ཀྲུང་གོ་བོད་ཀྱི་དྲ་བ།

དུས་སྐབས་གསར་པའི་བོད་ཀྱི་ན་གཞོན་རྩོམ་པ་པོ་གསར་རྩོམ་ལ་འཇུག་ལུགས་ཐད་ཀྱི་རིག་གཞུང་བསམ་གཞིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སངས་རྒྱས་ཚེ་རིང་།   སྤེལ་དུས། : 2022-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པའི་སྟེང་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་དཔེ་བྱས།

ནང་དོན་གནད་བསྡུས། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པའི་སྟེང་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་དཔེ་བྱས་ནས་དུས་སྐབས་གསར་པའི་བོད་ཀྱི་ན་གཞོན་རྩོམ་པ་པོ་གསར་རྩོམ་ལ་འཇུག་ལུགས་ཐད་དཔྱད་ན་ཁྱད་ཆོས་འགའ་མཆིས་ཏེ། སྐད་ཆར་སྙན་ངག་གི་རྒྱན་གྱིས་སྤྲས་པའི་རྩོམ་རིག་རང་བཞིན་གྱི་ཁྱད་ཆོས་ལྡན་པ་དང་། དོན་བརྗོད་བྱེད་སྟངས་ཕྱི་དོན་དང་ནང་བཅུད་ཟུང་དུ་འབྲེལ་བ། མི་གཤིས་ཀྱི་བརྡབ་གསིག་ལས་བསྐྱེད་པའི་མཚན་ཉིད་རིག་པའི་མཛེས་དཔྱོད་ཀྱི་ཁྱད་ཆོས་བཅས་སོ། །

གནད་ཚིག དུས་སྐབས་གསར་པ། བོད་ཀྱི་ན་གཞོན། གསར་རྩོམ། འཇུག་ལུགས།

མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས། ཞིན་ཧེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་རིག་རྩལ་གྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རྩ་བ་ནི་ང་ཚོའི་རླབས་ཆེ་བའི་མི་རིགས་དང་། དུས་རབས་ལ་མི་གནག་པའི་ཕུལ་བྱུང་གི་བརྩམས་ཆོས་བརྩམ་རྒྱུ་དེ་ཡིན་ཞེས་པའི་གསུངས་དོན་གལ་ཆེན་གྱི་དགོངས་པ་ལག་བསྟར་གྱིས་གཙོ་འགན་ལས་སྒྲུབ་བྱས་པའི་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པ་དེ་སྤྱི་ལོ2021ལོའི་ཟླ1པའི་ཚེས1ཉིན་ནས་འགྲན་ཞུགས་བརྩམས་ཆོས་བསྡུ་མགོ་བརྩམས་པ་ནས་གུར་མགོན་ཚེ་རིང་གིས་སྤྱི་ལོ2021ལོའི་ཟླ12པའི་ཚེས10ཉིན་ཉིན་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པའི་བྱ་བའི་ཕྱོགས་བསྡོམས་མཛད་དེ་མཇུག་བསྡུས། ཐོག་མའི་འདེམ་ཐོར་ཚུད་པའི་བརྩམས་ཆོས42《མཚོ་སྔོན་བོད་ཡིག་གསར་འགྱུར》ཚགས་པར་དུ་མུ་འགོད་བྱས་པ་དང་། དེ་དག་ལས《ང་ནི་ས་འོག་ནས་སྐྱེས་པ་མིན》ཞེས་པ་དང《རླུང་ཡིན་ན་ཅི་མ་རུང》《འཚོལ》《ཨང་གྲངས་སོ་བཞི》《མིག་ཆུ་ནི་མར་མི་ལྷུང་བར་ཡར་ལྡིང་བའི་སྐབས་ཤིག་ལ》《གྲིབ་མ》བཅས་ལ་ཐེངས་འདིའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པའི་འགྲན་རིམ་ཁྲོད་བྱ་དགའ་ཐོབ(ཞོལ་ནས“བྱ་དགའ་ཐོབ་པའི་བརྩམས་ཆོས”ཞེས་བསྡུས)། བྱ་དགའ་ཐོབ་པའི་བརྩམས་ཆོས་དྲུག་པོ་གུང་བསྒྲིགས་ནས་རྩོམ་རིག་དང་སྐད་བརྡ་རིག་པ། རྩོམ་རིག་དང་མཛེས་དཔྱོད་རིག་པ། རྩོམ་རིག་དང་བརྡ་རྟགས་རིག་པ་བཅས་དེང་གི་རིག་གཞུང་ཞིབ་འཇུག་གི་ཐབས་ལམ་གསར་པ་རིག་ཚན་བར་བརྒལ་གྱི་ཐབས་ལམ་ནས་བོད་ཀྱི་རྩོམ་རིག་གསར་རྩོམ་དང་། སྒོས་སུ་བོད་ཀྱི་ན་གཞོན་རྩོམ་པ་པོ་དག་གསར་རྩོམ་ལ་འཇུག་ལུགས་ཐད་དཔྱད་ན་རིག་གཞུང་ཞིབ་འཇུག་དང་རྩོམ་རིག་གསར་རྩོམ་གྱི་ཕྱོགས་གཉིས་ནས་རིན་ཐང་ལྡན།

དང་པོ། སྙན་ངག་གི་རྒྱན་གྱིས་སྤྲས་པའི་རྩོམ་རིག་རང་བཞིན་གྱི་སྐད་ཆ།

བོད་ཀྱི་དེང་རབས་རྩོམ་པ་པོའི་བརྩམས་ཆོས་ལ་གཞིགས་ན་སྐད་ཆའི་ཞུན་བརྡར་དང་སྤང་བླང་ལ་ཆེད་དམིགས་ཀྱིས་ཡིད་གཟབ་དང་། བརྩམས་ཆོས་ཀྱི་སྐད་ལྗོངས་དང་བསྟུན་ནས་མིང་དང་ཚིག་གི་གདམ་གསེས་ལ་རེ་བ་འདོན་གྱིན་ཡོད་པར་མ་ཟད། རྩོམ་པ་པོ་རང་གི་རྩོམ་རིག་གི་སྐད་ཆར་བསྒྱུར་བཅོས་དང་བསྲེགས་བཅད་བརྡར་གསུམ་གྱིས་བོད་ཀྱི་རྩོམ་རིག་ཧྲིལ་པོའི་ངོས་ཐད་ནས་ཐོད་བརྒལ་ཟིན་གྱི་ཡོད་པ་རྟོགས་ཐུབ། དེ་གཙོ་བོ་ཕྱོགས་གཉིས་ཀྱི་སྟེང་ནས་མཚོན་གྱིན་ཡོད་པར་འདོད་དེ། “སྙན་ངག་རང་བཞིན་གྱི་བརྩམས་སྒྲུང(诗化小说)” ཞེས་པའི་ཕྱི་གླིང་གི་རྩོམ་རིག་ལྟ་བའི་ཤུགས་རྐྱེན་འོག་གི་སྙན་ངག་གི་སྐད་ཆའི་སྤྲོས་བརྗོད་བྱེད་ལུགས་དང་། དོན་བརྗོད་ལ་རྩོམ་རིག་མཛེས་དཔྱོད་ཀྱིས་སྤྲོས་པའི“རྩོམ་རིག་རང་བཞིན(文学性/literariness)”གྱི་ལྷུག་བརྗོད་བྱེད་ལུགས་ཏེ། རང་རྒྱལ་གྱི་རིག་རྩལ་གཞུང་ལུགས་པ་ཆེན་མོ་ཐུང་ཆིན་པིང(童庆炳 1936-2015)གིས་བསྟན་པའི“དྲི་ངད(气息)”“མཁའ་དབུགས(氛围)”“ཉམས་འགྱུར(情调)”“སྡེབ་སྦྱོར(韵律)”“མདོག་མདངས(色泽)”བཅས་ཁྱབ་ཁོངས་ལྔ་ནས་བརྩམས་སྒྲུང་སྐད་ཆའི“རྩོམ་རིག་རང་བཞིན”གྱི་མཛེས་དཔྱོད་རང་བཞིན་མངོན་པར་བསྟན་པ་ལྟར་ན“དྲི་ངད”“མཁའ་དབུགས”“ཉམས་འགྱུར”གསུམ་བོད་ཀྱི་དུས་སྐབས་གསར་པའི་བརྩམས་སྒྲུང་གི་ལྷུག་བརྗོད་དུ་ཁྱད་ཆོས་མངོན་གསལ་ལྡན་པར་འདོད།

གཅིག རྐྱོང་ཤུགས་ཅན་གྱི་སྙན་ངག་གི་སྐད་ཆའི་སྤྲོས་བརྗོད།

རྩོམ་རིག་གི་སྐད་ཆའི་རྐྱོང་ཤུགས(张力)དེ་སྤྱིར་བཏང་སྙན་ངག་དཔྱད་བརྗོད་ཀྱི་སྐབས་སུ་བཀོལ་བའི་རིག་གཞུང་གི་ཐ་སྙད་ཅིག་ཡིན་མོད། “སྙན་ངག་རང་བཞིན་གྱི་བརྩམས་སྒྲུང”གི་རིག་གཞུང་ཞིབ་འཇུག་བྱེད་ཕྱོགས་འདི་བྱུང་བ་ནས་སྐད་ཆའི་རྐྱོང་ཤུགས་དེ་བརྩམས་སྒྲུང་གི་སྐད་ཆ་ཞིབ་འཇུག་ཏུ་ཡང་བཀོལ་སྤྱོད་བྱེད་པ་ཡིན་ཏེ། “‘སྙན་ངག་ཅན་གྱི་བརྩམས་སྒྲུང’འདི་ཧྥ་རན་སེའི་མཚོན་བྱེད་རང་ལུགས་ལས་འགུལ་གྱི་སྲོལ་རྒྱུན་གཞན་པ་ཞིག་ཡིན།”[1] ལྟ་བ་འདི་ནི1893ལོར་ཧྥ་རན་སེའི་མཚོན་བྱེད་རང་ལུགས་ཀྱི་གྲུབ་མཐའི་སྙན་ངག་པ་གོར་མིན(古尔蒙/Remy de Gourmont 1858-1915)གྱིས་ཐོག་མར་བཏོན་པ་ཡིན་ཏེ། ཁོང་གིས“བརྩམས་སྒྲུང་ནི་སྙན་ངག་ཅིག་ཡིན། སྙན་ངག་མིན་པའི་བརྩམས་སྒྲུང་ཞིག་གཏན་ནས་མེད”[2] ཅེས་གསུངས་པ་ལྟར། རྗེས་ནས་བརྩམས་སྒྲུང་གསར་རྩོམ་པ་དག་གིས་བརྩམས་ཆོས་ཀྱི་སྐད་ཆའི་སྒྱུ་རྩལ་དང་མཚོན་བྱེད་ཀྱི་དགོས་མཁོའི་དབང་གིས་བརྩམས་སྒྲུང་གི་སྐད་ཆ་ལ་སྙན་ངག་རང་བཞིན་གྱི“སྡེབ་སྦྱོར”དང“མདོག་མདངས”བསྣན། སྙན་ངག་རང་བཞིན་གྱི་བརྩམས་སྒྲུང་ནི་དེང་རབས་བརྩམས་སྒྲུང་གསར་རྩོམ་གྱི་རྣམ་པ་གསར་པ་ཞིག་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཏུ་འགྱུར་བཞིན་ཡོད་ལ། བོད་ཀྱི་ན་གཞོན་རྩོམ་པ་པོ་དག་གིས་ཅི་ནུས་ཀྱིས་དང་ལེན་དང་ཚོད་ལྟ་བྱེད་པའི་ཐུན་མོང་གི་ཁྱད་ཆོས་ཤིག་ཏུ་གྱུར་འདུག དཔེར་ན་བྱ་དགའ་ཐོབ་པའི་བརྩམས་ཆོས《འཚོལ》ཞེས་པ་རུ“མི་ཚེ་འདི་འོད་ཀྱིས་ཁྱབ་པའི་གུར་ཁང་ཞིག་ཡིན་ན། སློབ་ཆེན་གྱི་འཚོ་བ་ནི་འོད་ཐིགས་ཀྱི་ཟེགས་མ་རེ་རེས་གྲུབ་པའི་གཟི་བྱིན་གྱི་དྭངས་མ་དེ་ཡིན། མི་ཚེ་འདི་ཁ་དོག་དཀར་དམར་གྱིས་མདངས་བཀྲག་པའི་དབང་པོའི་གཞུ་མཆོག་དེ་ཡིན་ན། སློབ་ཆེན་གྱི་འཚོ་བ་ནི་ཚོན་མདངས་ཀྱི་གཞི་རུ་གྲུབ་པའི་རྩ་བའི་ཁ་དོག་དེ་ཡིན”ཞེས་མི་ཚེ་དང་དེའི་གྲུབ་ཆ་རུ་གྱུར་བའི་སློབ་ཆེན་གྱི་འཚོ་བ་གཉིས་དཔེ་དང་དཔེ་དེའི་ཆ་ཤས་སུ་གྱུར་བའི་ཆ་གཉིས་ཀྱི་སྒོ་ནས་སྤེལ་མར་སྤྲོས་པ་དང་། ཡང“སློབ་ཆེན་ནི་དྲན་དྲན་ཚང་མ་བདེ་བར་ཞུགས་སུ་ཆོག་པའི་ཚོང་ར་ལྟ་བུ་ཞིག་ག་ལ་ཡིན། སློབ་ཆེན་ནི་བརྩོན་འགྲུས་དང་བློ་རིག་རྒོད་པའི་གཞོན་ནུའི་འདུས་ཐང་དེ་ཡིན”ཞེས་པ་དང་། དེ་བཞིན“ སྙན་ངག་ལ་ཚེ་སྲོག་མེད་ཀྱང་སྙན་ངག་ལ་ཚེ་སྲོག་ལས་ལྷག་པའི་སྒྱུ་རྩལ་ཡོད། སྙན་ངག་ལ་སྐད་གདངས་མེད་ཀྱང་སྙན་ངག་ལ་མི་སེམས་འགུག་ཐུབ་པའི་སྐད་ཆ་ཡོད། སྙན་ངག་དེ་ནི་བློ་ཐུབ་ཀྱིས་བཞོ་དབྱངས་ལ་བཅངས་པའི་ཚོར་བ་རྗེན་པ་ཞིག་ཡིན་ཞིང་། བློ་ཐུབ་ཀྱི་འཚོ་བར་དབུ་ཁྱུད་གསར་དུ་བཞེངས་པའི་ལམ་གྱི་རི་མོ་ཡིན”ཞེས་དཔེ་དང་དཔེ་ཅན་ཕྲེང་བར་སྤེལ་བའི་ལམ་ནས་སྐད་ཆའི་སྙན་འཇེབས་ཀྱི་རང་བཞིན་དང་། ཉེར་བསྟན(能指)དང་འཕྲོས་བསྟན(所指)གྱི་འབྲེལ་བའི་སྟེང་གི་གཏན་ཆགས་སུ་གྱུར་བའི་གོ་དོན་ཞིག་མ་ཡིན་པར་ཕྱོགས་མི་འདྲ་བ་ནས་གོ་བ་མི་འདྲ་བ་ལེན་ཆོག་པའི་རྐྱོང་ཤུགས་ལྡན་པས་ན་བཀླག་རུང་རང་བཞིན(可读性)ངེས་ཅན་ཞིག་འདུག ཡང“ཁྱོད་ནི་ཧུར་བརྩོན་གྱི་རྟ་ཕོར་བཞོན་ཏེ་ཕུགས་བསམ་མངོན་འགྱུར་ཡོང་བར་ཤུགས་ཀྱིས་མདུན་དུ་སྐྱོད་པའི་སློབ་ཆེན་མ་དེ་ཡིན་ནམ། ངའི་ཅི་ཞིག་འཐོབ་འདོད་ཀྱི་ངན་སེམས་དྲག་ཏུ་གཡོ་བའི་སློབ་ཆེན་གྱི་གྲལ་མཐའ་རུ་གད་སྙིགས་བཞིན་སྤུར་བའི་སྙིགས་མ་དེ་ཡིན། ཁྱོད་ནི་ངའི་བརྩམས་ཆོས་ཀྱིས་རབ་ཏུ་བཟི་བའི་ཀློག་པ་པོ་ཡ་རབས་གུས་ལྡན་ཅན་དེ་ཡིན་ནམ། ཡང་ན་ངའི་ཅི་ཞིག་གི་ཆེད་དུ་འདི་ལྟར་མཚན་ཐུན་རེ་རེ་གཉིད་དུ་ཁུག་མི་འཇུག་པའི་བྱེད་པོ་སྟོབས་ཆེན་དེ་ཡིན”ཞེས་པ་དང་། བྱ་དགའ་ཐོབ་པའི་བརྩམས་ཆོས《ཨང་གྲངས་སོ་བཞི》ཞེས་པ་རུ་ཡང་སྙན་ངག་གི་སྐད་ཆས་སྤྲོས་བརྗོད་སྤེལ་ཡོད་པ་དཔེར་ན“བརྩེ་དུང་གི་བུ་ལོན་འཇལ་ཕོད་མཁན་དག་ནི་ལས་དབང་ལ་ཡིད་ཆེས་མཁན་ཤ་སྟག་ཡིན”ཞེས་པ་རྟོག་གེའི་གཏན་ཚིགས་ལ་བརྟེན་ནས་ལྐོག་དོན་ཅན་གྱི་བརྗོད་པ་དང་། ཡང“ངས་ཐ་སྙད་ཀྱི་ཚོགས་རྒྱ་ཆེར་བསགས་ཏེ།//མི་ཞིག་དང་འཛོམས་པའི་སྐལ་བཟང་ལ་སྒུག་གིན་ཡོད”(འདིར་རྟགས//འདིས་རང་གྲུབ་ཚན་པ་མཚོན།)ཅེས་པ། “ཉི་འོད་ལྟ་བུའི་ཁྱེད་རང་། //རྒྱང་རིང་གི་ཉི་འོད་ཀློང་དུ། //ཁ་བའི་མེ་ཏོག་བཞིན་འཚོ་གིན་ཨེ་ཡོད།”“ ཕོ་ལོ་ཉེར་ལྔའི་སྣང་བའི་དབྱིངས་སུ།//སྒེའུ་ཁུང་ལྷོ་ལ་གཏད་པའི་ཁང་ཆུང་ཞིག་ཡོད།//ཁང་ཆུང་དེའི་དབུས་སུ།//བཀྲ་ཤིས་རྟགས་བརྒྱད་བརྐོས་པའི་དཔེ་སྒྲོམ་ཆུང་ཆུང་ཞིག་དང་།//དེའི་སྟེང་དུ་མི་ཡུལ་ན་གསོན་མྱོང་བའི་སྐྱེས་བུ་མང་པོས་བྲིས་པའི།//དཔེ་ཆའི་མཆོད་པ་བཤམས་ཡོད།//ད་དུང་། ཁ་བའི་འདབ་མ་ལྟར་དྭངས་ཤིང་གཙང་བའི།//བུ་མོ་མེ་ཏོག་མ་དེའི་འཛུམ་མདངས་ཀྱང་།//ཁང་ཆུང་གི་རྒྱན་དུ་ཁྲ་ཆིལ་ལེར་བཞད་ཡོད།”ཡང“ལོ་ཟླའི་ཁུད་དུ་བསྟིམས་པའི།//ཁྱོད་ཀྱི་འཛུམ་མདངས་དེ་ཨང་།//ངའི་དྲན་པར་བརྗེད་ངས་ཀྱི་ཆག་འཇིགས་ཅི་བྱུང་ཡང་།//ཡིད་ཀྱི་ཨ་སྔོན་ལས་ཡལ་ཐབས་ཤིག་གཏན་ནས་མི་འདུག”ཅེས་པ་དང“ལོ་དུ་མའི་རྗེས་ཀྱི་དབྱར་གཞུང་གི་ཕྱི་དྲོ་དེར།//ངས་རྒྱང་རིང་གི་ཉི་འོད་གཡར་ཏེ་རྒྱང་རིང་ལ་བལྟས་ནའང་།//ཁ་བའི་མེ་ཏོག་ལྟར་འཛུམ་གྱི་འདབ་མ་གྲོལ་བའི།//ཁྱེད་ཀྱི་ཞལ་རས་དྭངས་མ་དེ་ལས། གཞན་ཅི་ཡང་མ་མཐོང་།//གཞན། ཅི་ཡང་མ་མཐོང”ཞེས་པ་ལྟ་བུ་ནི་ཚིག་གི་བརྗོད་པ་དང་ལུས་ཀྱི་རྣམ་པ་གཉིས་ཀྱི་སྟེང་ནས་སྙན་ངག་གི་ཉམས་མངོན་སུམ་དུ་མཚོན་ཡོད་དེ། མཱ་ཁུ་སིའི་རྩོམ་རིག་གཞུང་ལུགས་ཀྱི་ལྟ་བ་ལྟར་ན་ནང་དོན་དང་རྣམ་པ་གཉིས་གཅིག་ལ་གཅིག་བརྟེན་ཡིན་པས་རྣམ་པའི་སྟེང་གི་སྙན་ངག་རང་བཞིན་ནི་དོན་གྱི་སྟེང་གི་སྙན་ངག་རང་བཞིན་མཚོན་པ་ཡིན། རྣམ་པ(形式/form)ཞེས་པའི་གོ་དོན་ལ“གལ་ཏེ་རྣམ་པ་ནི་ནང་དོན་དང་གནས་སྐབས་སུ་ཁ་ཕྲལ་དུ་བཏང་བའམ་བརྩམས་ཆོས་ལས་བཏོན་པའི་སྐད་ཆའི་སྒྲིག་གཞིའམ་མཚོན་བྱེད་རྣམ་པ། སྒྱུ་རྩལ་ཐབས་ཤེས་སམ་ཚད་གཞི་ཞིག་ཡིན་པར་བྱ་ཆོག 

དཔེར་ན་ཨར་པོ་ལཱ་མོ་སུ་ཇིས་གསུངས་པ་ལྟར‘སྒྲ་དོག་འཇུག་གི་རྣམ་པ་ནི་རྩོམ་རིག་གི་རིགས་དང་རྩོམ་ལུས་ལ་གོ་བ་ཡིན།……ཡང་ན་སྙན་ངག་གི་ཚིགས་བཅད། སྙན་ངག་གི་ཤོ་ལོ་ཀ་དང་སྡེབ་སྦྱོར་གྱི་རིགས་ལ་གོ དཔེར་ན་སྙན་ངག་གི་རྩོམ་ལུས་དང་སྙན་ངག་གི་རྣམ་པ’”[3] ཞེས་པ་ལྟར་ན་བརྩམས་སྒྲུང་གི་དོན་བརྗོད་ཀྱི་ཚིག་ལམ་དུ་སྙན་ངག་གི་ཚིགས་བཅད་བཅུག་པ་ནི་རྣམ་པའི་ཆ་ནས་སྙན་ངག་རང་བཞིན་གྱི་སྐད་ཆའི་མཚོན་སྟངས་སུ་འགྲོ་བ་ཡིན་པས། ཀློག་པ་པོར་དང་ལེན་མཛེས་དཔྱོད་རིག་པའི(接受美学)ངོས་ཐད་རྐྱོང་ཤུགས་རང་བཞིན་ཅན་གྱི་ཚིག་གི་མཛེས་པ་ཕུན་སུམ་ཚོགས་པ་སྤྲད་འདུག

གཉིས། དོན་བྱེ་བྲག་པའི་ཡིད་གཟུགས་ཅན་གྱི་ལྷུག་བརྗོད།

བོད་ཀྱི་དེང་རབས་བརྩམས་སྒྲུང་གི་ལྷུག་བརྗོད་བྱེད་སྟངས་ཐད་ལ་མཛེས་དཔྱོད་ཀྱི་ཐོད་བརྒལ་ཆེན་པོ་ཞིག་བྱས་ཡོད་པར་འདོད་དེ། སྲོལ་རྒྱུན་བརྩམས་སྒྲུང་གི་གཏམ་རྒྱུད་ཀྱི་བྱུང་རིམ་རྒྱ་ཆེན་པོ་སྤེལ་བ་ནས་གཙོ་གནད་ཀྱི་བྱུང་རིམ་སིལ་བུར་འགོད་པ་དང་། བརྩམས་སྒྲུང་གི་སྐད་ཆས་གཏམ་རྒྱུད་ཀྱི་ནང་དོན་ཆད་ལྷག་མེད་པར་ཀློག་པ་པོར་མཚམས་སྦྱོར་བ་ནས་སྐད་ཆའི་མཛེས་ཉམས་དང“དྲི་ངད”“མཁའ་དབུགས”“ཉམས་འགྱུར”སོགས་ཀྱི་སྟེང་ནས་ཀློག་པ་པོར་སྐད་ཆ་རང་སྟེང་གི་མཛེས་པ་ལྷུར་ལེན་པར་སྐུལ་བ། བརྩམས་སྒྲུང་གི་སྐད་ཆ་རང་ཉིད་ཀྱང་གཏམ་རྒྱུད་ཀྱི་བྱུང་རིམ་དང་མ་འབྲེལ་བའི་ཁེར་ཚུགས་ཀྱི་རང་བཞིན་ལྡན་པའི་དོན་བརྗོད་བྱེད་སྟངས་ཤིག་ཏུ་གྲུབ་འདུག “མཚོན་བྱེད་རང་ལུགས་ཀྱི་སྙན་ངག་པས‘ཚབ་མཚོན་ལྡན་པའི་རྩོམ་གྱི་རིགས’ཞེས་པའི་འདུ་ཤེས་མཇུག་རྫོགས་པ་དང་། བརྩམས་ཆོས་གཅིག་གི་ནང་དུ་སྙན་ངག་དང་ལྷུག་རྩོམ་མཉམ་གནས་བྱེད་པའི་སྒོ་མོ་ཆེ་ཕྱེས་པ་ཡིན་ཞེས་སྒྲོག་སྐབས། རྣམ་པ་གསར་པའི་བརྩམས་སྒྲུང་ཞིག་དབུ་བརྙེས་པ་ཡིན”[4] བོད་ཀྱི་དེང་རབས་བརྩམས་སྒྲུང་དང་སྒོས་སུ་བོད་ཀྱི་ན་གཞོན་གསར་རྩོམ་པ་དག་གིས་བརྩམས་སྒྲུང་གི་དོན་བརྗོད་དང་ཚིག་གི་དབྱངས་འགྲོས་སོགས་གང་ཐད་ནས་འགྱུར་བ་འགྲོ་བཞིན་པའི་སྐབས་སུ་ངེས་པར་གཞུང་ལུགས་གསར་པ་དང་རྣམ་པ་གསར་པའི་སྒོ་ནས་དཔྱད་བརྗོད་སྤེལ་དགོས་པ་ལས་གཞུང་ལུགས་རྙིང་པའམ་རྩོམ་རིག་གི་ལྟ་བ་རྙིང་པ་ཞིག་གིས་བརྩམས་ཆོས་གསར་པར་དཔྱད་བརྗོད་སྤེལ་མི་རིགས་ལ།བརྩམས་སྒྲུང་གི་ལྷུག་བརྗོད་ཀྱི་ཁག་ནི་བརྩམས་ཆོས་ཧྲིལ་པོའི“དྲི་ངད”“མཁའ་དབུགས”“ཉམས་འགྱུར”ཞིག་ཏུ་བཀོད་ཡོད་པ་དང་། དོན་དུ་ལྷུག་བརྗོད་ཀྱི་སྐད་ཆའི་ཚིག་ཉམས་དང་དབྱངས་འགྲོས་ཀྱི་མཛེས་པའི་ཆ་ནི་བརྩམས་ཆོས་ཀྱི་དོན་བརྗོད་ཀྱི་བྱེ་བྲག་ཅིག་ཏུ་གྱུར་འདུག་པ་རེད། དཔེར་ན་བྱ་དགའ་ཐོབ་པའི་བརྩམས་ཆོས《འཚོལ》ཞེས་པ་རུ “མཁའ་དབྱིངས་སུ་འཚེར་བའི་ཟླ་བའི་འོད་མདངས་བློ་ཐུབ་ཉལ་སའི་སྒེའུ་ཁུང་གི་ཕྱོགས་སུ་མེར། ཁེར་རྐྱང་གི་ཟླ་བས་མཐའ་མི་མངོན་པའི་ཀུན་གསལ་གྱི་དབྱིངས་སུ་ཅི་ཞིག་འཚོལ་བཞིན་ཡོད་དམ། ཟླ་བས་བཀྱེས་པའི་འོད་ཀྱི་ཐིགས་ཕྲེང་རེ་རེ་ནི་སེམས་སུ་འཕྱོ་བཞིན་པའི་དྲན་གདུང་རེ་ཡིན་དུ་སྲིད”ཅེས་པ་དང་། “ང་རང་སློབ་ཆེན་གྱི་སྒོ་ཐེམ་བརྒལ་ཏེ། སྤྱི་ཚོགས་ཐོག་གི་གནས་ཚུལ་མང་པོ་ཞིག་གདོང་གཏུག་ར་སྤྲོད་བྱས་པའི་ཉམས་མྱོང་ཁྲོད། གཞི་ནས་དྲ་ཐོག་བརྒྱུད་དེ་ཁྱོད་རང་བཙལ་བ་ཡིན། ངས་དྲ་ཐོག་ནས་ཁྱོད་རང་འཚོལ་ཚུལ་ནི་བོར་དངོས་རྩ་ཆེན་ཞིག་ཉུལ་བ་བཞིན་དྲ་ལམ་རེ་རེའི་སྐུད་སྣེ་བརྒྱུད་དེ་ཞིབ་ཚགས་ཀྱིས་བཙལ་བ་ཡིན”ཞེས་པ་ལྟ་བུ། བྱ་དགའ་ཐོབ་པའི་བརྩམས་ཆོས《མིག་ཆུ་ནི་མར་མི་ལྷུང་བར་ཡར་ལྡིང་བའི་སྐབས་ཤིག་ལ》ཞེས་པ་རུ“ཁྱོད་ཀྱིས་ལྷ་སའི་བར་སྐོར་གྱི་ཚོང་རའི་ཁྲོད་ནས་ང་རང་རྙེད་པའི་ཞོགས་པ་དེར། དཔྱིད་ཀ་ཏག་ཏག་ལྷ་སའི་ལུང་གཞུང་འདི་བརྒྱུད་ནས་སླེབས་མ་ཐག་ཡིན། ཡང་གཅིག་བཤད་ན། ཁྱོད་རང་མཐོ་སྒང་གི་གྲོང་ཁྱེར་འདིར་འབྱོར་ནས་ཏག་ཏག་གཟའ་འཁོར་གཅིག་འགོར་བ་ཡིན། ཞོགས་པ་དེར། ཁྱོད་ཀྱིས་ངའི་གུད་ནས་དབུགས་ངལ་ཞིག་གསོས་ཏེ། ཨམ་ཕྲག་ཏུ་གློངས་གློངས་མཐར། ངའི་རིན་ཐང་དེ་སྒོར་མོ་ཆིག་སྟོང་ལྔ་བརྒྱས་མངོན་བྱུང་། ཏག་ཏག་སྐབས་དེར། བར་སྐོར་གྱི་གྲུ་ཟུར་གང་རུང་ནས་མཆེད་ཡོང་བའི་ངའི་མི་ཚེའི་གླུ་དབྱངས་དེ་ཁྱོད་ཀྱི་རུས་རྐང་དུ་སྨིན་སོང་། རེད་དེ། དྲང་མོར་བཤད་ན། ངའི་མི་ཚེའི་གླུ་དབྱངས་དེ་ནི་ཁྱོད་ཀྱི་མི་ཚེའི་རྒྱབ་ལྗོངས་རོལ་དབྱངས་ཤིག་ཏུ་གྱུར་སོང”ཞེས་པ་ལྟ་བུའི་ལྷུག་བརྗོད་ཀྱིས་བརྩམས་ཆོས་ཀྱི་སྐབས་དོན་མཚོན་པར་སྐད་ཆའི་ཤན་ཞུགས་ངེས་ཅན་ཞིག་ལ་བརྟེན་འདུག་པ་ཤེས་ཐུབ་སྟེ། “‘ཡིད་གཟུགས’ཤིག་ནི་སྐད་ཅིག་ཏུ་བློ་རིག་དང་བརྩེ་བ་མངོན་པའི་བསྡུས་གཟུགས་ཤིག་ཡིན།”[5] ལྷུག་བརྗོད་ཀྱི་སྐད་ཆའི“དྲི་ངད”“མཁའ་དབུགས”“ཉམས་འགྱུར”ལ་བརྟེན་ནས་བྱེ་བྲག་གི་བྱ་དངོས་ཀྱི་སྟེང་ནས་བརྩེ་བ་མཚོན་པ་སྟེ“ཟླ་འོད”དང“སྒེའུ་ཁུང”བརྒྱུད་དེ་ཟླ་འོད་སྒེའུ་ཁུང་དུ་འཕྲོས་པ་ལས་བློ་ཐུབ་དྲན་གདུང་གིས་མནར་བ་མཚོན་པ་དང་། “དྲ་བ”ཞེས་པ་བརྒྱུད་ནས“ངས”ཁྱེད་རང་བཙལ་བ་དང་དྲ་བའི་སྐུད་སྣེ་རེ་རེ་ཞེས་པས་འཚོལ་ཡུལ་ནི་འཚོལ་མཁན་ལ་མཚོན་ན་ཆེས་གལ་འགངས་ཆེ་བ་དང་། འཚོལ་ཡུལ་ལ་བཅངས་པའི་བསམ་པའི་བརྩེ་དུང་དེ་མཚོན་འདུག “ངས”དྲ་ཐོག་ནས་ཁྱེད་རང་འཚོལ་ཚུལ་ནི་ལྟོས་ཟླར་གྱུར་བའི་བོར་དངོས་རྩ་ཆེན་ཞིག་ཉུལ་བ་དང་འདྲ་བར་བཤད་པ། དེ་བཞིན “ཞོགས་པ” “ གཟའ་འཁོར་གཅིག”“ ཆིག་སྟོང་ལྔ་བརྒྱ”སོགས་བརྩེ་དུང་གི་ཡིད་གཟུགས་འཕོ་སའི་འཕྲོས་དོན་དེ་དོན་བྱེ་བྲག་པ་གཅིག་གི་སྟེང་ལ་བབས་པ་ནི་སྐད་ཆའི་མཛེས་པ་མངོན་སྟངས་གལ་ཆེན་ཞིག་ཡིན་སྟེ། “སྒྱུ་རྩལ་གྱི་རྣམ་པའི་ཁྲོད་དུ་བརྩེ་བ་མཚོན་པའི་ཐབས་ཤེས་ཉག་གཅིག་ནི‘མངོན་སུམ་གྱི་ལྟོས་ཟླའི་བྱ་དངོས’དེ་བཙལ་ནས། མངོན་སུམ་གྱི་བྱ་དངོས་སྐོར་ཞིག ལྗོངས་རྣམ་ཞིག དོན་དག་འགའ་རེ་ཡོད་པ་རྣམས་དམིགས་བསལ་གྱི་བརྩེ་དུང་གི་སྤྱི་འགྲོས་རྣམ་པ་ཞིག་ཏུ་གྱུར་འགྲོ”[6] ལྷུག་བརྗོད་ཀྱི་སྐད་ཆའི“དྲི་ངད”དང“མཁའ་དབུགས”“ཉམས་འགྱུར”ནི་དཔེ་དོན་སྤྱི་བམ་པ་དང་དམིགས་བསལ་དབེན་པའི་ཡོངས་ཁྱབ་ཀྱི་སྟེང་ནས་མངོན་མི་ཐུབ་པར་ངེས་པར་ཚིག་དང་ཐ་སྙད་ཀྱི་ལྟོས་ཟླའི་མངོན་སུམ་དུ་གནས་པའི་བྱ་དངོས་ཀྱི་སྟེང་ནས་མཚོན་དགོས། བྱ་དགའ་ཐོབ་པའི་བརྩམས་ཆོས་ལས་འདིའི་རྟོགས་སད་དང་ངེས་ཤེས་ཅུང་ཙམ་རེ་མངོན་འདུག

གཉིས་པ། ཕྱི་དོན་དང་ནང་བཅུད་ཟུང་དུ་འབྲེལ་བའི་དོན་བརྗོད་བྱེད་སྟངས།

ཕྱི་དོན་དང་ནང་བཅུད་ཟུང་དུ་འབྲེལ་བའི་དོན་བརྗོད་བྱེད་སྟངས་འདི་ནི་བོད་ཀྱི་དེང་རབས་བརྩམས་སྒྲུང་དང་སྒོས་སུ་བོད་ཀྱི་ན་གཞོན་རྩོམ་པ་པོ་དག་གིས་ཚོད་ལྟ་དང་ལག་ལེན་བྱེད་བཞིན་པའི་ཐབས་ཤེས་གསར་པ་ཞིག་ཏུ་འདོད། བརྩམས་སྒྲུང་གི་དོན་བརྗོད་དེ་སྐབས་དོན་གྱི་བརྩམས་སྒྲུང་གི་བརྗོད་དོན་དང་གནས་ཚུལ། མི་སྣའི་སེམས་ཁམས་སོགས་བྱུང་རིམ་འཕེལ་འགྲོས་ཀྱི་རྒྱུད་སྐུད་གཅིག་གི་སྟེང་ན་གནས་དགོས་པ་ཡིན་ཏེ། མདོར་དེད་ན་གོང་ནས་གླེང་བ་བཞིན་ཐུང་ཆིན་པིང་གིས་བསྟན་པའི“དྲི་ངད”དང“མཁའ་དབུགས”“ཉམས་འགྱུར”“སྡེབ་སྦྱོར”“མདོག་མདངས”སོགས་རྩོམ་རིག་མཛེས་དཔྱོད་ཀྱི་ཁྱབ་ཁོངས་ཆེན་པོ་ལྔ་དང་ཡོངས་སུ་མཐུན་དགོས། རྩོམ་ཆོས་ཤིག་གི་ཕྱི་དོན་དང་ནང་བཅུད་ཟུང་དུ་སྦྲེལ་བར་ཐབས་ཤེས་སྣ་ཚོགས་ཡོད་པ་ལས་རེབ་འདིའི་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་གིས་སྤྱད་པའི་ཐབས་ཤེས་ལ་ཞོལ་ནས་དཔྱད་པར་བྱ་བའི་ཁྱད་ཆོས་འགའ་འདུག་པར་འདོད།

གཅིག ཕྱི་དོན་དང་ནང་བཅུད་ཀྱི་འབྲེལ་བའི“གསལ”དང“མུན།”

བརྩམས་སྒྲུང་ཁྲོད“གསལ”དང“མུན”ཟུང་དུ་འབྲེལ་བའི་དོན་བརྗོད་བྱེད་སྟངས་འདི་རིགས་ནི་རེབ་འདིའི་བྱ་དགའ་ཐོབ་པའི་བརྩམས་ཆོས《གྲིབ་མ》དང《འཚོལ》གཉིས་ཀྱི་ཁྲོད་ཧ་ཅང་མངོན་གསལ་ལྡན་པའི་ཐབས་ཤེས་ཤིག་ཏུ་གྱུར་འདུག དོན་དམ་དུ“གསལ”དང“མུན”རི་མོ་གསར་རྩོམ་གྱི་ཁྲོད་དུ་བཀོལ་བ་ནི་དབྱི་ཐ་ལའི་རིག་རྩལ་བསྐྱར་དར་སྐབས་ཀྱི་རི་མོ་པ་གྲགས་ཅན་ཁཱ་ལེ་ཝ་ཆོ(卡拉瓦乔Michelangelo Merisi da Caravaggio 1571-1610)ཡིན་ལ་དེའི་རྗེས་ནས་ཁ་ན་ཏའི་རྩོམ་པ་པོ་གྲགས་ཅན་མན་ཁིར་ཝིན་ཏཱ་ཇེ(迈克尔翁达吉Michael Ondaatje 1943-)ཡིས་རི་མོའི་གྲིབ་མུན་གྱི་ཐབས་རྩལ“གསལ་མུན་བསྡུར་བའི་ཐབས/明暗对照法/chiaroscuro”འདི་བརྩམས་སྒྲུང་གསར་རྩོམ་གྱི་ཐབས་ཤེས་སུ་བཀོལ་ནས་གྲུབ་འབྲས་ཆེན་པོ་བླངས། “གསལ་མུན་བསྡུར་བའི་ཐབས་འདི་ནི་དབྱི་ཐ་ལིའི་སྐད་ཀྱི་ཐ་སྙད(chiaro)དང(oscuro)གཉིས་ལས་བྱུང་བ་དང་། རེ་རེ་བཞིན‘འོད’དང‘གྲིབ་མ’མཚོན་པ་ཡིན།”[7] རྩོམ་རིག་གཞུང་ལུགས་ཀྱི་མཐོང་ལམ་ནས་དཔྱད་ན་འདི་ནི་གཏམ་རྒྱུད་སྣེ་གཉིས་ཅན་གྱི་སྒྲིག་གཞིའི་ཁོངས་སུ་གཏོགས་པ་དང་། ཀློག་པ་པོའི་དང་ལེན་མཛེས་དཔྱོད་ཀྱི་སྟེང་ནས་མི་སྣའམ་གཏམ་རྒྱུད་ཀྱི་སྣེ་གཅིག་གསལ་རྗེན་དུ་འདོན་པ་དང་ཅིག་ཤོས་དེ་རབ་རིབ་དང་མག་མོག་གི་རྣམ་པའི་སྟེང་ནས་ཀློག་པ་པོར་ཐུན་མོང་མ་ཡིན་པའི་མཛེས་པ་ཞིག་སྟེར་བ་ལ་ཟེར། བྱ་དགའ་ཐོབ་པའི་བརྩམས་ཆོས《གྲིབ་མ》ཞེས་པ་རུ“ང”དང“འུག་པ”གཉིས་ཀྱི“གསལ”དང“མུན”“འོད”དང“གྲིབ་མའི”རྒྱུ་གཉིས་འབྲེལ་བའི་སྟེང་གི་རབ་རིབ་དང་མག་མོག སྣང་ལ་མི་སྣང་བ། ཡོད་ལ་མེད་པ། ཉེ་ལ་རིང་དུ་བྲལ་བའི་འབྲེལ་བ་དང་གཏམ་རྒྱུད་ཅིག་བཤམས་ཡོད་པ་དང་། “གསལ”དང“མུན”གྱི་རང་བཞིན་ལྡན་པའི་གཏམ་རྒྱུད་ཀྱི་ལྟོས་ཟླར་གྱུར་བའི་མི་སྣ་སྟེ་མངོན་སུམ་དུ་སྣང་བའི“ང”དང་། རབ་རིབ་ཏུ་གབ་པའི“འུག་པ”སྟེ་འུག་པ་ནི་མཚན་མོ་ལས་མི་མངོན་པས་འཕྲོས་བསྟན་མཚན་མོ་རུ་གྱུར་པ་དང་། མཚན་མོ་ནི་མི་གསལ་བའམ་མག་མོག རབ་རིབ་ཡིན་རྐྱེན“འུག་པ”ཞེས་པའི་མི་སྣ་འདིའི་མག་མོག་གི་རང་བཞིན་དེ་མིང་གི་འཕྲོས་བསྟན་གྱི་ལམ་ནས་ཕྱི་དོན་དང་ནང་བཅུད་ཀྱི་བརྩེ་བ་གཉིས་དམ་དུ་སྦྲེལ་འདུག དཔེར་ན“‘དེ་རིང་ཕྱི་དྲོར། ངས་ཡང་བསྐྱར་ཁྱོད་རང་མཆོད་རྟེན་དཀར་པོའི་མཐའ་ནས་ཕྱིར་ལོག་པ་མཐོང’ཞེས་བཤད་ཚར་མ་ཐག་ངས་མི་དེའི་ངོ་གདོང་གང་ཡང་འཛིན་པར་བརྩམས་མོད། ངའི་མཐོང་ལམ་དུ་མངོན་པ་ནི་སྒེའུ་ཁུང་གི་ཕྱི་རུ་གནས་པའི་གྲིབ་མ་ཞིག་རེད། ངས་དེ་གའི་ཕྱོགས་སུ་ལག་པ་བསྲིངས་ཀྱང་དེའི་མུར་གྱང་ལ་ཐོགས་ཏེ་ལམ་སང་གཉིད་ལས་སད། ངས་མིག་ཕྱེ་བ་དང་གྲིབ་མ་དེ་ཡང་ཞོགས་པ་དེའི་ཁྱིམ་མཚེས་ཀྱི་རྒྱབ་གཟུགས་ནང་བཞིན་མག་མོག་ཏུ་གྱུར་ཅིང་། ཁང་པའི་དཀར་ཆ་དང་མཉམ་དུ་ཡུན་གྱིས་ཅི་ཡང་འཛིན་དུ་མེད་པ་ཞིག་ཏུ་གྱུར།”ཡང“ཟླ་བ་དེ་མཐོང་ཐེངས་རེར་ངས་ཡང་བསྐྱར་ངའི་དྲན་པའི་ངོས་ཀྱི་གྲིབ་མ་དེ་དང་གསང་བའི་ཁྱིམ་མཚེས་གང་ཡང་མཐོང་འོངས་པས། ང་མཚམས་རེར་ཁོ་ལ་མཚར་སྣང་སྐྱེས་ཤིང་ཡང་ལན་རེར་འཚིག་པ་ཟ་འོང་། ཁོ་ནི་ཅིའི་ཕྱིར་སྐད་ཆ་ལབ་རྒྱུར་མི་དགའ་བ་ཡིན་ནམ། གལ་སྲིད། ཞོགས་པ་དེར་ཁོས་ང་ལ་སྐད་ཆ་གང་རུང་ཞིག་བཤད་ཡོད་ཚེ། ངེད་གཉིས་ཀྱི་འབྲེལ་བ་ཡང་གནས་བབ་འདི་ལྟ་བུ་ཞིག་ཡེ་ནས་ཡིན་མི་སྲིད་སྙམ།”ཞེས“ང”དང“འུག་པ”“གསང་བའི་ཁྱིམ་མཚེས”བཅས་བར་གྱི་མག་མོག་གི་འབྲེལ་བ་དེ“གསལ”དང“མུན”གྱི་རྒྱུན་ཐག་གཉིས་ཀྱི་ལམ་ནས་གཏམ་རྒྱུད་ཀྱི་བྱུང་རིམ་སྔོན་དུ་འདེད་ཀྱིན་འདུག བྱ་དགའ་ཐོབ་པའི་བརྩམས་ཆོས《འཚོལ》ཞེས་པ་ཡང“གསལ”དང“མུན”གྱི་རྒྱུད་ཐག་གི་སྟེང་ནས་མི་སྣའི་བར་གྱི་འབྲེལ་བ་བརྗོད་པ་ཞིག་ཡིན་ཏེ། དཔེར་ན“བཞོ་དབྱངས་ནི་སུ་ཞིག་ཡིན་ནམ། བུ་ཞིག་ཡིན་ནམ་བུ་མོ་ཞིག་ཡིན། 

སྐད་འཕྲིན་དུ་བཤད་པ་ལྟར་ངའི་ཀློག་པ་པོ་ཞིག་ཡིན་ནམ། ང་ལ་བསླུ་བྲིད་ཀྱི་ལྕགས་ཀྱུ་དྲངས་ནས་ཅི་ཞིག་འཐོབ་ན་འདོད་པའི་དྲ་འབུ་གྱ་མ་གྱུ་ཞིག་ཡིན། ཡང་ན་མདོ་མེད་དུ་འཁྱམས་པའི་ཡུལ་གྱར་པ་ཞིག་གིས་སྟོང་གཏམ་སྤྲོས་པ་ཡིན་ནམ། དོན་དུ་བཞོ་དབྱངས་ཞེས་པའི་དྲ་འབུ་འདི་སུ་ཡིན་ནམ། དྲ་འབུ་འདིས་འདི་ལྟར་ང་ལ་འབྲེལ་བ་ནི་དམིགས་བསལ་གྱི་དོན་དག་ཅིག་ཡོད་ངེས། བློ་ཐུབ་ཀྱིས་དེ་ལྟར་དྲན་བཞིན་སྨག་ནག་གི་མཚན་གཞུང་དེ་བསམ་གཞིག་ཁོ་ནས་བསྐྱལ”ཞེས་པས་བློ་ཐུབ་ལ་མཚོན་ན་བཞོ་དབྱངས་ཞེས་པ་ནི་ཆ་རྒྱུས་ཅི་ཡང་མེད་པའི་མག་མོག་དང་རབ་རིབ། “མུན”པའི་རང་བཞིན་གྱི་མི་སྣ་ཞིག་ཡིན་མོད“‘ངའི་ན་ཚོད་ཁྱོད་ལས་ལྡབ་གཅིག་ཆེ་ངེས’ཞེས་བཤད། བཞོ་དབྱངས་ཀྱིས་དེ་མ་ཐག‘དེ་ངས་སྔ་མོ་ནས་ཤེས། ’‘ང་ནི་བཟའ་ཚང་འཁོར་བཅས་ཀྱི་དུད་རྒན་གྱི་བདག་པོ་ཡིན།’‘དེ་ཡང་ངས་སྔར་ནས་ཤེས། ངས་ཁྱོད་ཀྱི་ཡོད་ཚད་རྒྱུས་ལོན་བྱས་ཟིན། ཡིན་ནའང་ཁྱོད་ནི་ནམ་ཡང་ངའི་ཕོ་ལྷ་ཡིན།’‘ཁྱོད་རང་ར་བཟི་མེད་དམ། ཁྱོད་ཀྱི་སྐད་ཆ་འདི་དག་ངས་ཇི་ལྟར་དང་ལེན་བྱེད་དགོས་སམ།’‘ང་གཏན་ནས་བཟི་མེད། སྐད་ཆ་འདི་དག་ཁྱོད་ཀྱིས་སྙན་ངག་བྲིས་པ་ལྟར་དང་ལེན་བྱོས། འདི་ནི་ངས་ཁྱོད་རང་འཚོལ་དོན་ངོ་མ་དེ་ཡིན’ཞེས་བཞོ་དབྱངས་ཀྱིས་སྐད་ཆ་གཅིག་འཕྲོར་གཅིག་ཡི་གེར་ཕབ་སྟེ་བཏང་།” ཞེས་ཁ་བརྡའི་ནང་དོན་ལ་གཞིགས་ན་བཞོ་དབྱངས་ལ་མཚོན་ན་བློ་ཐུབ་ནི་ཧ་ཅང་རྒྱུས་མངའ་ལྡན་པའི་མི་སྣ་ཞིག་ཡིན་པར་སྣང་སྟེ། “གསལ”བའི་རང་བཞིན་གྱི་མི་སྣ་ཞིག་ཏུ་གྲུབ་འདུག གོང་གི་དཔེ་རིས་ལས《གྲིབ་མ》རུ་མཚོན་པའི་སྡོད་ཁང་དང《འཚོལ》དུ་མཚོན་པའི་མི་བོར་འཚོལ་ཡིག་དེ་གཉིས་ནི་དོན་དམ་དུ་རྩོམ་ཆོས་ཁྲོད་ཀྱི“གསལ”དང“མུན”གྱི་སྐུད་སྣེ་གཉིས་ཀྱི་སྣོལ་ཚེག་ཏུ་གྱུར་ཡོད་པ་དང་། སྣོལ་ཚེག་འདི་བརྒྱུད་ནས“ང”དང“འུག་པ” “ང”དང“གསང་བའི་ཁྱིམ་མཚེས” “འུག་པ”དང“གསང་བའི་ཁྱིམ་མཚེས”བར་གྱི་རབ་རིབ་དང་མག་མོག་གི་འབྲེལ་བ། “བློ་ཐུབ”དང“བཞོ་དབྱངས”གཉིས་ལ་མཚོན་ནའང “བཞོ་དབྱངས”ཀྱིས་ཀྱང་དུས་ཡུན་རིང་པོར“བློ་ཐུབ”བཙལ་བ་ནི་དོན་དུ་འཚོལ་ཡིག་ཅིག་ལ་ལྟ་རུང་བ་དང་། “བློ་ཐུབ”ཀྱིས་འཚོལ་ཡིག་བརྒྱུད་དེ“བཞོ་དབྱངས”ལ་འཆར་ཡན་བྱས་པ་དང་། “བཞོ་དབྱངས”ཀྱིས་འཚོལ་ཡིག་བརྒྱུད་དེ“བློ་ཐུབ”ལ་རྒྱུས་ལོན་བྱས་པ་ཡིན།

གཉིས། ཕྱི་དོན་དང་ནང་བཅུད་ཀྱི་འབྲེལ་བའི“འགུལ”དང“འཇགས།”

འགུལ་དང་འཇགས་ནི་མིའི་རིགས་ཀྱི་ནང་བཅུད་ཀྱི་སེམས་པའི་བྱེད་སྒོའི་རྣམ་པ་གཉིས་ཡིན་པ་དང་། ཕྱི་དོན་གྱི་འགུལ་དང་འཇགས་ནི་རང་བྱུང་ཚན་རིག་གི་ངོས་ཐད་ཀྱི་དངོས་པོའི་དངོས་ལུགས་འགུལ་སྐྱོད་ཀྱི་རྣམ་པའི་རིགས་ཤིག་ཡིན། རྩོམ་རིག་གི་ངོས་ཐད་ནས་བཤད་ན་ནང་སེམས་ཀྱི་རྣམ་པ་དང་། ནང་སེམས་ཀྱི་ཞིབ་འབྲི་ནི་དོན་དུ“འགུལ”དང“འཇགས”ཀྱི་རྣམ་པ་འབྲི་བ་ཡིན། བྱ་དགའ་ཐོབ་པའི་བརྩམས་ཆོས《རླུང་ཡིན་ན་བསམས་བྱུང》ཞེས་པ་རུ་མི་སྣའི་ནང་སེམས་ཀྱི་རྣམ་པ་འགུལ་དང་འཇགས་ཀྱི་སྟེང་ནས་བྲིས་པ་མ་ཟད། མིའི་ནང་སེམས་ཀྱི་འགུལ་དང་འཇགས་དེ་ཕྱི་དོན་གྱི་དངོས་པོའི“འགུལ”དང“འཇགས”ཟུང་དུ་སྦྲེལ་ནས་བརྩམས་ཆོས་ཀྱི་བྱུང་རིམ་སྤེལ་ཡོད་པས་ན་དེང་རབས་ཕྱི་མ་རིང་ལུགས་ཀྱི་འབྲི་ལུགས་དང་ལེན་དང་སློབ་སྦྱོང་བྱེད་བཞིན་ཡོད་པ་ཤེས་ཐུབ། འདི་རིགས་ཀྱི་འབྲི་ལུགས་ནི་ཕྱི་དོན་གྱི་ལྗོངས་རྣམ་དང་ཁོར་ཡུག བྱ་དངོས་དག་བརྩམས་ཆོས་ཁྲོད་ཀྱི་མི་སྣའི་ནང་སེམས་དང་ཡོངས་སུ་གཅིག་ཏུ་བསྲེས་ཡོད་པ་ཡིན། མིའི་ནང་སེམས་ཀྱི་འགྱུར་བ་དང་བསྟུན་ནས་ཕྱིའི་ཁོར་ཡུག་འབྲི་བ་དང་། ཕྱིའི་ཁོར་ཡུག་གི་བརྗེ་སྤོར་དང་བསྟུན་ནས་མིའི་ནང་སེམས་ཀྱི་འགུལ་འཇགས་མཚོན་པ་རེད། དཔེར་ན“ཁོ་གཉིས་འཕྲུལ་རྟའི་སྦག་སྒྲ་དང་ལྷན་དུ་ལམ་ལ་ཆས། རླུང་ཡང་ཁོ་གཉིས་དང་ལྷན་དུ་ལམ་ལ་ཆས། འཕྲུལ་རྟའི་རྭ་ཐོག་གི་མེ་ལོང་གྲུ་བཞི་ལས་མགོ་དཀྲིས་གློ་ཁ་ཞིག་གི་སྣེ་མོ་ལྷབ་ལྷུབ་འགུལ་བ་ན། སྤང་དཀྱིལ་གྱི་རྫོང་མཁར་ཆུང་ཆུང་སྨུག་པ་དང་ལྷན་དུ་རྒྱབ་ལ་བཞུར། ལམ་འགྲམ་གྱི་ལྕགས་དྲ་གྲུ་བཞི་དང་ལྕགས་སྡོང་ཐར་ཐོར་ཡང་རྒྱབ་ལ་བཞུར།བར་སྣང་གི་སྤྲིན་པ་དཀར་པོ་དང་བསིལ་རླུང་འཇམ་པོ་ཡང་རྒྱབ་ལ་བཞུར།ཁོས་ལྷ་སྐྱིད་ཀྱི་མིག་མདངས་ཁོ་ན་གང་ལའང་མ་བཞུར་བར་རྒྱང་ལ་ཅེར་འདུག་པ་ཡང་ཡང་མཐོང་།”ཚན་པ་འདིའི་ཁྲོད་དུ་འགུལ་རྣམ་གྱི་ཚིག་འགའི་སྤྲོས་བརྗོད་སྤེལ་མར་མཐུད་ཡོད་དེ།“ལམ་ལ་ཆས”ཞེས་པ་དང“ལྷབ་ལྷུབ་འགུལ”“ རྒྱབ་ལ་བཞུར”ཞེས་པའི་ཚིག་དག་གིས་མཚོན་པའི་འགུལ་རྣམ་དང་། དེ་དག་གི་ལྟོས་ཟླར་གྱུར་བའི་འཇགས་རྣམ་དུ“རྒྱང་ལ་ཅེར་འདུག”ཅེས་པས་ཕྱིའི་ཁོར་ཡུག་གི“འགུལ”དང་མི་སྣའི་བྱད་གཟུགས་དང་ནང་སེམས་ཀྱི“འཇགས”གཉིས་ཟུང་འབྲེལ་གྱིས་དོན་བརྗོད་བྱས་ཡོད་པ་དང་། དེ་བཞིན“རླུང་གི་བཞུར་སྒྲ་དྲན་པར་འཇགས་ཤིང་། འཕྲུལ་རྟའི་སྦག་སྒྲ་རླུང་ལ་སིམ། ཚེ་བརྟན་དང་ལྷ་སྐྱིད་ཀྱི་གཟུགས་བརྙན་ཇེ་ཆུང་ནས་ཇེ་ཆུང་། གྲིབ་མ་རིང་མོ་དང་གཟུགས་བརྙན་ཆུང་ཆུང་ཞིག་དལ་བུར་འདྲེས། སྣུམ་ལམ་གྱི་གྱ་གྱུས་ཁུར་བའི་ནག་ཐིག་ཅིག་དལ་བ་དལ་བུར་འགུལ། རི་འདབས་ཀྱི་སྤང་ཐང་ནི་རྒྱང་ལ་བརྐྱངས་ཤིང་ཡངས་ཤིང་ཆེ་ལ།རྒྱང་རིང་གི་གནམ་སའི་མཚམས་ནས་སླར་ཡང་རི་འདབས་གཞན་ཞིག་ལ་འདྲེས། སྤྲིན་དཀར་གྱི་ཚོམ་བུ་གནམ་མཐའ་ནས་འཕགས། ནོར་ལུག་གི་ཕྲ་རྒྱན་ཐང་དཀྱིལ་ལ་ཐོར། རི་སྐེད་ཀྱི་སྨུག་པ་རི་མགོ་རུ་ལངས་ཤིང་། རྩྭ་གསེང་གི་ལྗང་མདོག་རྩྭ་ཁ་ལ་མངོན། ད་ནི་དབྱར་ཕ་མ་འདྲ་བོ་བསླེབ་ལ་ཉེ།”ཚན་པ་འདིའི་ཁྲོད་ཀྱི་འགུལ་རྣམ་ནི“དལ་བུར་འདྲེས”“ དལ་བུར་འགུལ”ཞེས་པ་དང་། དེ་བཞིན“འདྲེས”“ འཕགས”“ ཐོར”“ ལངས” བཅས་བྱ་བྱེད་སྟོན་པའི་ལས་ཚིག་མང་པོ་ཞིག་གིས་མཚོན་པ་དང་། དེ་དག་གི་ལྟོས་ཟླར“དྲན་པར་འཇགས”ཞེས་རླུང་གི་བཞུར་སྒྲ་དེ་དྲན་པའི་ཁྲོད་དུ་འཇགས་རྣམ་དུ་གནས་པ་དང་། “རང་རང་གི་མཐོང་སྣང་ལ་གཡེང་བའི་སེམས་པ་ཟུང་ནི་རླུང་གིས་གསེད་པའི་བལ་དཀར་ཕོན་པོ་གཉིས་ལྟར་གྲག་མེད་འགུལ་མེད་ངང་རླུང་ལ་རོལ”ཞེས་པས་སེམས་ནི་བལ་དཀར་ཀྱི་གཟུགས་སུ་བཀོད་པ་དང་། བལ་དཀར་རླུང་གི་ཁྲོད་དུ་འགུལ་མེད་དུ་གནས་པ་དེས་མི་སྣའི་ནང་སེམས་གཡོ་བ་མེད་པར་འཇགས་རྣམ་དུ་གནས་པ་བསྟན་པ་དང་། “འཕྲུལ་རྟའི་འགྲོས་ནི་བཞུར་རྒྱུན་འཇགས་པའི་ཆུ་བོ་ཞིག་ལྟར་བསིལ་འཇམ་གྱི་རླུང་བུ་ཤུར་ཤུར་ལ་འདྲེས”“ འགྲུལ་འཁོར་གྱིས་ཤུར་ཤུར་གྱི་རླུང་བུ་ཁྲིད་ནས་རྒྱང་ལ་ཆས་ཚུལ་གྱིས་མཐའ་འཁོར་གྱི་ལྷིང་འཇགས་དལ་བུར་བསྒུལ་བ་ནི་རླབས་སྒྲ་ཞིག་ཡུན་གྱིས་འཇགས་པ་དང་ཧ་ཅང་འདྲ”ཞེས་པའི་ཁྲོད་ཀྱི“བཞུར་རྒྱུན་འཇགས་པའི་ཆུ་བོ་རླུང་བུ་ཤུར་ཤུར་ལ་འདྲེས” ཞེས་པ་དང“ལྷིང་འཇགས་དལ་བུར་བསྒུལ་བ་ནི་རླབས་སྒྲ་ཞིག་ཡུན་གྱིས་འཇགས་པ་དང་ཧ་ཅང་འདྲ”བར་འཇགས་པ་ནི་འདྲེས་པ་དང་འདྲ་བར་བཤད་པ་དང་། བསྒུལ་བ་ནི་འཇགས་པ་དང་འདྲ་བར་བཤད་པས“འགུལ”དང“འཇགས”ཀྱི་ངོ་བོ་གཅིག་ཏུ་བསྲེས་འདུག ཡང“ཁོས་འཕྲུལ་རྟའི་འཁོར་ལོ་བསྒགས་ནས་ཏན་སེ་བསྡད། རླུང་ཡང་ཏན་སེ་བསྡད་བྱུང་། སྒྲ་ཡང་འཇགས་པར་གྱུར”ཞེས་པ་དང“ཁོ་གཉིས་ཁ་རོག་གེར་འཕྲུལ་རྟའི་སྦག་སྒྲ་དང་ལྷན་དུ་ལམ་ལ་ཆས། རླུང་ཡང་ལམ་ལ་ཆས”ཞེས་པའི་ཚིག་རྐང་གཉིས་ཀྱིས“འགུལ”དང“འཇགས”ཀྱི་རྣམ་པ་གཉིས་ལྟོས་ཟླར་སྤྲོས་བརྗོད་བྱས་པས། བརྩམས་སྒྲུང་གི་དོན་བརྗོད་ཧྲིལ་པོར“འགུལ”དང“འཇགས”སྤེལ་མར་མཚོན་པ་དང་གཅིག་ཏུ་ཡང་བསྲེས་འདུག དེ་ནི“འགུལ”དང“འཇགས”ཀྱི་རྣམ་པ་གཅིག་པུ་ཙམ་མཚོན་ཆེད་མ་ཡིན་པར་མི་སྣའི་ནང་སེམས་ཀྱི་གཏིང་རིམ་སློག་ཆེད་དམིགས་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཡིན་ལ། རྩོམ་རིག་རང་སྟེང་ནས་བརྩམས་སྒྲུང་གསར་པའི་དོན་བརྗོད་བྱེད་སྟངས་དམིགས་བསལ་བ་ཡིན།

གསུམ་པ། མི་གཤིས་ཀྱི་བརྡབ་གསིག་ལས་བསྐྱེད་པའི་མཚན་ཉིད་རིག་པའི་མཛེས་དཔྱོད།

བྱ་དགའ་ཐོབ་པའི་བརྩམས་ཆོས་དག་གུང་བསྒྲིགས་ནས་དཔྱད་ན་ཐུན་མོང་དུ་མངའ་བའི་ཁྱད་ཆོས་ནི་མི་སྣའི་བར་གྱི་བརྩེ་བ་བརྗོད་བྱ་བྱས་པ་བརྒྱུད་དེ་མི་གཤིས་ཀྱི་ཟབ་ས་རུ་དཔུང་འཇུག་བྱེད་པའི་དོན་བརྗོད་རྣམ་པ་ཞིག་ཡིན། བྱ་དགའ་ཐོབ་པའི་བརྩམས་ཆོས《འཚོལ》དང《གྲིབ་མ》རུ་མིའི་རིགས་ཀྱི་གཉུག་གཤིས་སུ་གྲུབ་པའི་བརྩེ་བ་དང་དུག་གསུམ་གྱི་ཆ་དེ་གསལ་རྗེན་དུ་བཏང་ཡོད་པར་འདོད་དེ། “འུག་པ”དང“བཞོ་དབྱངས”གཉིས་ལ་ལྷད་མེད་པའི་བརྩེ་བ་ཞིག་ལྡན་པ་དང་།“ང”དང“བློ་ཐུབ”ལ་མཚོན་ན་བརྩེ་བ་འདིའི་ཁྲོད་ནས་སེམས་ཀྱི་སྒོ་མོ་འབྱེད་ཐུབ་ལ་མི་ཐུབ་པའི་བར་ནས་མ་རིག་པའི་དུག་གསུམ་གྱི་རྒྱུ་རུ་བསྐྱེད་པ་ཡིན་པས། བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་གཉིས་གཉིས་ནི་དོན་དུ་མི་གཅིག་གི་མིའི་རིགས་ཐུན་མོང་ལ་གནས་པའི་གཉུག་གཤིས་ཤིག་སྔོག་འདོན་བྱས་ཡོད་དེ། མི་ཞིག་གི་སེམས་ན་གནས་པའི་བརྩེ་བའི་ཆ་དང་། འདོད་ཆགས། ཞེ་སྡང་། གཏི་མུག་གི་ཆ་དེ་ཡང་ཡིན། བྱ་དགའ་ཐོབ་པའི་བརྩམས་ཆོས《རླུང་ཡིན་ན་ཅི་མ་རུང》དང《ཨང་གྲངས་སོ་བཞི》《མིག་ཆུ་ནི་མར་མི་ལྷུང་བར་ཡར་ལྡིང་བའི་སྐབས་ཤིག་ལ》ཞེས་པ་གསུམ་དུ་བརྩེ་དུང་གི་ཐོབ་ཤོར་དང་འདོད་རྔམ་སོགས་གཞི་གཅིག་ཏུ་བསྲེས་ནས་མི་གཤིས་སུ་བག་ལ་ཉལ་བའི་མཚན་ཉིད་རིག་པའི་གནད་དོན་ཞིག་གསལ་རྗེན་དུ་བཏང་བ་དང་། བྱ་དགའ་ཐོབ་པའི་བརྩམས་ཆོས《ང་ས་འོག་ནས་སྐྱེས་པ་མིན》ཞེས་པ་གཉིས་ནི“འཚོལ”བའི་གནད་དོན་བརྗོད་སྙིང་དུ་གྱུར་བའི་བརྩམས་ཆོས་ཤིག་ཡིན་ཏེ། རང་གི་ཨ་ཕ་བཙལ་བའི་བརྒྱུད་རིམ་ནི་དོན་དུ“ང་གང་ནས་འོངས”ཞེས་པའི་གནད་དོན་གྱི་འདྲི་རྩད་ཡིན། དཔེར་ན“ངས་རང་གི་རྔ་མ་གསུམ་རྗེས་སུ་ཁྲིད་ནས་སློབ་གྲྭར་འགྲོ་དུས་རྟག་པར་ཡ་མཚན་ཆེན་པོ་སྐྱེ་བཞིན་ཡོད། དེ་ནི་ཁྱི་མོ་དཀར་མོའི་ཁྱི་ཕྲུག་རྒྱ་དམར་དེ་རེད། ཁྱི་མོ་སྤུ་ཁ་ནག་པོ་ཞིག་ལ་ཁྱི་ཕྲུག་སྤུ་ཁ་རྒྱ་དམར་ཞིག་ཇི་ལྟར་སྐྱེས་པ་ཡིན་ནམ”ཞེས་པ་ལྟར་ཁྱི་ཕྲུག་རྒྱ་དམར་གྱི་ཨ་ཕ་བཙལ་བ་དང“ངའི”ཨ་ཕ་བཙལ་བ་གཉིས་གཞི་གཅིག་གི་སྟེང་ནས་དོན་དུ“ང་གང་ནས་འོངས”པ་ཡིན་པ་བཙལ་བ་དེ་ཡིན། “ང་གང་ནས་འོངས”ཞེས་པ་ནི་གནའ་བོའི་ཀེ་རུ་སིའི་མཚན་ཉིད་རིག་པ་མཁས་ཅན་སོའུ་ཀུ་ར་དྷེས་བཏོན་པའི་མཚན་ཉིད་རིག་པའི་རྩ་བའི་གནད་དོན་གསུམ་གྱི་ཡ་གྱལ་ཡིན་པ་དང་། བྱ་དགའ་ཐོབ་པའི་བརྩམས་ཆོས《ང་ས་འོག་ནས་སྐྱེས་པ་མིན》ཞེས་པ་ནི་དོན་དུ་མིའི་རིགས་ཀྱི་ཐོབ་ཐང་དང་རྩ་བའི་གནད་དོན་ཐད་དུ་བཏོན་པའི་འདྲི་ཚིག་དང་མཐའ་སྡོམ་ཞིག་ཡིན།

མཇུག་སྡོམ།

རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པའི་སྟེང་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་དཔེ་བྱས་ཏེ། དུས་སྐབས་གསར་པའི་བོད་ཀྱི་ན་གཞོན་དག་གི་གསར་རྩོམ་ལ་འཇུག་ལུགས་སྐོར་ནས་རྩོམ་རིག་གཞུང་ལུགས་དང་། རྩོམ་རིག་ལོ་རྒྱུས། སྐད་བརྡ་རིག་པ་དང་། དོན་བརྗོད་རིག་པ་སོགས་རིག་ཚན་མང་པོའི་མཐོང་སྣེ་ནས་རིག་གཞུང་གི་བསམ་གཞིག་དང་། དུས་སྐབས་གསར་པའི་བོད་ཀྱི་ན་གཞོན་དག་གི་གསར་རྩོམ་གྱི་རྣམ་པ་དང་། སྒྱུ་རྩལ་གྱི་ཐབས་ཤེས། གཏམ་རྒྱུད་ཀྱི་ས་བོན། འཚོ་བའི་ཉམས་མྱོང་། མི་གཤིས་ཀྱི་རྟོག་འཇུག་སོགས་ཀྱི་ཐད་ནས་དཔྱད་ན་རེབ་སྔོན་མ་དག་དང་འདྲ་བའི་ཆ་ཡོད་ལ། དེའི་རྨང་གཞིའི་སྟེང་ནས་ཚིག་གི་རྗོད་པ་དང་།སྤྲོས་བརྗོད་ཀྱི་དབྱངས་འགྲོས། དོན་བརྗོད་ཀྱི་སྒྲིག་གཞི། ད་དུང་བརྩམས་སྒྲུང་དང་རྩོམ་ལུས་གཞན་པའི་བར་གྱི་འབྲེལ་བ་དམ་དུ་བཟུང་བ་དང་། རྩོམ་ལུས་དབྱེ་བའི་བཀག་རྒྱ་སོགས་ཀྱི་ཐད་ནས་ཐོད་བརྒལ་ཡང་བྱུང་ཡོད་པར་འདོད་དེ། དཔེར་ན་དོན་བརྗོད་ཀྱི་སྒྲིག་གཞིའི་སྟེང་ནས“གསལ”དང“མུན”གྱི་རི་མོ་འབྲི་རྩོམ་གྱི་ཐབས་ཤེས་རྩོམ་རིག་གསར་རྩོམ་དུ་བཀོལ་བའི་རིགས་དང་། སྐད་ཆའི་ཐད་ནས“སྙན་ངག་རང་བཞིན་གྱི་བརྩམས་སྒྲུང”སྟེ་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་སོགས་རྩོམ་ལུས་མི་འདྲ་བ་གཞི་གཅིག་ཏུ་བསྲེས་ནས་མཛེས་ཚོར་ཁྱད་པར་བ་ལེན་པ། རེབ་སྔོན་མའི་བྱ་དགའ་ཐོབ་པའི་བརྩམས་ཆོས་སུ“གང་དུ་འགྲོ”ཞེས་པའི་མཚན་ཉིད་རིག་པའི་གནད་དོན་གྱི་རྩད་ཞིབ་བྱས་ཡོད་པ་ལ། ཐེངས་འདིར“གང་ནས་འོངས”ཞེས་པའི་མཚན་ཉིད་རིག་པའི་རྩ་བའི་གནད་དོན་ལ་རྩད་ཞིབ་བྱས་པ་སོགས་ཀྱི་སྟེང་ནས་དུས་སྐབས་གསར་པའི་ན་གཞོན་གསར་རྩོམ་པ་དག་གིས་ཀྲུང་གོ་དང་འཛམ་གླིང་རྩོམ་རིག་གི་གྲུབ་མཐའ་དང་། སྒྱུ་རྩལ་གྱི་ཐབས་ལམ་གསར་པ། གཏམ་རྒྱུད་གསར་པར་འབད་བཞིན་པ་ཚོར་ཐུབ། དེ་བཞིན་རེབ་འདིར་དུས་སྐབས་གསར་པའི་དྲ་རྒྱའི་དུས་རབས་སུ་བརྩམས་ཆོས་ཁྲོད་དུའང་དྲ་རྒྱའི་ཐ་སྙད་དང་། དྲ་རྒྱའི་ཡོ་བྱད་སོགས་བྱུང་ཡོད་པ་དང་། དཔེར་ན་མི་སྣའི་ཁ་བརྡ་སོགས་དྲ་རྒྱའི་ལམ་ནས་བྱས་པ་ལ་མི་སྣ་ངོ་འཕྲད་ཀྱིས་ཁ་བརྡ་བྱེད་པ་དང་བསྡུར་ན་ཁྱད་ཆོས་དམིགས་བསལ་བ་ལྡན་པ་སོགས་ན་གཞོན་གསར་རྩོམ་པ་རྣམས་གསར་རྩོམ་ལ་འཇུག་ལུགས་ཐད་ལ་མངའ་བའི་ཁྱད་ཆོས་ཡིན་པ་ཞར་བྱུང་དུ་བཀོད་པའོ། །

ཟུར་ལྟའི་དཔྱད་གཞི།

[1]吴晓东:《象征主义与中国现代文学》,合肥:安徽教育出版社,2001年4月第2版。

[2]步吕奈尔、库蒂、赛利埃、特吕菲:《20世纪法国文学史》郑克鲁等译,成都:四川文艺出版社,1991年12月第1版。

[3]王先霈、王又平主编:《文学批评术语词典》,上海文艺出版社,1999年第1版。

[4]J 弗里德曼:《象征主义小说:关于斯曼到马尔罗》,《现代主义》,上海外语教育出版社,1992年6月版。

[5]【英】拉曼·赛尔登:《文学批评理论—从柏拉图到现在》,刘象惠、陈永国等译,北京大学出版社,2000年第1版。

[6]雷淑娟:《文学语言美学修辞》,学林出版社,2004年第1版。

[7]卢慧:《明暗对照法与〈身着狮皮〉的叙事策略》,湖北经济学院学报,2014年12月第12期。

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།