ཀྲུང་གོ་བོད་ཀྱི་དྲ་བ།

དུས་སྐབས་གསར་པའི་བོད་ཀྱི་སྒྲུང་རིང་གི་རིན་ཐང་རགས་ཙམ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཏིང་འཛིན་འཚོ།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་དོན་གནད་བསྡུས། བརྩམས་སྒྲུང་གི་རིན་ཐང་ལ་སྤྱི་ཁྱབ་ཀྱི་སློབ་གསོའི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་། སྒྱུ་རྩལ་གྱི་རིན་ཐང་། རོལ་རྩེད་ཀྱི་རིན་ཐང་སོགས་མང་དུ་ཡོད་མོད། དཔྱད་རྩོམ་འདིར་བོད་ཀྱི་སྒྲུང་རིང་གི་རིན་ཐང་དག་ལས་ཅུང་འབུར་དུ་དོད་པའི་སྤྱི་ཚོགས་སླར་མཚོན་གྱི་རིན་ཐང་དང་མི་གཤིས་འཚོལ་དཔྱོད་ཀྱི་རིན་ཐང་། སྒྱུ་རྩལ་མཚོན་ཐབས་ཀྱི་རིན་ཐང་བཅས་ཕྱོགས་གསུམ་ནས་རགས་ཙམ་གླེང་ཡོད།

བརྡ་ཆད་གཙོ་བོ། དུས་སྐབས་གསར་པ། སྒྲུང་རིང་། རིན་ཐང་།

གླེང་གཞི།

དུས་སྐབས་གསར་པའི་བོད་ཀྱི་སྒྲུང་རིང་ནི་རྒྱུན་འཛིན་དང་ལད་མོ་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་པོར་བརྟེན་ནས་ཐོག་མར་དར་བ་དང་། བོད་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་མི་ལོ་བཞི་བཅུ་ལྷག་གི་སྒྲུང་རིང་གི་བརྗོད་བྱའི་རིམ་པ་ལས་བོད་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་འགྱུར་ལྡོག་མཐོང་ལ། རྩོམ་རིག་ནི་སྤྱི་ཚོགས་ཁྲོད་བྱུང་ཞིང་སླར་ཡང་རྩོམ་རིག་གི་རྣམ་པར་བརྟེན་ནས་འཇིག་རྟེན་སླར་མཚོན་བྱས་པས། དེ་ནི་སྒྲུང་རིང་གི་རིན་ཐང་དག་ལས་མིག་མཐོང་ལག་ཟིན་དུ་གྱུར་པའི་རིན་ཐང་ཞིག་ཡིན། སྒྲུང་རིང་གི་བརྗོད་བྱའི་རིམ་པ་ལས་བོད་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་མངོན་པར་མ་ཟད། མི་གཤིས་ནི་མ་གཞི་ནས་ཅི་ལྟ་བུ་ཞིག་ཡིན་པའི་རིག་པའི་རྣམ་གཞག་ལ་བསམ་གཞིག་བྱས་ཤིང་། མིའི་ངོས་འཛིན་གྱི་ཐད་ལ་འགྱུར་བ་དང་ཐོད་བརྒལ་མངོན་གསལ་བྱུང་ཡོད། དེ་མིན་རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་སྒྱུ་རྩལ་གྱི་རིན་ཐང་ལྡན་པ་ནི་སྨོས་མ་དགོས་པ་ཞིག་ཡིན་ལ། ལྷག་པར་སྲོལ་རྒྱུན་བརྩམས་སྒྲུང་དང་བསྡུར་ན་དུས་སྐབས་གསར་པའི་སྒྲུང་རིང་གི་སྒྱུ་རྩལ་མཚོན་ཐབས་ཀྱི་རྣམ་པ་ཇེ་མང་དང་མཚོན་སྟོབས་ཆེ་རུ་གྱུར་ཡོད། མཚོན་ཐབས་ཀྱི་རྣམ་པ་ཇི་ལྟར་འགྱུར་ཡང་རྩ་བར་གྱུར་པའི་སྒྱུ་རྩལ་གྱི་བདེན་དངོས་ཀྱི་རང་བཞིན་ནམ་ཡང་དོར་མེད་པས། སྒྲུང་རིང་གི་རིན་ཐང་དག་ལས་མི་གཤིས་འཚོལ་དཔྱོད་ཀྱི་རིན་ཐང་དང་སྒྱུ་རྩལ་གྱི་བདེན་པའི་རང་བཞིན་གྱིས་མི་གླེང་ཐབས་མེད་ཀྱི་གོ་ས་ཞིག་བཟུང་ཡོད།

གཅིག སྤྱི་ཚོགས་སླར་མཚོན་གྱི་རིན་ཐང་།

དུས་སྐབས་གསར་པའི་སྒྲུང་རིང་ནི་སྲོལ་རྒྱུན་བརྩམས་སྒྲུང་གི་ནང་ཆོས་ཀྱི་བསམ་བློ་དང་ལོ་རྒྱུས་གཞིར་བཟུང་བའི་བརྗོད་བྱ་ཆིག་རྐྱང་བ་དང་བྲལ་ཞིང་། མི་དང་ཉེ་བར་བཅར་ཏེ་མིའི་འཚོ་གནས་ཀྱི་སྣང་ཚུལ་མཚོན་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།ཕ་ཡུལ་བརྗོད་བྱར་བྲིས་པ་འདྲ་འདྲ་ཡིན་ཡང་བརྗོད་སྙིང་སྟོན་ཚུལ་གྱི་ཆ་ནས་ཁ་ཁར་སོང་བ། རིག་གནས་གསར་རྙིང་གི་འགལ་འདུ་བརྗོད་པ་ནས་རིམ་བཞིན་ད་ལྟའི་ཁྲིམས་ལུགས་དང་སློབ་གསོ། དམངས་སྲོལ་རིག་གནས་བཅས་ཀྱི་གནས་བབ་ལ་བསམ་གཞིག་བྱས་ཏེ། སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་བརྩམས་སྒྲུང་གི་བརྗོད་བྱ་ཡང་མུ་རུ་བསྲིངས་ཡོད།

སྒྲུང་རིང《ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག》ཏུ་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པ་ནས་བརྒྱད་ཅུ་པའི་བར་སྟེ་གཙང་ཁུལ་གྱི་དམངས་གཙོ་བཅོས་བསྒྱུར་ནས་ཐོན་སྐྱེད་འགན་གཙང་ལེན་བར་གྱི་ལོ་ངོ་སུམ་ཅུར་ཉེ་བའི་སྤྱི་ཚོགས་འཚོ་བ་དང་། སྒྲུང་རིང《འདས་པའི་ལོ་ཟླ》ཞེས་པའི་ནང་དུ་ལོ་རབས་དྲུག་ཅུ་ནས་དགུ་བཅུའི་སྐབས་ཀྱི་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་དང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ལྟེ་གནད་དཔལ་འབྱོར་འཛུགས་སྐྲུན་བྱ་བར་བསྒྱུར་བ། སློབ་གསོའི་ལམ་ལུགས་ལེགས་བཅོས་བྱས་ནས་སྲིད་ཇུས་གསར་པ་དང་འཚོ་བ་གསར་པའི་འགྱུར་ལྡོག་མཚོན་ཡོད། 《བོད་ཀྱི་གཅེས་ཕྲུག》ཅེས་པར་བརྩམས་སྒྲུང་གི་སྟོད་ཆས་སྲོལ་རྒྱུན་རིག་གནས་དང་སྨད་ཆས་དེང་རབས་རིག་གནས་མཚོན་པ་བརྒྱུད། དུས་རབས་ཉི་ཤུ་པའི་དུས་མཇུག་དང་དུས་རབས་ཉེར་གཅིག་པའི་དུས་མགོའི་བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་གྱི་རྒྱབ་ལྗོངས་འོག་གཡོལ་མེད་དུ་འབྱུང་བཞིན་པའི་འགྱུར་ལྡོག་སྟེ། མཆོང་བསྐྱོད་རང་བཞིན་གྱི་འཚོ་བའི་འགྱུར་ལྡོག་ལས་ཕ་ཡུལ་འབོར་ལ་ཉེ་བའི་སེམས་ཁྲལ་མཚོན་ཡོད།

སྒྲུང་རིང་ནི་དུས་རབས་ཤིག་གི་མེ་ལོང་དུ་བསྔགས་པ་ཇི་བཞིན་ཡུལ་དུས་ཀྱི་བཀག་རྒྱ་མ་ཆོད་པར་མི་དང་མིའི་འཚོ་གནས་ལ་ཉེ་བར་བཅར་ཞིང་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ་བརྗོད་བྱའི་ཁུར་དུ་ཁྱེར་བས། བརྩམས་སྒྲུང་གི་བརྗོད་བྱ་རེ་རེ་ནི་དུས་སྐབས་རེ་རེའི་སྤྱི་ཚོགས་ཀྱི་རྣམ་པ་ཡིན་ལ། རྩོམ་པ་པོ་དག་གི་རྣམ་དཔྱོད་ལས་འཁྲུངས་པའི་བརྩམས་སྒྲུང་ལས་འདས་སོང་གི་འཚོ་བ་དག་གློག་བརྙན་བཞིན་མིག་མདུན་དུ་མངོན་པ་ནི་བརྩམས་སྒྲུང་གིས་སྤྱི་ཚོགས་ཚུར་སྣང་དང་སླར་མཚོན་བྱས་པའི་རིན་ཐང་ཡིན།

གཉིས། མི་གཤིས་འཚོལ་དཔྱོད་ཀྱི་རིན་ཐང་།

རྩོམ་རིག་ལ་མིའི་རིག་པའམ་མིའི་རིགས་རིག་པ་ཞེས་བརྗོད་པ་བཞིན། རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རྒྱས་ནི་མིའི་རིགས་ཀྱི་འཕེལ་རྒྱས་དང་དུས་མཉམ་དུ་འཕེལ་བ་ཞིག་ཡིན་ལ། སྒྱུ་རྩལ་བརྩམས་ཆོས་ཀྱི་རྩོམ་པ་པོ་ཡིན་ནའང་འདྲ། བརྩམས་བྱའི་ཡུལ་གྱི་མི་ཡིན་ནའང་འདྲ། དེ་ནི་མི་དང་ཁ་འབྲལ་ཐབས་མེད་པས།བོད་ཀྱི་རྩོམ་རིག་ཡང་དང་པོ་ལྷ་སྒྲུང་དང་དེ་ནས་མགུར་དང་ལེགས་བཤད། རྣམ་ཐར། རྟོགས་བརྗོད་སོགས་ནས་རིམ་བཞིན་འཕེལ་ཏེ་མི་ཡི་འཚོ་གནས་སྟེང་དུ་བབས་པ་ཡིན། དེ་བས་མིའི་འཚོ་གནས་བརྩམས་ཆོས་ཀྱི་བརྗོད་སྙིང་དུ་ཁྱེར་རྒྱུ་ནི་དེང་རབས་བརྩམས་སྒྲུང་གི་བསམ་བློའི་བརྗོད་སྙིང་ཡིན་ལ་བསམ་བློའི་ཟབ་ཚད་ཀྱི་ཚད་འཇལ་བྱེད་གལ་ཆེན་ཞིག་ཀྱང་ཡིན།

“མིའི་གཉུག་གཤིས་སུ་གྲུབ་པའི་འདོད་ཡོན་གྱི་བསམ་བློ་དང་འགལ་ཏེ་འདོད་ཡོན་སྤང་བྱར་ལྟ་ཞིང་།མིའི་གཉུག་གཤིས་ལ་འཁྱོག་བསྒྱུར་གྱིས་མི་རྣམས་ལྷ་དང་འདྲ་བར་འཁོར་བའི་སྐྱོན་དང་བྲལ་བར་རྩོམ་པའི”སྲོལ་རྒྱུན་གྱི་མཚོན་ཐབས་དོར་ནས། བོད་ཀྱི་ཐོག་མའི་སྒྲུང་རིང་གིས་མིའི་འཚོ་གནས་བརྩམས་ཆོས་ཀྱི་བརྗོད་སྙིང་དུ་ཁྱེར་ཡང་། དེའི་ཁྲོད་ཀྱི་མི་ནི་ང་ཚོ་དང་མི་རིགས་ཤིག མིའི་འཚོ་གནས་དངོས་ཀྱི་ཚབ་མཚོན་དུ་གྱུར་པའི་མི་ཡིན་པ་ལས།རང་རྐྱ་ཐུབ་པའི་སྒེར་མི་ངོ་མ་ཞིག་མིན་པར་ཅུང་ཆིག་རྐྱང་གི་རྣམ་པ་ཡོད།ཉེ་བའི་སྒྲུང་རིང་ཁྲོད་ཀྱི་མི་སྣ་ནི་ཀུན་སྤྱོད་ཀྱི་གཞོག་གཏུབ་མ་བྱས་པར་རང་བྱུང་གི་རང་གཤིས་ཀྱི་སྤྱིར་བཏང་བའི་འདོད་ཡོན་ལ་རེ་བ་འཆའ་བ་རང་སོར་བྲིས་པས། མི་གཤིས་འཚོལ་དཔྱོད་ཀྱི་འགྱུར་ལྡོག་མངོན་གསལ་མཐོང་ཐུབ། དེ་ནི་དེང་རབས་ཅན་གྱི་རིག་གནས་ཀྱིས་ཡུལ་གྱི་ཆ་ནས་འདོད་ཡོན་དང་ཡུལ་ཅན་གྱི་ཆ་ནས་མི་གཤིས་གཉིས་བཅིངས་གྲོལ་བཟོས་པས་ཡིན་ཏེ། སྒྲུང་རིང《ང་ཡི་ཨ་ཕ་གཉིས》ཀྱི་ནང་དུ་མ་གཞིའི་མིའི་འཚོ་བའི་ཁྲོད་དུ་གཤིས་སུ་གྲུབ་ཅིང་མི་དེ་མི་རུ་སྒྲུབ་བྱེད་ཀྱི་རྟགས་ཡང་དག་མང་པོ་བཀོད་ཡོད་པ་དང་། སྒྲུང་རིང《སྨུག་སྤྲིན་ཀློང་གི་མི་ཚེ》ཞེས་པར་མི་ཡི་ཆེས་རྩ་བའི་གཉུག་གཤིས་ཀྱི་ཆ་དང་མི་སྣའི་ལས་དབང་། བསམ་འདུན་བཅས་ལ་བརྩི་མཐོང་བྱས་ཡོད། ཡིན་ཡང་མི་དེ་སྒེར་ཚུགས་སུ་འགྲེང་ཐུབ་པའི་དོགས་སློང་གི་སྙིང་སྟོབས་དང་ཁེར་ཚུགས་ཀྱི་མི་གཞི་ཞིག་བཞེངས་པ་ད་དུང་ཅུང་མངོན་ཆུང་གི་ཚུལ་དུ་གནས་ལ། དེ་ནི་བོད་ཀྱི་སྒྲུང་རིང་སྤྱི་ལ་མངའ་བའི་གནད་དོན་ཞིག་ཡིན། དེ་བས་ད་ལྟའི་སྒྲུང་རིང་དུ་མིའི་འཚོ་གནས་བརྩམས་ཆོས་ཀྱི་བརྗོད་སྙིང་དུ་ཁྱེར་ཞིང་མི་གཙིགས་སུ་འཛིན་དགོས་པའི་རང་བཞིན་རྟོགས་ཡོད་ཀྱང་། མི་ལ་ཤེས་རྟོགས་བྱས་ཏེ་མིའི་སྒེར་གཤིས་དང་རང་དབང་། བདེ་སྐྱིད་མངོན་དུ་བྱེད་པའི་འདུ་ཤེས་ད་དུང་ཅུང་བག་ལ་ཞ་བའི་ཚུལ་དུ་གནས་ཡོད་སྙམ།

གསུམ། སྒྱུ་རྩལ་གྱི་བདེན་པའི་རིན་ཐང་།

“འཛམ་གླིང་ཧྲིལ་པོར་ངོམ་དུ་རུང་བའི་བརྩམས་ཆོས་ཤིག་ལེགས་འགྲུབ་འབྱུང་བའི་གནད་དམ་པ་ནི་བརྩམས་ཆོས་གང་དེའི་བདེན་དངོས་རང་བཞིན་གྱི་སྟེང་དུ་ཡོད”ཅེས་པ་དང་། “བརྩམས་ཆོས་ཀྱི་ནང་དུ་བདེན་དོན་ཞིག་མཚོན་པར་བྱེད་པ་དང་ཡང་ན་བདེན་པའི་ངེས་ཤེས་འདྲོངས་རྒྱུ་ནི་བརྩམས་ཆོས་ཀྱི་བརྗོད་དོན་ཤེས་རྟོགས་དང་མཛེས་དཔྱོད་ཀྱི་རིན་ཐང་གཞལ་བའི་གནད་དམ་པ་ཡིན་ལ། གནའ་ནས་བཟུང་སྒྱུ་རྩལ་པ་དང་གཞུང་ལུགས་སྨྲ་བ་རྣམས་ཀྱིས་སྒྱུ་རྩལ་གྱི་བླ་སྲོག་ལྟ་བུར་བརྩི་བཞིན་ཡོད།”ཅེས་གསུངས་པ་བཞིན་སྒྱུ་རྩལ་གྱི་བདེན་པའི་ཁྱད་ཆོས་ལྡན་རྒྱུ་ནི་བརྩམས་ཆོས་ལ་རིན་ཐང་ཡོད་མེད་ཀྱི་གཞི་རྩའི་ཚད་གཞི་དང་རྩོམ་རིག་སྒྱུ་རྩལ་ལ་ཚེ་སྲོག་གི་སྐྱེ་སྟོབས་ལྡན་བྱེད་ཀྱི་རྩ་བའི་རྒྱུ་རྐྱེན་ཡང་ཡིན།

བརྩམས་སྒྲུང་གི་བདེན་དངོས་རང་བཞིན་ནི་རྩོམ་པ་པོའི་གསར་རྩོམ་གྱི་ཐོག་མའི་ས་བོན་ནམ་རྒྱུ་ཆ་ལེན་སའི་ཕྱི་རོལ་ཡུལ་ལ་ཆ་རྒྱུས་ཡོད་མེད་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་ཀྱི་འཚོ་བར་རྟོག་ཞིབ་ཟབ་མོ་བྱས་པའི་རྨང་གཞིའི་སྟེང་སླར་མཚོན་བྱས་པའི་རྣམ་པ་དེ་ཆོས་ཉིད་དང་མི་འགལ་ཞིང་འཚོ་བའི་བདེན་པ་ལས་ཚད་མཐོ་བ་ཞིག་ཡིན་དགོས།སྒྲུང་རིང《ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག》ཁྲོད་ཀྱི་མི་དམངས་ཀུང་ཧྲེ་ཚུགས་པའི་མཛད་སྒོའི་རྣམ་པ་དང་། ཞིང་པ་དག་གི་སྒེར་ནོར་གཞུང་ལ་བསྡུས་པའི་སྣང་ཚུལ་བཞེངས་པ་གསོན་ཉམས་དོད་པ། སྒྲུང་རིང《མི་རབས་ཤིག་གི་ཉིན་འགའ》ཞེས་པ་བྱུང་རིམ་རབ་རིབ་ཏུ་སྣང་བའི་རྟོག་པ་འོག་འགྱུ་ཡི་འབྲི་ཐབས་སྤྱད་ཀྱང་། མི་སྣ་གཙོ་བོ་རིན་ཆེན་གྱི་སློབ་གླིང་གི་འཚོ་བའི་ཁྲོད་བྱུང་བའི་སེམས་བྱུང་གི་འགྱུར་བ་སྣ་ཚོགས་ལས་སྐབས་འཕྲལ་གྱི་ཚོར་བ་བདེ་སྡུག་ཅིག་དང་། ནང་སེམས་ཀྱི་རྨོངས་པ་དང་འདུ་ཤེས་ཀྱི་འཕྲོ་སྦྱོར་སྣ་ཚོགས་བསྔོགས་ནས། འགལ་འདུའི་ཕུང་བོ་ལས་གྲུབ་པའི་མི་སྣ་གསོན་ཉམས་དོད་པོ་བཞེངས་པ། དེ་མིན་ཁྲིམས་འཛིན་གྱོད་དོན་མྱུལ་ཞིབ་སྐོར་གྱི་སྒྲུང་རིང་ཐོག་མ《མདུད་པ》ཡི་ནང་། ཁྲིམས་བསྟར་ཁྲིམས་འཛིན་གྱི་བྱེད་སྒོ་བྲིས་པ་ཕྱི་རོལ་ཡུལ་གྱི་དོན་དངོས་གཞིར་བཟུང་བ་དང་། དངོས་ཡོད་ཀྱི་གནས་ཚུལ་ཇི་བཞིན་འབྲི་བའི་རྩ་དོན་རྒྱུན་འཁྱོངས་བྱས་པས་བདེན་པ་བདེན་ཐུབ་ཡིན་ལ། བརྗོད་དོན་མངོན་པར་གསལ་བའི་སྒོ་ནས་རང་རྒྱལ་གྱི་ཉེས་དོན་གྱོད་གཞི་ལས་སྒྲུབ་ཀྱི་བྱ་བ་མགོ་མཇུག་གསལ་བོར་བསྟན་ཏེ། མང་ཚོགས་ལ་ཁྲིམས་ལུགས་སློབ་གསོ་ཉན་སྐུལ་བྱེད་པ་དང་། བོད་ཁུལ་གྱི་བཅའ་ཁྲིམས་ཁྱབ་སྤེལ་བྱ་གཞག་ལ་གསོན་ཤུགས་བསྣན་པ། བོད་ཀྱི་བརྩམས་སྒྲུང་གསར་རྩོམ་གྱི་ལམ་བུ་རྒྱ་བསྐྱེད་པའི་སྒྱུ་རྩལ་གྱི་ཉམས་སྣང་གསར་པ་ཞིག་ཀྱང་བསྟན་ཡོད།

དཔེ་མཚོན་ལྡན་པའི་བརྩམས་ཆོས་རེ་རེར་མི་སེམས་འགུལ་བ་དང་གོ་སྐོན་སློབ་གསོ་ཡི་ནུས་པ་ལྡན་པ་ནི། རྩོམ་པ་པོ་དག་གིས་སྒྱུ་རྩལ་གྱི་བདེན་དངོས་རང་བཞིན་གཙིགས་སུ་བཟུང་ནས་མཚོན་པར་ཐུགས་བརྩོན་ལྷོད་མེད་གནང་བའི་འབྲས་བུ་ཡིན་ལ།དེང་རབས་སྒྲུང་རིང་གི་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཀྱི་ཐབས་རྩལ་ཅི་ལྟར་འགྱུར་ཡང་། སྒྱུ་རྩལ་གྱི་བདེན་པའི་རང་བཞིན་ནི་ཕུལ་བྱུང་བརྩམས་ཆོས་ཡོད་ཚད་ཀྱི་ཐུན་མོང་ཁྱད་རྟགས་ཡིན་ལ་རང་རེའི་བླང་བྱ་འབའ་ཞིག་ཀྱང་ཡིན་ནོ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།