ་གཙོ་བོའི་མཐོང་སྣེ་ལས་ཕྱིར་དྲན་ཁྲོད་ཀྱི་ཁོས་གྲོང་རྡལ་ཆུང་ཆུང་འདི་རུ་བསྐྱལ་བའི་བྱིས་དུས་ཀྱི་ལོ་ཟླ་དང་། ཁྱིམ་མཚེས་བུ་མོ་སྨི་ན་བར་གྱི་བརྩེ་དུང་གླེང་དུས། གློག་བརྙན་འདིའི་འགྲེམ་སྤེལ་དུས་ཚོད་ཀྱང་སྤྱི་ལོ2000ལོ་སྟེ། ཏག་ཏག་ང་རང་ཡང་གློག་བརྙན་ནང་གི་མི་སྣ་གཙོ་བོ་ལེ་ན་ཏའོ་བཞིན། ལོ་བཅུ་གསུམ་ལོན་ལ་ཉེ་དུས་ཀྱི་སྐབས་དང་ཁེལ་འདུག་ཅིང་། རང་གི་བྱིས་དུས་ཀྱི་འཚར་ལོངས་དང་ནར་སོན་གྱི་ལོ་ཟླར་ཕྱིར་མིག་རེ་འཕངས་ན། ལོ་ངོ་ཉི་ཤུའི་སྔོན་གྱི་གློག་བརྙན་འདི་ལ་སྤྲོ་བ་དཔག་མེད་ཅིག་དང་། གློག་བརྙན་འདིའི་མི་སྣ་གཙོ་བོ་ལེ་ན་ཏའོ་ཡི་སེམས་ཁམས་འགྱུར་ལྡོག་ལའང་གཏན་ཚིགས་རང་བཞིན་གྱི་འགྲེལ་བཤད་ཅིག་རྙེད་ཐུབ་པ་འདྲ།

གཅིག ལེ་ན་ཏའོ་ཡི་མཐོང་སྣེ་དང་སེམས་ཁམས་ཀྱི་འགྱུར་ལྡོག

“1941ལོའི་དཔྱིད་དུས་ཀྱི་ཉིན་དེར་ངས་ཁོ་མོ་ཐོག་མར་མཐོང་བྱུང་། དེ་དུས་ང་རང་ལོ་བཅུ་གསུམ་ཙམ་ལ་བུད་མ་ཐག་ཡིན། ཉིན་དེར་མོ་སོ་ལི་ཉི་ཡིས་དབྱིན་ཇི་དང་ཧྥ་རན་སིར་དམག་འཁྲུག་གི་སྟ་གོན་བྱེད་བཞིན་འདུག་ཅིང་། ང་ལ་མི་ཚེའི་ཁྲོད་ལྕགས་རྟ་ཐོག་མ་དེ་ཐོབ་པ་རེད།" གཏམ་རྒྱུད་འདི་ནི་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་ཞི་ལིའི་གྲོང་རྡལ་ཆུང་ངུ་ཞིག་ཏུ་བྱུང་། དགའ་སྐྱོ་འདྲེས་མའི་ཁ་དོག་སྤྲད་པའི(苦乐参半之色)⑵གློག་བརྙན་འདི་ལས། འཇམ་ཞིང་ལི་མདོག་ལྡན་པའི(橙色暖调)གྲོང་རྡལ་ཆུང་ངུ་དེ་ཧ་ཅང་ཞི་མཐུན་གྱིས་གནས་ཡོད་ལ། ཉི་འོད་མཚོ་ལ་ཕོག་པའི་ཆུ་ཡི་རླབས་རིས་ལ་འོད་ཀྱི་ཟེར་མ་འཕྲོ་ཞིང་། བསིལ་རླུང་བར་མེད་ལྡིང་བའི་མཁའ་དབྱིངས་སུ་མཚོ་སྐྱུར་ངུར་བའི་སྙན་འགྱུར་སྒྲོག ད་དུང་་་། དེ་ནི་དབྱར་དུས་ཤིག་ཡིན་ཡང་སྲིད། སྨད་གཡོགས་གྱོན་པའི་བུད་མེད་མཛེས་མ་ཞིག་གིས། ང་རྒྱལ་དང་ཡིད་ཆེས་ཀྱི་གོམ་སྟབས་རིང་ལེན་གྱིས་སྤོས་ཏེ།  གྲོང་གསེབ་དང་གྲོང་ཁྱེར་བར་འགྲོ་འོང་བྱེད་བཞིན་ཡོད་ཅིང་། ན་ཆུང་སྐོར་ཞིག་གིས་ལྕགས་རྟར་ཞོན་ནས་ཀི་སྒྲ་དང་བཅས་ཁོ་མོར་རྒྱང་བལྟ་དང་རྗེས་འདེད་བྱེད་བཞིན་འདུག ཨེ་མ། སྙན་ངག་དང་འདྲ་བའི་ཡུལ་བརྙན(意境)འདིས། དུས་ཚིགས་འདི་དང་ཁོར་ཡུག་འདི་ལ་མཛེས་སྡུག་གི་རི་མོ་གཞན་ཞིག་བསྩལ་བྱུང་།

ཧྥུ་ལུའོ་དབྱི་ཏེའི(弗洛伊德)དགོངས་པ་ལྟར་ན། མི་ཞིག་ལོ11ནས13བར་གྱི་ལང་ཚོའི་དུས(青春期)⑶ སུ་སླེབས་དུས། ལུས་ཕུང་དང་ཟགས་ཐོན་མ་ལག་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བའི་དབང་གིས། དེའི་འཁྲིག་སྦྱོར་གྱི་སེམས་ཁམས་ཀྱང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་སྐད། ལང་ཚོའི་དུས་རིམ་འདིའི་ནང་གི་གཞོན་ནུ་དང་ན་ཆུང་ཚོས། མཚན་མ་ཐ་དད་ཀྱི་འགུག་ཤུགས་ཚོར་ཐུབ་སྟེ། མཚན་མ་ཐ་དད་ཀྱི་རྣམ་པ་དང་། གཟུགས་པོ། རྒྱན་སྤྲོས། བྱ་སྤྱོད། ཉམས་འགྱུར། མཛེས་སྡུག་བཅས་ལ་སྣང་བ་རབ་རིབ་ཀྱི་ཆགས་པ་འབྱུང་སྲིད་ཅིང་། ལང་ཚོའི་དུས་རིམ་འདིའི་འགུག་ཤུགས་ནི་མཚན་མ་ཐ་དད་ཀྱི་སྣང་བརྙན་ལ་ཕྱོགས་པ་ལས་མཚན་མ་ཐ་དད་ཀྱི་དབང་པོ་དང་ཟུང་འབྲེལ་བྱས་མེད། གལ་ཏེ་གཞུང་ལུགས་ཀྱི་རྟགས་དེ་གྲུབ་ཚེ། ལོ་བཅུ་གསུམ་ལ་སླེབས་མ་ཐག་པའི་ལེ་ན་ཏའོ་ཡིས་ཐོག་མར་མཱ་ལན་ན་མཐོང་སྐབས། ཁོ་མོའི་མགུལ་ལ་དཔྱངས་བའི་རྒྱ་གྲམ་འོག་གི་མྱོས་བུམ་ཟུང་དང་། ལུས་ལ་རན་པའི་སྨད་ཐུང་འོག་ན་འབུར་ཙམ་མངོན་པའི་དར་རྐང(丝袜)གི་དཔྱང་ཐག་དེ་དག་ལ། སྨྲ་མི་ཤེས་བའི་ཆགས་ཉམས་སྐྱེས་པའི་ངང་ཚུལ་དེ་ལས། ལོ་ཚོད་འདིའི་ལང་ཚོའི་དུས་ཀྱི་ཁྱད་རྟགས་ཡོངས་སུ་ལྡན་འདུག གཞན་ཡང་གཙོ་འཁྲབ་པ་ལེ་ན་ཏའོ་བརྙན་རིས་སུ་བརྒྱུད་མ་ཐག  ལང་ཚོའི་དུས་རིམ་བརྒལ་སྔ་བའི་(早恋)ཚོར་བ་ཞིག་ཀྱང་འདུག་སྟེ། ཁོ་རང་མཱ་ལན་ནའི་འགུག་ཤུགས་ལས། མང་ཆེ་བ་རང་བཞིན་གྱི་དབང་པོ་དང་ཟུང་འབྲེལ་བྱ་འདོད་པའི“ལུས་ཀྱི་དབང་པོ་འདོད་པའི་དུས་”ཀྱི་ཁྱད་ཆོས་མངོན་གསལ་ལྡན་འདུག ཡང་ཅིག་བཤད་ན། ལེ་ན་ཏའོ་ཡི་ངོས་ནས་བརྗོད་ན། གྲོང་རྡལ་ཆུང་ངུ་འདིའི་མཛེས་མ་དང་པོ་མཱ་ལན་ན་ནི་ཁོའི་སེམས་ཀྱི“ཆུང་འདྲིས་བྱམས་པ"ལྟ་བུའམ། སྟོང་བསམ་གྱི་འཁྲིག་སྤྱོད་བྱ་ཡུལ་ཡང་ཡིན། དེར་བརྟེན། ཁོས་མཱ་ལན་ནའི་ཡིད་འོང་གི་ལུས་ཕུང་ལ་རག་འདོད་པ་དང་། ཁོ་མོར་འཁྲིག་སྤྱོད་བྱ་འདོད་པ། ཡང་ན་ཁོ་མོར་སྲུང་སྐྱོབ་དང་གཅེས་སྐྱོང་། མཉམ་གནས་བྱ་འདོད་པ་སོགས་ལས་ལང་ཚོའི་དུས་རིམ་བརྒལ་སྔ་བའི་ཁྱད་རྟགས་ཀྱང་གསལ་པོ་མངོན་འདུག

ལེ་ན་ཏའོ་ཡིས་ཉིན་རྒྱུན་མཱ་ལན་ན་དང་སྤྲོ་དགའི་དཔལ་ལ་རོལ་འདྲའི་སྟོང་བསམ་དྲན་གི་ཡོད། ཁོས་མཱ་ལན་ན་མཐོང་འདོད་ཤུགས་དྲགས་པས། ཐ་ན་མཱ་ལན་ན་ཚང་གི་ཁང་པའི་གམ་གྱི་སྡོང་མགོར་འཛེགས་ནས། སྒེའུ་ཁུང་འགྲམ་ནས་མཱ་ལན་ན་ལ་ལྐོག་ལྟ་བྱས། ཁྲོམ་གཞུང་དུ་མཱ་ལན་ན་མཐོང་ཚེ། ཁོས་རྟག་ཏུ་རང་གི་ལྕགས་རྟ་ཞོན་ནས་མོའི་རྗེས་འབྲངས་ཏེ་རྒྱང་བལྟ་བྱེད་བཞིན་ཡོད། དེ་ལས་ལེ་ན་ཏའོ་ཡིས་མཱ་ལན་ནའི་ཁྱོ་ག་ཉིས་ལོ་གཡུལ་སར་དམག་འཐབ་བྱེད་པར་སོང་བ་ཤེས་ཞིང་། རིམ་བཞིན་ཁོས་སྒེའུ་ཁུང་ནས་མཐོང་བ་ནི་མཱ་ལན་ན་གཅིག་པུ་ཁྱིམ་དུ་བསྡད་དེ། ཁྱོ་གའི་འདྲ་པར་བྲང་ཁར་སྦྱར་ཏེ་རོལ་དབྱངས་སྙན་མོ་ཞིག་གི་འགྲོས་དང་བསྟུན་ནས་རྐྱང་བྲོ་འཁྲབ་བཞིན་པ་མཐོང་། ཁོས་ད་དུང་མཱ་ལན་ན་གཅིག་པུས་ཞབས་བྲོ་འཁྲབ་སྐབས་ཉན་པའི་སྒྲ་སྡེར་དེ་ཉོས་ཤིང་། ཡུལ་དུ་ལོག་རྗེས། རང་གི་ཁང་ཆུང་དུ་ཉལ་ནས་ཞབས་བྲོའི་རོལ་དབྱངས་ལ་ཉན་བཞིན། རང་ཉིད་དང་མཱ་ལན་ན་མཉམ་དུ་སྡོད་པའི་སྟོང་འདང་ཁྲོད། ཕོ་མཚན་ལག་པས་སྒུལ་བཞིན་དགའ་བདེའི་ཚོར་བ་བཙལ། ཁོའི་ལུས་ཀྱི་གཡོ་འགུལ་སྐྱོམས་དྲགས་པས་ཐོག་ཁང་འོག་གི་ཨ་ཕའི་གཉིད་ལའང་བར་ཆད་བཟོས། ཡང་བསམ་ཡུལ་ལས་འདས་པ་ཞིག་ལ་ཉིས་ལོ་དམག་འཁྲུག་ལས་གཅེས་སྲོག་ཤོར་བ་དང་། མཱ་ལན་ན་ནི་ཞི་ཞི་ལིའི་ཆེས་མཛེས་སྡུག་ལྡན་པའི་ཡུགས་ས་མ་ཞིག་ཏུ་གྱུར། མཱ་ལན་ནའི་མཛེས་སྡུག་ལ་རྔམ་པའི་སྐྱེས་པ་དེ་དག་རྔོན་པ་ལྟར། མཱ་ལན་ནའམ་མཛེས་སྡུག་ལྡན་པའི་རི་དྭགས་དེ་འཛིན་པའི་གོ་སྐབས་ལ་སྒུག་འདུག  ལེ་ན་ཏའོ་ཡི་སྟོང་བསམ་ཡང་སེམས་ཀྱི་འཛིང་རགས་ལས་སྒྲོལ་མགོ་བརྩམས་ཏེ། ཁོས་ཐ་ན་ཉིས་ལོ་ཕུད་ཁོ་ནི་མཱ་ལན་ནའི་ཚེ་སྲོག་ཁྲོད་ཀྱི་སྐྱེས་པ་གཅིག་པུ་དེར་གྱུར་ན་འདོད་ཡོད། མཱ་ལན་ན་ཡུགས་ས་མར་གྱུར་རྗེས། ལེ་ན་ཏའོ་ད་དུང་ཆོས་ཁང་དུ་སོང་། ཁོས་ཆོས་ཁང་ནང་གི་འཇིམ་སྐུ་ལ་ཉིན་ལྟར་ཞག་སྒྲོན་རེ་འབུལ་རྒྱུ་དང་། འཇིམ་སྐུས་ངེས་པར་དུ་མཱ་ལན་ན་ལ་སྲུང་སྐྱོབ་བྱེད་དགོས་པའི་ཁ་ཆད་བཞག

ཐེངས་ཤིག་གི་ལྐོག་ལྟའི་ཁྲོད། ཁོས་དམག་དཔོན་ཁཱ་ཏེ་ཞེས་པ་དེ་མཱ་ལན་ནའི་ཁྱིམ་དུ་ཐོན་ཡོད་པ་མཐོང་ཞིང་། ད་དུང་མཱ་ལན་ན་དང་ཁ་བྲལ་སྐབས་འོ་ཞིག་བྱས། འོན་ཀྱང་དམག་དཔོན་ཁཱ་ཏེ་མཱ་ལན་ན་ཚང་གི་སྒོར་བུད་མ་ཐག ཏག་ཏག་སྨན་པ་དང་གདོང་ཐུག་བརྒྱབ་བྱུང་། སྨན་པས་མཱ་ལན་ན་ནི་ཁོའི་མ་འོངས་པའི་ཆུང་མ་ཡིན་ཟེར། རྒྱུ་རྐྱེན་དེས་ཁོ་གཉིས་ལ་འཁོན་འཛིང་དང་ལག་འདྲེས་བྱུང་། སྨན་པའི་ཆུང་མས་གནས་ཚུལ་དེ་མཐོང་བས། སྨན་པ་དང་མཱ་ལན་ནའི་བར་ལ་ཚུལ་མིན་གྱི་འབྲེལ་བ་ཡོད་པར་དོགས་པ་སྐྱེས།  ལེ་ན་ཏའོ་ཡིས་དོན་དག་གི་བརྒྱུད་རིམ་ཧྲིལ་པོ་དངོས་སུ་མཐོང་ཡོད་པར་མ་ཟད། མཱ་ལན་ན་དང་སྨན་པ་བར་ལ་སྒེར་གྱི་འབྲེལ་འདྲིས་ཅི་ཡང་མེད་པའང་ཤེས་མོད། ཁོ་རང་ཁ་རོག་གེར་སྡོད་རྒྱུ་ལས་ཅི་ཡང་མ་ནུས། རྗེས་སུ་དོན་དག་འདི་ཁྲིམས་ཁང་གིས་རྩད་གཅོད་བྱེད་དུས། མཱ་ལན་ན་ཡིས་ཁྲིམས་རྩོད་པ་བཙལ་ནས་ཁོ་མོར་དག་འབུད་བྱས། ཁྲིམས་རྩོད་པས་ཕུལ་དུ་བྱུང་བའི་ཁ་ལྕེ་ལ་བརྟེན་ནས་གཏུག་བཤེར་རྒྱལ་ཁའི་ངང་མཇུག་རྫོགས་མོད། ཉིན་དེའི་དགོང་མོར། ལེ་ན་ཏུའོ་ཡིས་ཁྲིམས་རྩོད་པ་དང་མཱ་ལན་ན་གཉིས་ཀྱིས་ཁྱིམ་དུ་ཞབས་བྲོ་འཁྲབ་བཞིན་པ་མཐོང་ཞིང་། ཁྲིམས་རྩོད་པས་ཁྲིམས་རྩོད་ཀྱི་གྲོན་དངུལ་མཇལ་དགོས་པ་ཁ་གཡར་ནས་མཱ་ལན་ནར་བཙན་གཡེམ་བྱས་སོང་། ཁྲིམས་རྩོད་པས་མཱ་ལན་ནའི་ལྭ་བ་བཙན་གྱིས་ཕུད་ཅིང་དགའ་སྤྲོའི་སྐད་སྒྲ་སྒྲོག་པ་མཐོང་བས། ལེ་ན་ཏའོ་ཡི་ལུས་ཀྱི“དངོས་པོ"ཁ་ཤས་ལ་འགྱུར་ལྡོག་བྱུང་མགོ་བརྩམས།

ལེ་ན་ཏའོ་ཁོང་ཁྲོ་ལངས་དྲགས་པས་སྟབས་མ་ལེགས་པར་ལྐོག་ལྟ་བྱེད་སའི་སྡོང་མགོ་ནས་ལྷུང་སྟེ་རྐང་པར་རྨས་སྐྱོན་ཕོག ཉིན་གཉིས་པར་ཁོ་སླར་ཡང་ཆོས་ཁང་དུ་སོང་ནས། འཇིམ་སྐུའི་མདུན་དུ་མཱ་ལན་ན་དང་ཁྲིམས་རྩོད་པའི་ལྐོག་འབྲེལ་ལ་གུ་ཡངས་གཏོང་དགོས་ཚུལ་བཤད་དེ། དེ་ནི་མཱ་ལན་ན་ལ་ཁྲིམས་རྩོད་རོགས་དངུལ་སྤྲོད་རྒྱུ་མེད་པས་འུ་ཐུག་ཐབས་ཟད་ཡིན་ཚུལ་བརྗོད་ཅིང་། ཧ་ཅང་གཞུང་དྲང་གི་ལེ་ན་ཏའོ་ཡི་སེམས་སུ། འདི་ནི་མཱ་ལན་ན་ཡིས་ཐེངས་དང་པོ་དང་ཡང་ན་ཆེས་མཐའ་མར་ལུས་འཚོང་གི་བྱ་སྤྱོད་སྤེལ་བ་ཡིན་པར་འདོད་ཡོད། འོན་ཀྱང་དེའི་རྗེས་སུ། ཁྲིམས་རྩོད་པས་རང་གི་ཨ་མའི་ཁར་ཉན་ཏེ་མཱ་ལན་ན་དང་འབྲེལ་ཐག་བཅད། མཱ་ལན་ནའི་རྣ་བ་འོན་པའི་ཨ་ཕར། སུ་ཞིག་གིས་སྙོན་འཛུགས་ཀྱི་མིང་མེད་འཕྲིན་ཡིག་ཅིག་བསྐུར་བས། ཁོས་རང་གི་བུ་མོ་མཱ་ལན་ནའི་བར་གྱི་ཕ་བུའི་འབྲེལ་བ་བཅད། གྲོང་རྡལ་གྱི་བུད་མེད་དེ་དག་གིས་མཱ་ལན་ན་ལ་བཤུང་ཚིག་བཤད་བཞིན་པ་དང་།  ཅི་བྱ་གཏོད་བྲལ་དུ་གྱུར་པའི་མཱ་ལན་ནས་ལྟོ་གོས་ཀྱི་ཆེད་དུ་འཇར་མན་གྱི་དམག་མི་ཚོའི་མདུན་དུ་སྨད་འཚོང་གི་ལས་ལ་ཞུགས་པ་སོགས། ལེ་ན་ཏའོ་ཡིས་དོན་དངོས་གསལ་པོར་ཤེས་ཤིང་གསལ་པོར་མཐོང་ནའང་། ངན་གཏམ་ལ་དགག་ལན་དང་ངན་སྤྱོད་ལ་བཀག་འགོག་ཅི་ཡང་བྱེད་མ་ཕོད་སྟབས། མཱ་ལན་ནའི་ཆེད་དུ་སྡུག་བསྔལ་བྱས་དྲགས་པས་དབང་བོ་འཐོམ་པར་གྱུར། ལེ་ན་ཏའོ་ཡི་ཨ་ཕས་བུའི“ནད"ཀྱི་བཅོས་ཐབས་རྙེད་ནས། ཁོ་རང་སྨད་འཚོང་ཁང་དུ་ཁྲིད་ནས་ཐེངས་དང་པོར“ལུས་ཀྱི་དབང་བོ"་རོལ་དུ་བཅུག་པས། ལེ་ན་ཏུའོ་ཡི་སྐྱེ་གནས་དང་སེམས་ཁམས་ལའང་འཚར་ལོངས་གཞན་ཞིག་འབྱུང་མགོ་བརྩམས།

རྗེས་སུ་འཇར་མན་དམག་དཔུང་ཞི་ཞི་ལི་ནས་ཕྱིར་འཐེན་བྱས་པ་དང་། བུད་མེད་ཚོས་སེམས་ཀྱི་འཁོན་སེམས་ཡོད་ཚད་མཱ་ལན་ནའི་སྟེང་དུ་དེད། ཐང་ཆེན་དུ་ཕོ་མོ་ཕྱོགས་ཁག་གཉིས་སུ་གྱེས་ཡོད་པའི་ཁྲོད། མཱ་ལན་ན་ཁོ་ནས“ཚ་འདྲི་" དང་ལེན་བྱེད་བཞིན་འདུག ལེ་ན་ཏའོ་ཡི་མཐོང་ལམ་དུ། མཱ་ལན་ནའི་ཁྲག་དང་མིག་ཆུ། རྨ་ཁ་སོགས་ཀྱི་བརྙས་བཅོས་མངོན་བྱུང་ལ།  མཱ་ལན་ནཱས་གམ་གྱི་སྐྱེས་པ་དེ་དག་ལ་བལྟས་ནས་ཇི་ལྟར་སྐད་ཅོར་བརྒྱབ་ཀྱང་། སྔོན་ཆད་མཱ་ལན་ནར་མཛའ་གྲོགས་སུ་འཛིན་འདོད་པ་དང་མཛའ་གྲོགས་སུ་གྱུར་པའི་སྐྱེས་པ་ཚོ། འཇིམ་སྐུ་བཞིན་འཁྲིས་སུ་ལྟད་མོར་ལྟ་བ་ལས་བཀག་འགོག་བྱེད་མཁན་གཅིག་ཀྱང་མ་བྱུང་།

སྐྱུག་བྲོ་བའི་ཐང་ཆེན་གྱི་དོན་རྐྱེན་དེ་བྱུང་རྗེས། མཱ་ལན་ནས་བརྙས་བཅོས་དང་མནར་གཅོད་ཁྱེར་ནས་ཞེན་ཆགས་ཅི་ཡང་མེད་པའི་ཞི་ཞི་ལིའི་གྲོང་རྡལ་དང་ཁ་བྲལ་སོང་། ལེ་ན་ཏའོ་ཡང་རིམ་བཞིན་རང་ཉིད་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཟབ་ཞུགས་བྱས། ཡུན་རིང་མ་སོང་བར་སྔོན་དམག་འཁྲུག་ཁྲོད་གཅེས་སྲོག་ཤོར་བར་བསྒྲགས་པའི་ཉིས་ལོ་གློ་བུར་དུ་ཞི་ཞི་ལིའི་གྲོང་རྡལ་དུ་ལོག་བྱུང་བས། དེས་ལེ་ན་ཏའོ་ལ་དཔའ་ངར་ཆེར་བསྐྱེད་ཀྱི་གོ་སྐབས་ཤིག་བསྩལ་བྱུང་།  ཆུང་མ་བཙལ་ནས་རྙེད་ཐབས་མ་བྱུང་བའི་ཉིས་ལོ་ཧ་ཅང་ཡིད་ཐང་ཆད་ཡོད་པའི་སྐབས། ལེ་ན་ཏའོ་ཡིས་ཉིས་ལོར་འཕྲིན་ཡིག་ཅིག་འཕངས། འཕྲིན་ཡིག་སྟེང་གྲོང་རྡལ་གྱི་མི་རྣམས་ཀྱི་བཤད་རྒྱུན་དེ་ལ་བདེན་ཤོས་ཆེ་ཡང་། དེ་ནི་མཱ་ལན་ནས་ཐབས་ཟད་འུ་ཐུག་གི་བྱ་སྤྱོད་ཡིན་པ་མ་གཏོགས། སེམས་སུ་ཁྱོད་ལ་ལྷག་བསམ་རྣམ་དག་དང་ཁྱོད་ནི་ད་གཟོད་མཱ་ལན་ན་དགའ་མྱོང་བའི་སྐྱེས་པ་གཅིག་པུ་དེ་ཡིན་ཚུལ་བརྗོད་ཡོད། སྐབས་འདིར་ལེ་ན་ཏའོ་ནར་སོན་ཡོད་པས། སྟོང་བསམ་གྱི་ནང་དུ་སེམས་མི་ཤོར་བར། མཱ་ལན་ན་ཁོ་ལ་དགའ་མི་སྲིད་པ་དང་། མཱ་ལན་ན་དགའ་ས་གཅིག་པུ་ནི་ཉིས་ལོ་ཡིན་པའང་ཤེས་ཡོད།

ལོ་ན་ཆུང་དུས་དོན་དངོས་དང་མི་མཐུན་པའི་སྟོང་བསམ་ནི་སྟོང་བསམ་ཙམ་ཡིན་པ་དང་ལེན་བྱ་དགོས་ཏེ། ལོ་ཆུང་ཚོའི་འཚར་ལོངས་ཀྱི་ལམ་བུའི་སྟེང་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཀྱང་རེད། ལེ་ན་ཏའོ་ཡིས་འཕྲིན་ཡིག་འཕངས་པ་དེས་ཁོ་རང་དཔའ་ངར་ལྡན་པ་ཞིག་ཏུ་འཚར་ལོངས་འབྱུང་བཞིན་པ་དང་། འཕྲིག་ཡིག་ནང་དུ་གནས་ཚུལ་ངོ་མ་བྲིས་པ་དེས་ཁོ་རང་གཞུང་དྲང་དང་བསམ་ཤེས་ཀྱི་གཤིས་ཀ་གྲུབ་ཡོད་པ་མཚོན་ཡོད་པར་མ་ཟད།  མཱ་ལན་ན་ཁོ་ལ་དགའ་མི་སྲིད་པ་དང་རང་ཉིད་ཀྱང་སྟོང་བསམ་ཁྲོད་འཚོ་བ་སྐྱེལ་མི་རུང་བ་ཤེས་རྟོགས་བྱུང་། ཁོས་འཕྲིན་ཡིག་དེའི་ནང་དུའང་སྤོབས་པ་ཆེན་པོས་རང་གི་རུས་མིང་བྲིས་ཡོད། སྤྱིར་བཏང་ལེ་ན་ཏའོ་ལ་སྟོང་བསམ་མང་པོ་ཡོད་ཅིང་། སྟོང་བསམ་གྱི་དབང་གིས་བྱ་སྤྱོད་ཁ་ཤས་ཚད་ལས་བརྒལ་མོད། ཁོས་ཐོག་མཐའ་བར་གསུམ་དུ་ངང་རྒྱུད་འཇམ་པོ་རྒྱུན་འཁྱོངས་བྱས་ཏེ། ལྐོག་ཏུ་མཱ་ལན་ན་ལ་དམའ་འབེབས་དང་སྐུར་འདེབས་མི་བྱེད་པ་ཁོ་ནས་ཀྱང་། གྲོང་རྡལ་གྱི་མཱ་ལན་ན་ལ་དམོད་མོ་གཏོང་བཞིན་པའི་གྲོང་མི་ཚོའི་ཀུན་སྤྱོད་ལས་རྣམ་པར་རྒྱལ་ཡོད། ཁོ་ཡང་འཚར་ལོངས་ཅན་གྱི་མི་སྣ་ཞིག་སྟེ། “ལུས་ཀྱི་དབང་བོ་འདོད་པ"ནས་“དབང་བོའི"ཚོར་བ་མྱངས་པ་ནི་ལེ་ན་ཏའོ་ཡི་སྐྱེ་ཁམས་སྟེང་གི་འཚར་ལོངས་ཡིན་ཞིང་།  སྟོང་བསམ་གྱི་འཇིག་རྟེན་ནས་དངོས་ཡོད་ཀྱི་འཚོ་བར་ཞུགས་པ་ནི་ལེ་ན་ཏའོ་ཡི་སེམས་ཁམས་ཐད་ཀྱི་འཚར་ལོངས་ཤིག་ཀྱང་རེད།

མིའི་རིགས་ཀྱི་སྐྱེ་ལུས་ངོས་ནས་བཤད་ན། འཁྲིག་སྦྱོར་ལ་དམིགས་པའི་འདོད་པ་དེ་རྒྱུན་དུ་རིམ་པ་གསུམ་དུ་དབྱེ་ཆོག་སྟེ། (三界)དང་པོ་འདོད་ཁམས་ཀྱི་རིམ་པ་སྟེ། “དབང་བོའི" འདོད་པ་སྟེ། འཁྲིག་སྦྱོར་ཁོ་ན་འདོད་པ་ལ་ཟེར། གཉིས་པ་གཟུགས་ཁམས་ཀྱི་རིམ་པའང་འཁྲིག་སྤྱོད་ཀྱི་འདོད་པ་ཡིན་མོད། རིམ་པ་འདིའི་ནང་འཁྲིག་པ་དང་བརྩེ་བ་གཉིས་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ལ། དེའི་ནང་དུ“དབང་བོའི"འདོད་པ་དང་བློས་གཏོང་། སྲུང་སྐྱོབ། སྙིང་རྗེ་སོགས་ལུས་ཕུང་ལས་བརྒལ་བའི་འདོད་པའི་རིགས་ཀྱང་མང་པོ་ཚུད་ཡོད། གསུམ་པ་གཟུགས་མེད་ཁམས་ཀྱི་རིམ་པ་སྟེ། རིམ་པ་འདིའི་ཁྲོད་དུ། བརྩེ་དུང་གིས་བཟུང་བའི་བསྡུར་ཚད་ཆེས་མཐོ་བ་སྟེ། ཐ་ན་འཁྲིག་སྦྱོར་ནི་དོར་ཆོག་པར་མ་ཟད།  བརྩེ་དུང་ལ་བརྒྱུས་པའི་སེམས་ཚོར་དེ་ལུས་ཀྱི“དབང་བོའི"འབྲེལ་འདྲིས་ཙམ་མིན་པའི་མངོན་སྟངས་མང་པོ་འདུག གློག་བརྙན་ནང་། མཱ་ལན་ན་ནི་ལེ་ན་ཏའོ་ལ་མཚོན་ན། འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་གོ་དོན་གསུམ་ཡོད་དེ། ཐོག་མར། མོ་ནི་ཁོའི་སེམས་ཁམས་ཀྱི་འཚར་ལོངས་ལ་སྐུལ་འདེད་དང་འདོད་པའི་བློ་སྒོ་འབྱེད་མཁན་ཞིག་རེད། མཱ་ལན་ན་ལ་ལྐོག་ལྟ་དང་། སྟོང་བསམ། སེམས་ཁྲལ་བཅས་ཀྱི་གོ་རིམ་ཁྲོད། ལེ་ན་ཏའོ་ཡིས་གཞོན་ནུ་ལོ་ཆུང་ཞིག་གི་འཁྲིག་སྦྱོར་ལ་བཟུང་བའི་ཐོག་མའི་ངོས་འཛིན་དང་ཤེས་རྟོགས་དེ་ལ་གཟུགས་ཁམས་ཀྱི་རིམ་པར་སྐུལ་འདེད་དང་འཐུས་ཚང་དུ་བཏང་ཡོད། བར་དུ། མོ་ནི་ཁོའི་བརྩེ་དུང་གི་བློ་སྒོ་འབྱེད་མཁན་ཞིག་རེད། མཱ་ལན་ནའི་ཡིད་འོང་གི་ལུས་ཕུང་ལ་འཚོལ་ཞིབ་བྱེད་འདོད་པ་ནས་བཟུང་། ལེ་ན་ཏའོ་ཡིས་བརྩེ་དུང་ནི་འཁྲིག་སྦྱོར་ཙམ་མ་ཡིན་པར་ད་དུང་སྲུང་སྐྱོབ་དང་དང་ལེན། འགན་འཁྲི་བཅས་ཀྱིས་མཚོན་གྱི་ཡོད་པ་རིམ་བཞིན་ཤེས་རྟོགས་བྱུང་། མཇུག་མཐར། མོ་ནི་ཁོས་སྤྱི་ཚོགས་ལ་ལྟ་ཞིབ་བྱེད་པའི་སྒེའུ་ཁུང་ལྟ་བུ་ཞིག་ཀྱང་རེད། མཱ་ལན་ནའི་ལས་དབང་ལ་ལྟ་ཞིབ་བྱས་པ་བརྒྱུད་དེ། ལེ་ན་ཏའོ་ལ་ཁྱིམ་ཚང་དང་སློབ་གྲྭ་ལས་བརྒལ་བའི་ཧ་ཅང་རྙོག་འཛིང་གི་སྤྱི་ཚོགས་ཤིག་ལ་རྒྱུས་ལོན་ཐོབ་པར་ཤུགས་རྐྱེན་ཟབ་མོ་ཐེབས།   

图片

གཉིས། བརྙན་མིག་གི་སྐད་ཆ་དང་མཐོང་ཚོར་གྱི་གཞི་རྒྱུ་སྣ་ཚོགས།

1.ལེ་ན་ཏའོ་ཡི་སློབ་གྲོགས་ཞིག་གིས་མཱ་ལན་ན་ལ་ཐ་མག་ཉོ་རོགས་བྱེད་པར་སྟོང་བསམ་སྒོམ་དུས་ཀྱི་རྣམ་པ་དེ་དང་། ལེ་ན་ཏའོ་ཡིས་རྣམ་པ་དེར་སྟོང་བསམ་སྒོམ་པའི་བརྙན་མིག་དེ་གཉིས་རྩ་བ་ནས་མི་འདྲ་སྟེ། ལེ་ན་ཏའོ་ཡིས་སྟོང་བསམ་དུ། མཱ་ལན་ན་ཡིས་ཉལ་ལྭ(睡衣)གློ་སྐྱ་ཞིག་གོན་ནས་ཁོ་ལ་ལག་བརྡ་གཏོང་བ་དང་། ཐ་མག་ཉོ་སྤྱད་ཀྱི་དངུལ་ལོ་དེ་དག་ཐུགས་མཉམ་མ་བཞག་པར་ལག་ནས་ས་ལ་འཐོར་རྗེས། ཏག་ཏག་ས་རུ་དངུལ་ལོར་འཐུ་བཞིན་པའི་ལེ་ན་ཏའོ་ཡི་མིག་གི་དྲང་ཐད་དུ། བསིལ་རླུང་གིས་དལ་གྱིས་སྒུལ་བའི་སྨད་གཡོགས་དེའི་སྲུབ་ཀ་ལས། ཕྱེད་ཙམ་ཕྱེད་ཙམ་དུ་སྣང་བའི་བརླ་ཤ་དཀར་པོ་དེས། ལེ་ན་ཏའོ་ལ་འདོད་ཆགས་ཀྱི་རྦ་རླབས་འཁྲུག་ཏུ་བཅུག

2.ལེ་ན་ཏའོ་དགོང་མོ་མཱ་ལན་ན་ཚང་གི་ཁང་པའི་གམ་གྱི་སྡོང་མགོར་འཛེགས་ནས་སྒེའུ་ཁུང་འགྲམ་ནས་མཱ་ལན་ན་ལ་ལྐོག་ལྟ་བྱེད་དུས། མཱ་ལན་ན་གཅིག་པུ་ཁྱིམ་དུ་བསྡད་དེ། ཁྱོ་གའི་འདྲ་པར་བྲང་ཁར་སྦྱར་ཏེ་རོལ་དབྱངས་སྙན་མོ་ཞིག་གི་འགྲོས་དང་བསྟུན་ནས་རྐྱང་བྲོ་འཁྲབ་བཞིན་པ་མཐོང་དུས། ཁོའི་མིག་མདངས་སུ་འདོད་ཉམས་དྲག་པོ་རྒྱས་སུ་བཅུག་པར་མ་ཟད། ད་དུང་མོ་དང་འབྲེལ་བའི་ཆ་འཕྲིན་གཞན་དག་ཀྱང་གསལ་སྟོན་བྱས་སོང་།

3.ལེ་ན་ཏའོ་མཚོ་འགྲམ་གྱི་བྲག་རྡོའི་སྟེང་དུ་ཁ་སྦུབ་ཏུ་ཉལ་ནས། ནམ་ཡང་ཁོ་མོའི་ལག་ཏུ་འབྱོར་མི་སྲིད་པའི་བརྩེ་དུང་གི་ཡིག་འབྲི་རེ་རེ་ཆུ་ལ་བསྐུར་དུས། ཁོའི་གདོང་ལ་གཟབ་ནན་དང་དད་འདུན། དེ་བཞིན་སྙིང་ནས་དགའ་བའི་མིར་དེར་རེ་བ་དང་ཡིད་སྨོན་གྱིས་ཁེངས་འདུག

4.གཞན་གྱིས་མཱ་ལན་ན་ལ་ངན་སྨྲས་བྱེད་སྐབས། ཁོས་མི་དེའི་བཏུང་བྱའི་ནང་དུ་ཁ་ལུད་སྐྱོ་བ་དང་། འཁུར་ཁུག་ནང་དུ་གཅིན་གཏོང་བ། ཐ་ན་རང་ཉིད་ལས་སྟོབས་ཆེ་བའི“དོར་མ་རིང་པོ་གྱོན་པའི”བྱིས་པར་འགྲན་སློང་བྱེད་པ་བཅས་ཀྱི་ཕངས་སེམས་མེད་པའི“འཐབ་རྩོད"སྤེལ་སྐབས།  ཁོའི་གདོང་ལས་བློ་ཐག་རྦད་ཆོད་དང་དཔའ་ངར་གྱི་སྣང་བརྙན་མངོན་འདུག

5.སུ་ལའང་དོ་སྣང་མི་བྱེད་པའི་མཱ་ལན་ན་སྲང་ལམ་དུ་འགྲོ་བཞིན་པའི་སྐབས་ཤིག་ལ། མགོ་བོ་དགྱེ་ནས་ཐོག་ཁང་ཀླད་ཀྱི་དམག་དཔོན་ཁཱ་ཏེ་ལ་བལྟས་ཙམ་གྱིས་ལེ་ན་ཏའོ་ཡི་གདོང་ལ་སྐྱོ་སྣང་གི་རྣམ་འགྱུར་མངོན། 

图片

གསུམ། སྟོང་བསམ་དང་དོན་དངོས། རྟོག་བཟོའི་ཁྲོད་ཀྱི་ཁུངས་ལུང་མེད་པའི་ཟློས་གར་རང་བཞིན།(荒诞派喜剧)⑷

གློག་བརྙན་གྱི་ཁྱད་ཆོས་དང་བརྗོད་བྱེད་ལ་ཁུངས་མེད་ལུགས་མེད་ཀྱི་རྟོག་བཟོ་དང་དོན་དངོས་བསྣོལ་མར་སྡེབ་ནས་སྤྲས་བརྗོད་བྱས་ཡོད་པ་སྟེ། ཁུངས་མེད་རྟོག་བཟོ་ལས། གློག་བརྙན་གྱི་ཚོན་མདོག་དཀར་ནག་སྤྱད་དེ། ལེ་ན་ཏའོ་ཡི་སྟོང་བསམ་ཁྲོད་དུ་ཁུངས་ལུང་མེད་པའི་བརྙན་མིག་སྣ་ཚོགས་ཀྱིས་ཁེངས་འདུག དཔེར་ན། ལེ་ན་ཏའོ་ཧ་ཅང་ཆུང་ཆུང་ཞིག་ཏུ་སྤྲུལ་ནས་སླེ་བོའི་ནང་དུ་སྦས་པ་དང་། མཱ་ལན་ན་ཡིས་སླེ་བོ་དེའི་ཁ་ཕྱེ་ནས་ལེ་ན་ཏའོ་རང་གི་བྲང་ཁར་སྦྱར་བ། ཡང་སློབ་གྲོགས་དང་རྡུང་རེས་བྱེད་སྐབས། ལེ་ན་ཏའོ་གནའ་བོའི་རོ་མའི་དམག་མི་ཞིག་ཏུ་སྤྲུལ་ནས་ལག་གི་མཚོན་ཆས་སློབ་གྲོགས་ཀྱི་བྲང་ལ་བསྣུན་པ་སོགས།  ལེ་ན་ཏའོ་ཡི་སྟོང་བསམ་གྱིས་མི་རྣམས་ལ་ཡ་མཚན་དང་ཁུངས་ལུང་མེད་པའི་ཚོར་བ་ཞིག་སྟེར་བ་དང་ཆབས་ཅིག སྤྱིར་ན་མཱ་ལན་ན་དང་སྐྱེས་པ་མི་འདྲ་བ་འགྲོ་འོང་བྱེད་པ་ནི་ཆུ་དང་ཉ་མོ་བཞིན་དུ་མཐུན་མོད། འོན་ཀྱང་ལེ་ན་ཏའོ་ཡི་རྟོག་བཟོའི་ཁྲོད་མཱ་ལན་ན་ཐག་པས་བསྡམས་ཡོད་པ་དང་། གམ་གྱི་མི་རྣམས་ཀྱིས་མོར་ཆད་པ་གཅོད་རྒྱུར་སྒུག་བཞིན་པ་ལྟ་བུའི་མཚོན་ཚུལ་ནི་མཱ་ལན་ནའི་གནས་བབ་ངོ་མ་དེ་ཡིན་ཞིང་། མོའི་ནང་སེམས་ཀྱི་སྡུག་བསྔལ་ངོ་མ་དེ་ལྟད་མོ་བ་དག་གིས་མཐོང་ཐབས་བྲལ་བས། གློག་བརྙན་ཁྲོད། ལེ་ན་ཏའོ་ཡི་བསམ་པའི་འཆར་སྒོ་ལ་བརྟེན་ནས། ད་གཟོད་ལྟད་མོ་བ་ཚོར་རྟོག་བཟོའི་ཁྲོད་ཀྱི་ཁུངས་ལུང་མེད་པའི་སྤྲས་བརྗོད་ཁྲོད་དོན་དངོས་མི་ཉུང་བ་ཞིག་མཚོན་ཡོད་པས་སོ། །

图片

བཞི། རྐང་ལག་གི་ཚོར་བའི་འགུག་ཤུགས་ཏེ། བརྙན་མིག་གི་གསང་བརྡ།(镜头暗示) 

གློག་བརྙན་གྱིས་རྐང་ལག་གི་བརྙན་མིག་ལའང་འགུག་ཤུགས་ཀྱི་གོ་དོན་སྤྲད་ཡོད་དེ། མཱ་ལན་ནའི་སྐྱེ་གཟུགས་འབྲི་བཞེངས་ཁྲོད། བརྙན་མིག་གྲངས་མེད་ཅིག་རྐང་པ་ནས་མགོ་བརྩམས་འདུག རྐང་པ་དང་སྒྱིད་པའི་བརྙན་མིག་ལ་འགུག་ཤུགས་རང་བཞིན་གྱི་གསང་བརྡ་ཞིག་ཏུ་གོ་བ་བླངས་ཚེ། སྡོང་བོ་ཞིག་གི་མཛེས་སྟོབས་ནི་ཡལ་གའི་བརྒྱན་པ་དང་འདྲ་བར། བུད་མེད་ཀྱི་ཆེས་འགུག་ཤུགས་ལྡན་པའང་ལུས་ཀྱི་ཡན་ལག་སྟེང་ཡོད་དེ། གློག་བརྙན་འདི་དཔེ་མཚོན་རང་བཞིན་གྱི་གསུང་རྩོམ་ཞིག་ཏུ་བརྩིས་པའི་རྒྱུ་མཚན་ཡང་བརྙན་མིག་གི་ཞིབ་འབྲི་གང་མང་ཞིག་རྐང་པ་ནས་མགོ་བརྩམས་པ་དང་། འོད་དང་གྲིབ་གཟུགས་ལ་བརྟེན་ནས་མཱ་ལན་ནའི་སྐྱེ་གཟུགས་ངོམ་པ་སོགས་ཀྱི་ཞིབ་ཆ་འདི་དག་གིས་འཁྲབ་ཁྲིད་པ་རྐང་ལག་གི་མཛེས་པ་བེད་སྤྱོད་བྱེད་མཁས་པ་མཚོན་ཞིང་། གབ་སྦས་རང་བཞིན་གྱི་སྟེང་ནས། ཐད་ཀར་བཤད་དཀའ་བའི་ལུས་ཀྱི་འགུག་ཤུགས་ཀྱི་འདོད་པ་དེ་ཕྱི་ངོས་ཀྱི་ཞིབ་ཆ་དང་གཏིང་ཟབ་པའི་ནང་དོན་དང་མཉམ་འདྲེས་བྱས་ཡོད་པས་རེད།

གཞོན་ནུ་ལོ་ཆུང་ཞིག་གི་མཐོང་སྣེ་ལས་བརྗོད་པའི་གློག་བརྙན་ཞིག་ལ་མཚོན་ན། གལ་ཏེ་གཏམ་རྒྱུད་དེ་ཟློས་གར་ནང་གི་མི་སྣ་གཙོ་བོའི་མཐོང་སྣེ་དང་བསྟུན་ཚེ། གཏམ་རྒྱུད་ཀྱི་རྒྱས་བསྡུས་འོས་འཚམས་དང་བྱ་བྱེད་ཚད་དང་ལྡན་པ། རང་རྣམ་རང་གིས་བརྗོད་ཅིང་། རང་ཤུགས་ཀྱི་གཏན་ཚིགས་ལས་ཁོ་དང་ཁོ་མོའི་གཏམ་རྒྱུད་ལ་གསོན་ཉམས་ཀྱིས་ཕྱུག་ཡོད་པས། གློག་བརྙན་འདི་ནི་གཞོན་ནུ་ལོ་ཆུང་འདིའི་སེམས་ཁམས་བཞིན་ཧ་ཅང་སྙིང་རྗེ་བོ་ཞིག་རེད། ཡང་གཅིག་བཤད་ན། གལ་ཏེ་འཁྲབ་ཁྲིད་པས་རང་ཉིད་ཀྱི་འདོད་པ་མཚོན་པར་ཚོད་འཛིན་བྱས་ཏེ། གཏམ་རྒྱུད་འདིའི་བཤད་སྟངས་སྟབས་བདེ་དང་ལྷད་མེད་ཅིག་ཡིན་ན། གོང་གསལ་གྱི་ཚད་གཞི་ལྟར།《ཞི་ཞི་ལིའི་མཛེས་སྡུག་གི་གཏམ་རྒྱུད》ཞེས་པ་ནི་ཧ་ཅང་ངོ་མཚར་ཆེ་བ་ཞིག་རེད། གློག་བརྙན་ནང་། འཁྲབ་ཁྲིད་པས་ཚོད་འཛིན་བྱས་པ་ཧ་ཅང་ནན་ཏན་ཡིན་ཞིང་། ན་ཚོད་སྟེང་གི་ཚོད་འཛིན་དེའི་རིགས་སྐབས་འགར་ཧ་ཅང་ཐལ་དྲགས་མོད། འོན་ཀྱང་ཚོད་འཛིན་དེའི་རིགས་ཀྱིས་ང་ཚོས་མི་སྣ་གཙོ་བོ་ལེ་ན་ཏའོ་ཡི་འཚར་ལོངས་དང་གློག་བརྙན་ལ་ལྟད་མོ་ལྟ་བའི་སྤྲོ་སྣང་ཡང་ཆེ་རུ་བསྐྱེད་འདུག དེ་དང་ཆབས་ཅིག་ལྷད་ཀྱིས་མ་གོས་པའི་གཞོན་ནུ་ལོ་ཆུང་ཞིག་གི་ཕྱི་གསལ་ནང་གསལ་གྱི་མཐོང་ལམ་བརྒྱུད་ནས། ང་ཚོས་སྒེག་ཉམས་ལྡན་པའི་བུ་མོ་ཞིག་ལས། ད་དུང་མིག་ལ་མཛེས་ཤིང་བབ་ཆགས་ལྡན་པ། ངང་རྒྱུད་རིང་ཞིང་སེམས་འགུལ་ཐེབས་པའི་མཱ་ལན་ནའང་མཐོང་ཐུབ་བྱུང་ངོ་། །

གསུམ་པ། དམག་འཁྲུག་དང་ལས་དབང་གི་སྣོལ་མཚམས་ཁྲོད་ཀྱི་མི་ཚེ་སྐྱོ་གར།

གློག་བརྙན་གྱིས་བཀོད་སྒྲིག་བྱས་པའི་དུས་རབས་ཀྱི་རྒྱབ་ལྗོངས་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་དབྱི་ཐ་ལི་ཡིན་ཞིང་། གློག་བརྙན་གྱི་དབུ་ཁྱུད་ཡང་སྐབས་དེའི་དབྱི་ཐ་ལིའི་གཙོ་འཛིན་མོ་སོ་ལི་ཉིས་དབྱིན་ཇི་དང་ཧྥ་རན་སིར་དམག་འཁྲུག་བསྒྲགས་གཏམ་གྱི་རྒྱབ་ལྗོངས་འོག་མགོ་ཚུགས་པ་ཞིག་རེད། རྒྱབ་ལྗོངས་དེས་གློག་བརྙན་ཁྲོད་ནུས་པ་གལ་ཆེན་ཞིག་ཐོན་ཡོད་དེ། མོ་སོ་ལི་ཉི་ཡིས་དམག་འཁྲུག་བསླངས་པ་ནི་མཱ་ལན་ནའི་ཁྱོ་ག་ཉིས་ལོ་གཡུལ་སར་བསྐྱོད་པའི་རྒྱུ་རྐྱེན་ཆེན་པོ་ཞིག་ཡིན་ལ། ཉིས་ལོ་ཁ་བྲལ་བ་ནི་མཱ་ལན་ནའི་མི་ཚེ་ལ་སྐྱོ་གར་འབྱུང་བའི་ས་བོན་ལྟ་བུ་རེད། 《ཞི་ཞི་ལིའི་མཛེས་སྡུག་གི་གཏམ་རྒྱུད》ཅེས་པའི་ནང་། མཱ་ལན་ནའི་ཁྱོ་ག་དམག་འཁྲུག་ནང་མི་ཞུགས་ཀ་མེད་བྱུང་བས་ཁོ་མོའི་འཚོ་བར་དཀའ་ཚེགས་བྱུང་། མོས་འཚོ་བའི་དཀའ་སྡུག་ལ་གདོང་གཏོད་དགོས་པར་མ་ཟད། ད་དུང་སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱང་ཐེག་དགོས་བྱུང་། དམག་འཁྲུག་གི་མུན་ནག་ཁྲོད། མི་རྣམས་རིམ་བཞིན་སྒེར་སེམས་ཅན་དང་། དོགས་གཞི་ཅན། གདུག་རྩུབ་ཅན་དུ་གྱུར་ནས། འཚོ་གནས་ཁོ་ནའི་ཆེད་དུ་ཐབས་ཤེས་གང་ཡོད་འདོན་གྱི་ཡོད་པས། མཱ་ལན་ན་ལ་ཕོག་པའི“སྡུག་རྩུབ"དེའང་དམག་འཁྲུག་གི་ཐོན་དངོས་ཡིན་པ་སྨྲས་མ་དགོས། ཁོ་མོའི་མཛེས་སྡུག་གི་བཞིན་རས་དང་སྐྱེས་གཟུགས་ནི་ཁོ་མོའི་ལན་ཆགས་ཀྱི་འབྱུང་ཁུངས་སུ་གྱུར། དམག་འཁྲུག་གིས་མིའི་ལུས་ཕུང་ལ་གནོད་པ་གཏོང་བར་མ་ཟད། དེ་བས་ཀྱང་མིའི་སེམས་ཁམས་ལའང་གཏོར་བཤིག་གཏོང་ངེས་པས། དམག་འཁྲུག་གི་ཁྲོད་དུ། མི་རྣམས་ཀྱིས་རྒྱུན་དུ་མཛེས་སྡུག་ལྡན་པའི་བྱ་དངོས་ལ་རོལ་མྱོང་བྱེད་པའི་ནུས་པ་ཤོར་ཏེ། མིག་མདུན་གྱི་ཁེ་ཕན་ཁོ་ནར་དོ་སྣང་བྱེད་བཞིན་ཡོད་པས། མཱ་ལན་ནའི་མཛེས་སྡུག་ལ་བརྩི་འཇོག་དང་མྱོང་རོལ་བྱ་ཤེས་མཁན་མེད་དེ། དེ་ལས་ལྡོག་སྟེ་མི་རྣམས་ཀྱིས་ཕར་རྒོལ་བྱ་ཡུལ་དུ་གྱུར་ཅིང་། ཁོ་མོའི་ལས་དབང་ལས་དམག་འཁྲུག་གིས་མི་གཤིས་ལ་ཐེབས་པའི་གདུག་རྩུབ་ཀྱི་གཤིས་ཀ་གསལ་སྟོན་བྱས་ཏེ། མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་བྱ་དངོས་ལ་བརྩི་མཐོང་མེད་པའི་ཚོར་མེད་ཀྱི་སྤྱི་ཚོགས་ཤིག་ལ་ཁ་རྡུང་བཏང་ཡོད།

གཅིག མཚོན་བྱེད་རང་བཞིན་གྱི་དམིགས་བསལ་མི་སྣ་དང་དོན་རྐྱེན།

1.མི་ཚེའི་ཁྲོད་ཐོག་མར་ཐོབ་པའི་ལྕགས་རྟ།“ལྕགས་རྟའི་སྒྲོམ་གཞི་ནི་དབྱིན་ཇིའི་ཡིན་ལ། སོ་འཁོར་ནི་ཧྥ་རན་སིའི་ཡིན། བཀག་ཟྭ་ནི་གང་ནས་ཡིན་པ་ངས་བརྗེད་སོང་། འོན་ཀྱང་འཕྲུལ་ཐག་ནི་ཞི་ཞི་ལིའི་རེད། སྣུམ་ལོག་ལོག་ཅན་པོ་འདི་ཧ་ཅང་བདེ་འཇགས་ཡིན”ཞེས་པའི་སྐད་ཆ་འདིས་གློག་བརྙན་གྱི་བརྗོད་བྱ་གཏིང་ཟབ་ཏུ་གཏོང་བ་དང་གཏམ་རྒྱུད་ཀྱི་རིམ་པ་ཇེ་གསལ་དུ་བཏང་ཡོད་དེ།  རིམ་པ་དང་པོའི་ནང་དོན་ནི་དམག་འཁྲུག་གིས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ལ་གསང་བརྡ་བཏང་བ་དང་། རྒྱལ་ཁབ་མི་འདྲ་བའི་ལྷུ་ལག་གིས་ལྕགས་རྟ་ཞིག་གྲུབ་པས། དམག་འཁྲུག་གི་དུས་སྐབས་སུ་རྒྱལ་ཁབ་ཁག་བར་གྱི་འབྲེལ་བ་དང་ཤུགས་རྐྱེན་མཚོན་གྱི་ཡོད་ཅིང་། དམག་འཁྲུག་གི་ཟང་ཟིང་དང་མཉམ་འབྲེལ་ལའང་གསང་བརྡ་བཏང་སྟེ། ལྕགས་རྟའི་ལྷུ་ལག་ཟུང་འབྲེལ་བྱས་པ་དང་འདྲ་བར། དམག་འཁྲུག་གིས་སྤྱི་ཚོགས་དང་འཚོ་བའི་བར་གྱི་འབྲེལ་བ་དེ་མཚོན་ཡོད། རིམ་པ་གཉིས་པའི་ནང་དོན་ནི་ཞི་ཞི་ལིའི་མི་དམངས་ཀྱི་རང་ནུས་མཚོན་གྱི་ཡོད་པ་སྟེ། འཕྲུལ་ཐག་སྣུམ་ལྡན་ཡིན་པ་ནི་བདེ་འཇགས་ཡིན་པར་ངོས་འཛིན་བྱས་ཏེ། ཞི་ཞི་ལིའི་མི་དམངས་ཀྱིས་དམག་འཁྲུག་གི་ཁོར་ཡུག་ཁྲོད་རང་ནུས་ཀྱིས་འཚོ་གནས་ལ་གདོང་གཏོད་ཐུབ་པའི་གསང་བརྡ་བཏང་ཡོད་མོད། འོན་ཀྱང་དམག་འཁྲུག་ལས་རྒྱུན་དུ་གཏོར་བཤིག་དང་། སྡུག་བསྔལ། ཟང་ཟིང་བཅས་འབྱུང་གི་ཡོད་པས། དེས་མི་རྣམས་ཀྱི་འཚོ་བ་དཀའ་ངལ་གྱི་གནས་སུ་གྱར་ཞིང་། མི་གཤིས་ལའང་དམག་འཁྲུག་གི་གནོན་ཤུགས་འོག་གདུག་རྩུབ་ཀྱིས་ཁེངས་ཡོད།  

ལས་དབང་གི་གོད་ཆགས་དང་སྔོན་དཔག་དཀའ་བའི་སྟེས་དབང་རང་བཞིན་ཡང་གློག་བརྙན་གྱི་བརྗོད་བྱ་གཙོ་བོ་ཞིག་སྟེ། མཱ་ལན་ན་ཡིས་རང་ཉིད་ཀྱི་ལས་དབང་ལ་ཚོད་འཛིན་བྱེད་ཐབས་བྲལ་ཞིང་། སྤྱི་ཚོགས་ཀྱི་ཕྱོགས་ཞེན་དང་ངན་སྤྱོད་ཀྱི་ཤུགས་རྐྱེན་འོག མཐར་ཁོ་མོར་སྡུག་བསྔལ་དང་གནོད་འཚེ་ཆེན་པོ་ཐེབས་ཤིང་། མི་གཤིས་ཀྱི་གདུག་རྩུབ་རང་བཞིན་ཀྱིས་རྒྱུན་དུ་གཞན་གྱི་ལས་དབང་ལ་སེམས་ཁུར་མི་བྱེད་པ་དང་། ཡང་ན་གནོད་འཚེ་གཏོང་བར་དགའ་བོ་བྱེད་ཀྱི་ཡོད་པའི་མུན་ནག་གི་ངོས་ཤིག་གསལ་སྟོན་བྱས་འདུག

2.བྱིས་པས་གྲོག་མ་སྲེག་པ། གློག་བརྙན་ཁྲོད་དུ། བྱིས་པ་ཚོས་གྲོག་མ་སྲེག་པའི་རྣམ་པ་ནི་མཚོན་བྱེད་ཀྱི་དོན་སྙིང་ལྡན་པའི་བརྙན་མིག་ཅིག་ཡིན་ཏེ། བྱ་སྤྱོད་འདི་ནི་མཱ་ལན་ན་ལ་གཞན་གྱིས་གནོད་འཚེ་གཏོང་བའི་བསྡུར་བ་ཞིག་ཏུ་བརྩིས་ཆོག མཱ་ལན་ན་ལ་གྲོང་རྡལ་ཆུང་ངུའི་མི་རྣམས་ཀྱིས་དམའ་འབེབས་དང་སྦྱོར་ངན་སྤེལ་བའི་གནས་བབ་དེ་བྱིས་པ་ཚོས་གྲོག་མ་སྲེག་པའི་མཚོན་བྱེད་དུ་བཀོལ་ཡོད་ཅིང་། གྲོང་རྡལ་གྱི་མི་རྣམས་ཀྱང་བྱིས་པ་དེ་ཚོ་ནང་བཞིན་ཁོ་མོར་གནོད་འཚེ་གཏོང་བའི་གྲས་སུ་ཞུགས་ཡོད།

3.དཔེ་མཚོན་རང་བཞིན་གྱི་བརྙན་རིས། སྐྱེས་པ་མང་པོས་མཱ་ལན་ན་ལ་ཐ་མག་སྒྲོན་པ། མཱ་ལན་ནས་སྐྲ་ལོ་བྲེག་ཅིང་སྐྲ་རྩི་སེར་པོ་བྱུག་པ། ཁ་ལ་ཐ་མག་བཟུང་ནས་སྐྱེས་པ་རྣམས་ལ་བལྟས་ཙམ་གྱིས། སྐྱེས་པ་མང་པོས་དུས་མཉམ་གཅིག་ཏུ་མོའི་ཐ་མག་ལ་མེ་སྒྲོན་པར་བྲེལ་བྱུང་བས། མཱ་ལན་ནའི་མིག་མཐར་མཆི་བ་འཁོར་བྱུང་། དོན་དུ་ཁོ་མོར་མཁོ་བ་ནི“མ་ཐག་མ་འཐེན"ཞེས་བཀག་འགོག་བྱེད་པའི་སྐྱེས་པ་ཞིག་མཁོ་མོད། མོའི་མིག་མདུན་དུ་ལྷག་པ་ནི་ཁེར་རྐྱང་གི་ཚོར་བ་སྟེ། སེམས་ཁུར་དང་གཅེས་སྐྱོང་མེད་པའི་ཁེར་རྐྱང་ཁོ་ནའོ། འཁྲབ་ཚན་འདི་ནི་གློག་བརྙན་འདིའི་ཁྲོད་ཀྱི་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་དཔེ་མཚོན་རང་བཞིན་གྱི་བརྙན་རིས་ཤིག་ཀྱང་རེད་དོ། །

图片

གཉིས། སྐྱོ་གར་ལས་བྱུང་བའི་བསམ་གཞིགས།

དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། མཱ་ལན་ནའི་ལས་དབང་ནི“གཏན་འཁེལ”བྱས་པ་ཞིག་རེད།“གཏན་འཁེལ”བྱས་པའི་ལས་དབང་དེ་ལ་གདམ་ག་བྱེད་ཐབས་མེད་པའང་སྨྲས་མེད་རེད། ཁོ་མོའི་སྐྱེ་གཟུགས་ནི་ཕ་མ་གཉིས་ཀྱིས་གནང་བ་ཡིན་པས་གདམ་ག་བྱེད་ཐབས་མེད་པ་དང་། ཁོ་མོའི་སྐྱོ་གར་ནི་དམག་འཁྲུག་གིས་སྐུལ་འདེད་བྱས་པས་གདམ་ག་བྱེད་ཐབས་མེད་ལ། གདམ་གསེས་བྱེད་ཐབས་མེད་པ་ལ་གཡོལ་ཐབས་མེད་པ་དང་། གཡོལ་ཐབས་མེད་པ་ནི་སྟབས་ལེགས་པའམ་སྟབས་མ་ལེགས་པ་གང་ཡིན་རུང་གདོང་གཏོད་དགོས་པ་རེད། མཱ་ལན་ན་ལ་མཚོན་ན། ཁོ་མོ་གྲོང་རྡལ་ཆུང་ཆུང་དེར་ཡོང་འདོད་ཡོད་པའི་ངེས་པ་མེད་ཀྱང་། ཁོ་མོས་ཨ་ཕ་དང་ཁྱོ་གའི་རྗེས་འབྲངས་དགོས་པས། དུས་རབས་དེར་ཁོ་མོར་རྗེས་འབྲངས་པ་ལས་གདམ་ག་གཞན་ཅི་ཡང་མེད་པ་རེད། མོ་སོ་ལི་ཉིས་དམག་འཁྲུག་ལ་སྟ་གོན་བགྱིས་པར། ཁྱོ་ག་ཨ་ཧྥེ་རི་ཁ་བྱང་མའི་གཡུལ་སར་བསྐྱོད་པ་ནི་དུས་རབས་ཀྱི་བཀོད་སྒྲིག་ཅིག་ཡིན་པས། ཁོ་མོས་དེ་བས་ཀྱང་གདམ་ག་བྱེད་ཐབས་བྲལ། ཁྱོ་ག་ཤི་བའི་གནས་ཚུལ་འབྱོར་རྗེས། ཨ་ཕས་དཀྲོག་གཏམ་ལ་ཡིད་ཆེས་བྱས་ཏེ་ཁོ་མོ་དང་འབྲེལ་ཐག་བཅད་དེ་མ་མཐའི་འཚོ་བའི་བརྟེན་ས་ཤོར་སོང་བ་དང་། རང་ཉིད་ཀྱི་ལྟོ་གོས་ཆེད་དུ་འཚོ་བརྟེན་གསར་པ་ཞིག་འཚོལ་བར་གདམ་ག་མི་བྱེད་ཐབས་མེད་བྱུང་། དམག་འཁྲུག་གི་འགས་གཏོར་ཁྲོད་ཨ་ཕ་ཚེ་ལས་འདས་རྗེས། གྲོང་རྡལ་གྱི་བུད་མེད་ཡོད་ཚད་ཀྱིས་ཕྲག་དོག་བྱས་པ་དང་། འཚོ་བའི་འབྱུང་ཁུངས་ཡོད་ཚད་རྨང་ནས་བརླགས་པས། འུ་ཐུག་གིས་སྨད་འཚོང་གི་ལས་ལ་ཞུགས་པ་དང་། འཇར་མན་པ་ཕྱིར་འཐེན་བྱས་རྗེས། དམག་འཁྲུག་གིས་བསྐྱལ་འོངས་པའི་སྡུག་ཡུས་ཚང་མ་མཱ་ལན་ན་གཅིག་པུའི་སྟེང་ལ་བབས་བྱུང་།

གྲོང་རྡལ་ཀྱི་བུད་མེད་ཚོས། དངུལ་མདོག་གི་ཁེ་གྲིས་ཁོ་མོའི་གསེར་མདོག་གི་སྐྲ་ལོ་བྲེགས་པ་དང་། ལུས་ཀྱི་གོན་པ་བཤགས་ནས་གཅེར་བུར་ཕུད། ཁ་མིག་མེད་པར་གཅར་རྡུང་བྱས།  སྡིགས་མོ་དང་དམོད་མོ་ཡིས་མོ་ཁོའི་ངུ་སྐད་སྒྲིབ། མཇུག་མཐར་མཱ་ལན་ན་ཡིས་ཁྲག་དམར་ཁྲོད། ལག་པ་གཉིས་ཀྱིས་ནུ་མ་བཀབ་བྱུང་། དེ་ནི་ཁོ་མོས་སྲུང་སྐྱོབ་བྱ་འདོད་པའི་ཆེས་མཐའ་མཇུག་གི་ལ་རྒྱ་དེ་མཚོན་ཡོད། སྤྱིར་ན་ཁྲག་དམར་ཁྲོད་འགྱེལ་བའི་སྨད་འཚོང་མ་ཞིག་གིས་འདི་ལ་དོ་སྣང་བྱེད་སྲིད་དམ། མཐར་གཏུགས་ནས་བཤད་ན། མཱ་ལན་ན་ནི་ངོ་བོའི་ཐོག་ནས་སྨད་འཚོང་མ་ཞིག་མིན་ཏེ། མ་མཐའ་ཡང་ཁོ་མོའི་གཞུང་རྒྱུད་དྲང་མོ་དེ་འབག་བཙོག་ཐེབས་པའི་གྲོང་རྡལ་འདིའི་མི་མང་ཆེ་བ་ལས་གཙང་མ་རེད་ཨང་། མོས་ངུ་སྐད་དེ་ནི་བུད་མེད་ཚོས་གཅར་བའི་ནར་གཅོད་ཙམ་མ་ཡིན་པར། འཇིམ་སྐུ་བཞིན་ལྟད་མོར་གཡེང་བའི་སྐྱེས་པ་ཚོའི་འཁྱག་སོབ་སོབ་ཀྱི་རྣམ་འགྱུར་ལ་ཡིད་ཆད་པས་རེད།

སྐབས་དེའི་སྤྱི་ཚོགས་ལ་དྲང་གཞག་མིན་པ་དང་རུལ་སུངས་ཀྱིས་ཁེངས་ཡོད་ཅིང་། བཅའ་ཁྲིམས་དང་དྲང་བདེན་གྱིས་ཀྱང་ཉམས་ཆུང་ལ་སྲུང་སྐྱོབ་མཐར་ཕྱིན་པ་བྱེད་ཐབས་བྲལ་བས། མི་རྣམས་ཀྱིས་དཀའ་ཚེགས་ལ་གདོང་གཏོད་སྐབས། ཐལ་དྲགས་པ་དང་། གདུག་རྩུབ་ཀྱི་བསམ་ཚུལ་དང་བྱ་སྤྱོད་མངོན་འདུག དེ་དང་ཆབས་ཅིག་དམག་འཁྲུག་ནི་མི་གཤིས་ལ་མནར་གཅོད་གཏོང་བའི་བརྒྱུད་རིམ་ཞིག་ཡིན་ཞིང་། མི་རྣམས་ཀྱིས་སྡུག་བསྔལ་ཁྲོད་རང་ཉིད་ཀྱི་རིན་ཐང་དང་ལ་རྒྱ་ཤོར་འགྲོ་བས། འདི་དག་ནི་གློག་བརྙན་འདིས་བྱིན་པའི་བསམ་གཞིག་དང་མཚོན་ཚུལ་རེད་དོ། །

བཞི་པ། མཛེས་པ་དང་སྤྱི་ཚོགས་ཀྱི་སྣོལ་མཚམས་ལས་བྱུང་བའི་མི་གཤིས་ཀྱི་གདུག་རྩུབ།

《ཞི་ཞི་ལིའི་མཛེས་སྡུག་གི་གཏམ་རྒྱུད》ཅེས་པའི་ནང་། གཏིང་ཟབ་པའི་འཁྲབ་གཞུང་ལ་བརྟེན་ནས། མཛེས་སྡུག་ལ་ཕྲག་དོག་དང་། སྤྱི་ཚོགས་དང་མི་གཤིས་བཅས་ལ་བསམ་གཞིག་རེ་བཏང་ན་གཤམ་གསལ་གྱི་ཕྱོགས་འགའ་ཚུད་ཡོད།

གཅིག མཛེས་མར་ཕྲག་དོག མི་རྣམས་ཀྱིས་སྒེག་ཉམས་ལ་ཕྲག་དོག་དང་འཁོན་སེམས་བྱེད་པའི་གཤིས་ཀ་ལས། མཱ་ལན་ནའི་སྒེག་ཉམས་ནི་ཁོ་མོའི“བཀྲ་མི་ཤིས་པའི"འབྱུང་ཁུངས་སུ་གྱུར་ཏེ། ཉེ་འཁོར་གྱི་མི་རྣམས་ཀྱི་ཕྲག་དོག་དང་བསམ་ངན་བསླངས་པ་དེ་ལས། ང་ཚོས་མཛེས་མ་ཞིག་ཡིན་ཕྱིན་དེའི་ཕྱིའི་རྣམ་པ་དང་ནང་སེམས་ཀྱི་རིན་ཐང་ལ་བསམ་བློ་གཏོང་དགོས་ཏེ།  ཕྱིའི་རྣམ་པ་ཁོ་ནར་བརྟེན་ནས་མི་ཞིག་ལ་ཤན་འབྱེད་བྱ་མི་རུང་བ་དྲན་སྐུལ་བྱས་ཡོད་དེ། ཧྥུ་ལང་ཞི་སི·ཕེ་ཀེན་གྱི《ཕྲག་དོག་སྐོར་གླེང་བ》⑸ཞེས་པ་ལས“མི་ཞིག་གིས་མི་ཆ་མེད་ཅིག་རང་ལས་འཇོན་ཡང་དོ་སྣང་མི་བྱེད་ལ། ཉེ་འཁོར་གྱི་མི་ཞིག་ཡར་རྒྱས་སུ་འགྲོ་བར་གུ་ཡངས་གཏོང་མི་སྲིད”ཅེས་བཤད་པ་ནང་བཞིན། དོན་དངོས་ཐོག གྲོང་རྡལ་འདིའི་བུད་མེད་རྣམས་ཀྱིས་མཱ་ལན་ན་ལ་སྙིང་རྗེ་མེད་པའི་ལྟ་སྟངས་འཛིན་དོན་ཡང་ཁོ་མོའི་སྒེག་ཉམས་ཁོ་ན་མ་ཡིན་པར། གཙོ་བོ་ཁོ་མོ་ཁོ་ཚོའི“ཉེ་འཁོར"ལས་ཁྱད་དུ་འཕགས་པས། གྲོང་རྡལ་འདིའི་བུད་མེད་རྣམས་ཀྱི་སྒེག་ཉམས་ལ་བཟུང་བའི་ཐུན་མོང་གི་ངོས་འཛིན་དོ་མཉམ་མ་བྱུང་ཞིང་། ཕོ་མོའི་བར་དུས་ཡུན་རིང་པོར་ཧ་ཅང་ཕལ་བར་ཆགས་ཡོད་པའི་མཛེས་སྡུག་གི་ངོས་འཛིན་ལའང་དོ་མཉམ་མ་བྱུང་བས་རྐྱེན་རེད། དཔེར་ན། ལོ་འགས་རྗེས་སུ་མཱ་ལན་ན་དང་ཁྱོ་ག་ཉིས་ལོ་གཉིས་ཕྱིར་ཡུལ་དུ་ལོག་དུས། བུད་མེད་ཚོས“ད་ལྟ་མཱ་ལན་ན་རྒས་འདུག བཞིན་ལ་གཉེར་མ་བབས་འདུག གཟུགས་པོའང་སྒུར་འདུག"ལ་སོགས་ཀྱི་མཱ་ལན་ནའི་སྒེག་ཉམས་ཁོ་ཚོ་རང་དང་མཉམ་དུས། ད་གཟོད་མཱ་ལན་ནར་ཕྲག་དོག་དང་ཟུར་འབུད་བྱེད་པའི་ལྟ་སྟངས་མེད་པ་ལྟ་བུ་རེད།《ས་སྐྱའི་ལེགས་བཤད》ལས། “གཞན་ལ་བལྟ་བའི་མིག་ཡོད་ཀྱང་། །རང་ཉིད་བལྟ་ན་མེ་ལོང་དགོས། །" ཞེས་གསུངས་པ་ལྟར།  གལ་ཏེ་མཱ་ལན་ན་མེད་ཚེ། གཏམ་རྒྱུད་འདི་ལ“མེ་ལོང"ཞིག་ཡོད་མི་སྲིད།“མེ་ལོང"འདི་ཡོད་པས་ད་གཟོད་ཁོ་ཚོའི་རྗེས་ལུས་དང་ཕལ་བ། སྡུག་རྩུབ། ཕྲག་དོག་སོགས་ཀྱི་རང་གཟུགས་རེ་རེ་བཞིན་ཐེར་འདོན་བྱས་སོང་།

གཉིས། མི་གཤིས་ཀྱི་རྙོག་འཛིང་།《ཞི་ཞི་ལིའི་མཛེས་སྡུག་གི་གཏམ་རྒྱུད》ཅེས་པ་དེ་ནི་མི་གཤིས་ཀྱི་ངན་སྤྱོད་ལ་ཐེར་འདོན་བྱེད་པའི་དངོས་བཤུས་གློག་བརྙན་ཞིག་དང་འདྲ་ཞིང་། གློག་བརྙན་ནང་གི་གཙོ་འཁྲབ་པ་བྱིས་པ་ཞིག་ནས་སྐྱེས་ཕོ་རབ་ཞིག་ཏུ་འགྱུར་བའི་བརྒྱུད་རིམ་ཁྲོད། ང་ཚོས་མོ་ཉི་ཁ་པེ་ལུའུ་ཆིའི་ཡིད་འོང་གི་སྒེག་ཉམས་ལ་རོལ་མྱོང་བྱེད་པ་དང་ལྷན་དུ། མི་གཤིས་ཀྱི་གདུག་རྩུབ་དང་སྐྱུག་བྲོ་བའི་རྒྱུ་རྐྱེན་ལ་ཚ་འདྲི་བཏང་ཡོད་པའང་མཐོང་ཐུབ། “འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས"ཞེས་པ་ནང་བཞིན། མཱ་ལན་ན་ནི་ལེ་ན་ཏའོ་ཡི་མིག་ནང་དུ་ཕུན་སུམ་ཚོགས་ཤིང་ཡིད་དུ་འོང་བ་ཞིག་དང་། དེ་བས་ཀྱང་བརྩེ་དུང་ལ་ཕྱི་ཐག་བརྟན་པའི་བུ་མོ་ཞིག་ཀྱང་ཡིན་ངེས། གྲོང་རྡལ་གྱི་སྐྱེས་པ་ཚང་མའི་མིག་ནང་དུ་མཱ་ལན་ནའང་ཡིད་དུ་འོང་བ་ཞིག་ཡིན་པ་ཁས་ལེན་མོད། བརྩེ་དུང་ལ་བརྟག་བརྟན་མེད་པ་ཞིག་ཏུ་སེམས་ཡོད། གྲོང་རྡལ་འདིའི་བུད་མེད་ཚང་མའི་མིག་ནང་དུ་ཡང་མཱ་ལན་ན་ཡིད་དུ་འོང་བ་ཞིག་ཡིན་པ་ཁས་ལེན་མོད། འོན་ཀྱང་མཱ་ལན་ན་ནི་གདོན་མོ་དང་ཝ་མོ། ཁྱི་མོ་བཅས་ལ་ངོས་འཛིན་གྱི་ཡོད། སྒེག་ཉམས་གཅིག་ལ། ན་ཆུང་གི་མཐོང་སྣེ་དང་དར་མའི་མཐོང་སྣེ་གཉིས་ལ་དེ་འདྲའི་ཧེ་བག་ཆེ་དོན་ཅི། སྐྱེས་པས་མཐོང་སྣེ་དང་བུད་མེད་ཚོས་མཐོང་སྣེ་གཉིས་ལ་དེ་འདྲའི་བར་ཁྱད་ཆེ་དོན་ཅི། དེ་ནི་གློག་བརྙན་འདིའི་དགོངས་པ་ནང་བཞིན། སྒེག་ཉམས་དང་ཡིད་འོང་ཁོ་ནའི་མི་ཞིག་གི་ཡོད་ཚད་མཚོན་མི་ཐུབ་ལ། མི་རེ་རེ་ལ་རང་གི་གཏམ་རྒྱུད་དང་མི་ཚེའི་བརྒྱུད་རིམ་ཡོད་ཅིང་། བརྒྱུད་རིམ་དེའི་ཁྲོད་ཀྱི་མཛེས་སྡུག་དང་ལས་དབང་གི་མཉམ་འདྲེས་ལས་ད་གཟོད་མི་རེ་རེའི་དམིགས་བསལ་རང་བཞིན་དང་མི་ཚེ་རིན་ཐང་མངོན་འགྱུར་བྱུང་གི་ཡོད་པས་སོ། ། 

གསུམ། སྤྱི་ཚོགས་ཀྱི་ཚོགས་བསྡུས་རང་བཞིན་གྱི་བསམ་བློ། གློག་བརྙན་ནང་། ཞི་ཞི་ལིའི་མི་དམངས་ཀྱིས་མོ་སོ་ལི་ཉི་ནི་ཁོ་ཚོའི་རླབས་ཆེན་གྱི་གཙོ་འཛིན་དང་། མོ་སོ་ལི་ཉི་ཡིས་དམག་འཁྲུག་གི་བསྒྲགས་གཏམ་སྤེལ་བ་དེ་སྐབས་དེའི་ཞི་ཞི་ལིའི་མི་དམངས་ཀྱིས་རླབས་ཆེན་གྱི་ཐག་གཅོད་ཅིག་ཏུ་བརྩིས་ཡོད། དོན་དུ་བག་འཁུམ་གྱི་གྲོང་རྡལ་ཆུང་ཆུང་ཞིག་གིས་ཧྥ་ཤི་སི་རིང་ལུགས་ཀྱི་དྲང་བདེན་མིན་པའི་རང་བཞིན་རྟོགས་མི་སྲིད་དེ། ཁོ་ཚོས་མོ་སོ་ལི་ཉི་ནི་ཁོ་ཚོའི་གཙོ་འཛིན་ཡིན་པ་ཁོ་ན་ལས་གཙོ་འཛིན་གྱི་ཐག་གཅོད་ནི་བློ་གྲོས་ལྡན་པ་ཞིག་ཏུ་ངེས་བཞིན་ཡོད། གློག་བརྙན་ཧྲིལ་པོའི་ནང་། གྲོང་རྡལ་གྱི་སྐྱེས་པ་དང་བུད་མེད་རྣམས་ནི“ཚོགས་བསྡུས་རང་བཞིན"(乌合之众)⑹གྱི་དཔེ་མཚོན་ཞིག་རེད། དུས་རྒྱུན་མཱ་ལན་ན་སྲང་ལམ་བརྒྱུད་མ་ཐག སྐྱེས་པ་ཚོས་བཟའ་བཏུང་ཞིམ་པོ་ཞིག་ལ་རྔམ་པ་ལྟར་འདོད་གཡེམ་ལ་རེ་བ་དང་། བུད་མེད་ཚོས་ཁོང་ཁྲོ་ཆེན་པོས་དམོད་མོ་བྱེད་ཀྱི་ཡོད། ཉིན་རྒྱུན་དེ་ལྟར་ཡིན་ཞིང་། ཚད་ཐིག་དང་ངོ་བོ་གཅིག་པ་ཅན་གྱི་སེམས་ཁམས་འདི་ནི“ཚོགས་བསྡུས་རང་བཞིན"གྱི་གཞི་རྩའི་ཁྱད་རྟགས་ཤིག་ཡིན་པས། ཚོགས་བསྡུས་རང་བཞིན་གྱི་བསམ་བློ་ཁྲོད། མུན་འཐོམ་དང་ཧོལ་རྒྱུགས་ཁོ་ནས། མི་རྣམས་ཀྱིས་རང་ཉིད་ཀྱི་སྒེར་ཚུགས་དང་བསམ་བློ་བོར་ཏེ་རྗེས་འབྲངས་འབའ་ཞིག་དོན་དུ་གཉེར་བས།“ཁྱི་རྒན་ཀུ་ཅོ་བཏོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུགས། །"ཞེས་པའི་གསུངས་ལས་མ་འདས་སོ། །

མཆན།      

⑴དངོས་ཡོད་དགག་སྒྲུབ་རིང་ལུགས་ཞེས་པ་ནི་དུས་རབས19པར་ཡོ་རོབ་གླིང་དུ་དར་བའི་རིག་རྩལ་གྱི་བསམ་བློའི་རླབས་རྒྱུན་དང་གསར་རྩོམ་བྱེད་ཐབས་ཤིག་ལ་ཟེར། རྩ་བའི་ཁྱད་ཆོས་ནི། 1.ཕྱི་རོལ་ཡུལ་གྱི་དོན་དངོས་བརྒྱུད་དེ་དངོས་ཡོད་འཚོ་བ་ཞིབ་འབྲི་བྱེད་པ་དང་། དམིགས་སུ་དངོས་ཡོད་འཚོ་བའི་སྤྱི་ཁོག་དང་ངོ་བོ། བདེན་པ་བཅས་ལས་ཞིབ་ཕྲའི་སྤྲས་བརྗོད་ལ་དེ་བས་ཀྱང་དོ་སྣང་བྱེད་པ། 2.དགག་སྒྲུབ་རང་བཞིན་དང་། ཐེར་འདོན་རང་བཞིན། ལེགས་བཅོས་རང་བཞིན། སྤྱི་ཚོགས་ཀྱི་དམའ་རིམ་དང“མི་སྣ་ཕལ་བའི”སྐྱོ་གར་གྱི་ལས་དབང་ལ་ལྷག་པར་དུ་དོ་སྣང་བྱས་ཏེ། སྤྱི་ཚོགས་ཁྲོད་ཁེ་ཕན་དོན་དུ་གཉེར་བའི་བྱེད་སྟངས་ལ་དགག་པ་དྲག་པོས་ཕྱི་རོལ་ཡུལ་གྱི་དོན་དངོས་སྟེང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ལ་ཡིད་མི་ཚིམ་པ་དང་རྒོལ་གཏམ་བཏང་བ་མཚོན་ཡོད་ཅིང་། དེ་ནི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ལ་ལེགས་བཅོས་བྱེད་པར་གཞིགས་ནས་བྱུང་བ་ཞིག་ཡིན་ཞིང་། ཁོ་ཚོའི་བསམ་བློའི་མཚོན་ཆ་ནི་མི་ཆོས་རིང་ལུགས་དང་། ཆབ་སྲིད་ཀྱི་འདོད་ཚུལ་ནི་ལེགས་བཅོས་རིང་ལུགས་ཡིན། 3.དཔེ་མཚོན་ཅན་གྱི་ཁོར་ཡུག་ཁྲོད་དཔེ་མཚོན་ཅན་གྱི་གཤིས་ཀ་གསར་བཟོ་བྱེད་པ།

⑵《གློག་བརྙན་ལ་བལྟ་དུས་ཚོན་མདངས་ངེས་དགོས།》(不懂色彩 不看电影)རྩོམ་མཁན། ཕ་ཏི་པེ་ལན་ཐོ་ཉི། ཤོག་ངོས181པ།

⑶《ང་དང་རང་ཉིད》ཞེས་པ་ནི1923ལོར་སྤེལ་བ་དང་། དེ་ནི་ཧྥུ་ལུའོ་དབྱི་ཏེའི་ཆེས་མཇུག་མཐའི་བརྩམས་ཆོས་གལ་ཆེན་ཞིག་ཡིན་ཞིང་། ཀུན་གྱིས་ཁས་ལེན་ཐོབ་པའི་མིའི་སེམས་ཁམས་དང་འགུལ་སྐྱོད་ལ་དབྱེ་ཞིབ་བཏང་བའི་གསུང་བཤད་གལ་ཆེན་ཞིག་ལས་བཤུས།

⑷“ཁུངས་ལུང་མེད་པའི་ཟློས་གར”ཞེས་པ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཧྥ་རན་སིའི་ཕ་རི་སེར་སྡོད་པའི་ཟློས་གར་རྩོམ་པ་པོ་ཁག་ཅིག་གིས་གསར་གཏོད་བྱས་པའི་ཟློས་གར་གྱི་གྲུབ་མཐའ་ཞིག་ཡིན།

⑸《ཕྲག་དོག་སྐོར་གླེང་བ》ཞེས་པ་ནི་དབྱིན་ཇིའི་དུས་རབས་བཅུ་བདུན་པའི་བསམ་བློ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། ཉམས་མྱོང་རིང་ལུགས་ཀྱི་མཚན་ཉིད་རིག་པ་བ་ཧྥུ་ལང་ཞི་སི·ཕེ་ཀེན་གྱིས་བརྩམས་པའི་རྩོམ་ཡིག་ཕྱོགས་བསྒྲིགས་སུ་བསྡུས་ཡོད།

⑹《ཚོགས་བསྡུས་རང་བཞིན།---མི་ཚོགས་ཀྱི་སེམས་ཁམས་ཞིབ་འཇུག》ཅེས་པ་ནི་ཧྥ་རན་སིའི་སྤྱི་ཚོགས་སེམས་ཁམས་རིག་པ་བ་ཀུའུ་སི་ཐ་ཧྥུ་ལེ་ཕང་གིས་གསར་རྩོམ་བྱས་པའི་སྤྱི་ཚོགས་སེམས་ཁམས་རིག་པའི་གསུང་རྩོམ་ཞིག་ཡིན་ཞིང་།1895ལོར་ཐོག་མར་པར་སྐྲུན་བྱས་ཡོད། །


 
རྩོམ་སྒྲིག་པ། : བུན་ཁྲང་རྒྱལ།