ཀྲུང་གོ་བོད་ཀྱི་དྲ་བ།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་རྒྱལ་པོ་ཇུ་ནང་གཉིས་ཀྱི་མཆོད་ཡོན་འབྲེལ་བའི་དགོས་པར་དཔྱད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཆོད་ཡོན་འབྲེལ་བ་ཞེས་པ་ནི་སྤྱིར་བཏང་དུ་མཆོད་གནས་དང་ཡོན་བདག་བར་གྱི་འབྲེལ་བར་གོ་བ་ཀུན་གྱིས་ཤེས་གསལ་ལྟར་ཡིན་ལ། དེར་འགྲེལ་བཤད་ལྷག་མ་ཞིག་བྱེད་པའི་དགོས་པ་མེད་པར་སྣང་མོད། འོན་ཀྱང་བོད་དང་སོག་པོའི་བར་གྱི་མཆོད་ཡོན་འབྲེལ་བ་ནི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་གི་འོག་བོད་བརྒྱུད་ནང་བསྟན་འབྲེལ་བའི་སྲོག་ཤིང་དུ་བཟུང་སྟེ་ཆོས་སྲིད་ཀྱི་བྱ་འགུལ་སྤེལ་བའི་དམིགས་བསལ་གྱི་འབྲེལ་ལམ་འཛུགས་སྟངས་ཤིག་ཏུ་སྣང་། དེང་གི་རིག་གཞུང་ཞིབ་འཇུག་པའི་སྡེ་རུ་བོད་སོག་གི་མཆོད་ཡོན་འབྲེལ་བའི་ངོ་བོའི་ཐད་དུ་སྤྱིའི་ཆ་ནས་བཞེད་སྟངས་མི་མཐུན་པ་གཉིས་སུ་གྱེས་ཡོད་དེ། ཕྱོགས་གཅིག་ནི་ཆོས་ལུགས་དད་མོས་ཀྱི་ནུས་པ་གཙུག་ཏུ་འཛིན་པ་སྟེ། གཙོ་བོ་བོད་ཡིག་གི་ལོ་རྒྱུས་ཡིག་ཚང་མང་ཆེ་བར་མཆོད་གནས་བླ་མའི་གོ་གནས་འབུར་དུ་ཐོན་པ་བྱས་ཏེ། ཡོན་བདག་ནི་མཆོད་གནས་བླ་མ་ལ་མི་གཡོ་བའི་དད་པ་བརྟན་པོ་དང་བླ་མའི་ཅི་གསུང་བཀའ་བཞིན་སྒྲུབ་མཁན། ཅི་བྱས་དོན་ཐམས་ཅད་བསྟན་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་བསམ་པའི་དམ་པའི་ཆོས་ཀྱི་དོན་འབའ་ཞིག་ཡིན་པས། མཆོད་ཡོན་འབྲེལ་བའི་ངོ་བོ་ནི་བླ་སློབ་འབྲེལ་བ་རྐྱང་པར་ངོས་འཛིན་བྱེད་པ་ཡིན། ཕྱོགས་གཞན་ཞིག་ནི་ཆབ་སྲིད་ཀྱི་དགོས་དབང་ངེས་ཅན་ཞིག་ལ་དམིགས་པར་འདོད་དེ། དེར་ཡོན་བདག་གི་གོ་གནས་འབུར་དུ་བཏོད་དེ། མཆོད་ཡོན་འབྲེལ་བ་ནི་ཆབ་སྲིད་ཀྱི་ཐབས་ཇུས་ཤིག་དང་མཆོད་གནས་ནི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུ་ཞིག་ཡིན་པས། མཆོད་ཡོན་འབྲེལ་བའི་ངོ་བོ་ནི་རྒྱལ་བློན་འབྲེལ་བ་ཞིག་ཏུ་ངོས་འཛིན་བྱེད་པ་རེད། འོ་ན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་རྒྱལ་པོ་ཇུ་ནང་གཉིས་ཀྱི་མཆོད་ཡོན་འབྲེལ་བ་ནི་གོང་དུ་བཤད་པ་གཉིས་ལས་གང་གི་ཆར་གཏོགས་སམ་ཞེ་ན། དེ་གཉིས་ལས་གང་རུང་ཞིག་དང་ཕྱོགས་རེ་བ་ཞིག་མ་ཡིན་པར་འདོད་དེ། དེ་ནི་ཆོས་ལུགས་དད་པ་དང་ཡང་ན་ཆབ་སྲིད་དགོས་པ་གང་རུང་གི་དམིགས་ཡུལ་རྐྱང་པ་ཙམ་མ་ཡིན་པར། ཆོས་ལུགས་དད་པ་དང་སོ་སོའི་སྐབས་དོན་གྱི་བསམ་པའི་དགོས་མཁོ། རིག་གནས་ཁོར་ཡུག ཆབ་སྲིད་དམིགས་ཡུལ་སོགས་རྒྱུ་ཚོགས་དུ་མ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་འདོད།

དེ་བས། དུས་རབས་བཅོ་བརྒྱད་པའི་དུས་མགོར་བྱུང་བའི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་རྒྱལ་པོ་ཇུ་ནང་གཉིས་ཀྱི་མཆོད་ཡོན་འབྲེལ་ལམ་ཚུགས་ཚུལ་དང་དེའི་དགོས་པ་ཤེས་རྟོགས་འབྱུང་བར་ངེས་པར་དུ་སྐབས་དེའི་སྤྱི་ཚོགས་རྒྱབ་ལྗོངས་དང་རིག་གནས་ཁོར་ཡུག ཆོས་སྲིད་ཀྱི་དགོས་མཁོ་སོགས་དང་སྦྲགས་ཏེ་དཔྱད་དགོས་པ་ཤིན་ཏུ་གལ་འགངས་ཆེ་བར་སྣང་།

དང་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་རྒྱལ་པོ་ཇུ་ནང་གཉིས་ངོ་སྤྲོད་མདོར་བསྡུས།

ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ནི1648ལོར་མདོ་སྨད་རྒན་གྱར་སྐུ་འཁྲུངས་པ①དང་། དགུང་ལོ་བཅུ་གསུམ་པར་རབ་ཏུ་བྱུང་། དགུང་ལོ་ཉེར་གཅིག་པར་དབུས་གཙང་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས་ཏེ་གཞུང་ལུགས་རབ་འབྱམས་ལ་སློབ་གཉེར་མཛད། 1700ལོ་སྟེ་དགུང་ལོ་ང་གསུམ་ནས་དགུང་ལོ་དྲུག་ཅུའི་བར་སྒོ་མང་གྲྭ་ཚང་གི་ཁྲི་བ་མཛད། རྒྱལ་པོ་ཇུ་ནང་གིས་མདོ་སྨད་དུ་གདན་ཡང་ཡང་དྲངས་པ་ལྟར1709ལོར་མདོ་སྨད་དུ་ཆིབས་ཁ་བསྒྱུར་ཅིང་། ལོ་དེར་བླ་བྲང་བཀྲ་ཤིས་འཁྱིལ་བའི་དགོན་སྡེ་གསར་བཞེངས་ཀྱི་སྐར་འཛིན་མཛད། གདན་ས་ལོ་བཅུ་གཅིག་ལ་བསྐྱངས་རྗེས1721ལོར་སྐུ་གཤེགས།

རྒྱལ་པོ་ཇུ་ནང་ངམ་ཆིན་ཝང་ཚ་ཧན་བསྟན་འཛིན་ནི་གུ་ཤྲི་ཧན་གྱི་ཡང་ཚ་སྟེ། གུ་ཤྲི་ཧན་གྱི་བུ་ལྔ་པ་ཚེ་རིང་ཡེལ་དུ་ཆིའི་བུ་གཉིས་པ་དར་རྒྱལ་པོ་ཤོག་ཐུའི་བུ་ཡིན་ལ། རྨ་ལྷོ་སོག་པོའི་ཆིན་ཝང་དཔོན་རབས་བཅུ་བྱུང་བའི་དཔོན་རབས་དང་པོ་ཡིན། 1698ལོར་པོ་ཤོག་ཐུ་གཤེགས་རྗེས་ཡབ་ཀྱི་དབང་ཆ་རྒྱུན་འཛིན་བྱས་ཤིང་། 1723ལོར་གོང་མ་ཆན་ལུང་ནས་ཧོ་ཤོད་ཆིན་ཝང་གི་ཐོབ་གནང་།②དེ་ནས་བཟུང་མཚོ་ཁའི་ཧོ་ཤོད་པའི་དབང་འཛིན་པའི་གྲས་སུ་ཆབ་སྲིད་དབང་ཆ་དང་སྙན་གྲགས་ཆེ་ཤོས་སུ་གྱུར། 1735ལོར་སྐུ་གཤེགས་ཤིང་ལོ་སོ་བདུན་ཙམ་ལ་སྲིད་བསྐྱངས། བླ་བྲང་བཀྲ་ཤིས་འཁྱིལ་བའི་དགོན་པ་ཕྱག་འདེབས་སྐབས་ཀྱི་སྦྱིན་བདག་གཙོ་བོ་ཡིན་ལ་དགོན་པ་གསར་བཞེངས་སྐབས་སུ་མི་ཤུགས་དང་རྒྱུ་ཤུགས་གང་མང་བཏོན་ཡོད་པས། ཚད་ངེས་ཅན་ཞིག་གི་ངོས་ནས་རྒྱལ་པོ་ཇུ་ནང་མེད་ན་བླ་བྲང་བཀྲ་ཤིས་འཁྱིལ་བའི་དགོན་པའང་ཡོད་མི་སྲིད་ཅེས་བརྗོད་ནའང་འགལ་བ་མེད་པར་སྣང་།

གཉིས་པ། མཆོད་ཡོན་འབྲེལ་བའི་དགོས་པ།

གཅིག རིག་གནས་ཀྱི་ཁོར་ཡུག

བོད་སོག་མི་རིགས་གཉིས་བར་བོད་བརྒྱུད་ནང་བསྟན་སྲོག་ཤིང་དུ་བྱས་པའི་འབྲེལ་བ་རྒྱུན་རིང་དམ་ཟབ་ཏུ་སྤེལ་ཡོད་པ་དང་། དེ་ལྟ་བུའི་འབྲེལ་བ་འབྱུང་རྐྱེན་ཡང་བོད་སོག་མི་རིགས་གཉིས་ལ་ལོ་རྒྱུས་སྟེང་ཐུན་མོང་གི་ཁྱད་ཆོས་མི་ཉུང་བ་ཞིག་ཡོད་པས་ཡིན་ཏེ། ཡུལ་གྱི་སྒོ་ནས་ཁ་ཆར་བུ་ཡུག་དང་གྲང་ལྷགས་རྒོད་པའི་མཐོ་སྒང་གི་རྩྭ་ཐང་དང་རི་ལུང་ཐང་གསུམ་དུ་གནས་བཅས་ནས་འཚོ་སྡོད་བྱེད་པ་དང་། ཐོན་སྐྱེད་འཚོ་བའི་ཆ་ནས་སྒོ་ཕྱུགས་རྟ་ནོར་ལུག་གསུམ་འཚོ་སྐྱོང་ལ་བརྟེན་ནས་ཟས་སུ་ཤ་དང་འོ་མའི་རིགས་གཙོ་བོར་ལོངས་སུ་སྤྱོད་པ། རྩྭ་ཆུའི་རྗེས་བསྙེགས་ཏེ་གནས་སྤོར་བའི་འབྲོག་པའི་འཚོ་བ་རོལ་བ། རྟ་རྒྱུག་མདའ་འཕེན་དང་རི་དྭགས་རྔོན་པ་སོགས་ལ་དགའ་བ། འདས་པའི་ལོ་རྒྱུས་སུ་རྟ་ཐོག་གི་གཡུལ་འཐབ་ལ་མཁས་པ་དང་རྐུ་འཕྲོག་བཅོམ་གསུམ་གྱི་ལས་ལ་ཡུན་རིང་ཞུགས་མྱོང་བ། མིའི་གཤིས་སྤྱོད་ཀྱི་ཆ་ནས་གཞུང་རྒྱུད་དྲང་ཞིང་སྤྱོད་པ་རྩུབ་ལ་སྤོ་ཐུང་བ། ལོ་རྒྱུས་སྟེང་གཡུལ་གྱི་སྦྱོར་བར་བརྟེན་ནས་མི་གསོད་རྒྱུ་འཕྲོག་དང་། དྲག་ཆས་ལ་བརྟེན་ནས་མི་རིགས་གཞན་པར་དབང་བསྒྱུར་བྱས་མྱོང་བས། དེ་ལྟ་བུའི་ལས་ལ་སྡིག་བཤགས་སྨོན་ལམ་བྱེད་པར། དགེ་སྒྲུབ་སྡིག་སྤོང་དང་ངེས་འབྱུང་གི་སེམས་ཀྱིས་ཀུན་ནས་བསླངས་པའི་བྱམས་དང་སྙིང་རྗེའི་བསམ་བློ་དང་ལྟ་གྲུབ་ཅིག་ཤིན་ཏུ་འཚམ་ཞིང་རན་པར་འགྱུར་བས་ན། སངས་རྒྱས་བསྟན་པའི་དགོངས་པ་དར་ཁྱབ་གཏོང་བར་སྟབས་བདེ་ཞིང་ལས་སླ་པོར་གྱུར་ལ། བོད་དང་སོག་ཡུལ་གྱི་མི་རྣམས་ཀྱི་ཁྲོད་དུ། སྲོག་གཅོད་ཀྱི་ལས་བྱས་པ་རྣམས་ལ་སྡིག་བཤགས་ཀྱི་བསམ་པས་བསྐུལ་བ་དང་། བླ་མ་དང་དགེ་བའི་བཤེས་གཉེན་བསྟེན་འདོད་ཅན་ལ་དད་སེམས་ཀྱིས་བསྐུལ་བ། སྐྱེ་བ་ཕྱི་མའི་དག་ཞིང་ལ་སྨོན་ལམ་གྱིས་བསྐུལ་བ། སེམས་ཅན་གཞན་པའི་སྡུག་བསྔལ་ཚད་མེད་མྱོང་བཞིན་པ་མཐོང་བ་རྣམས་ལ་བྱམས་པ་དང་སྙིང་རྗེའི་བྱང་སེམས་ཀྱིས་བསྐུལ་བ་བཅས་ནི་བོད་སོག་གི་མི་རྣམས་སངས་རྒྱས་བསྟན་པའི་རྗེས་སུ་འཇུག་པ་དང་བླ་མ་དགེ་བའི་བཤེས་གཉེན་བསྟེན་འདོད་ཀྱི་བསམ་པའི་དགོས་མཁོ་ཡིན།

སོག་པོའི་དཔོན་རིགས་དང་སྐུ་དྲག་ཁག་གིས་ཡོན་བདག་བྱས་ཏེ་བོད་ཀྱི་ས་དགེ་བཀའ་རྙིང་གི་བླ་མ་དབུ་བླར་བསྟེན་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་སྒོར་ཞུགས་པ་དང་། དབང་དང་མན་ངག་ཞུས་པ། ལྷ་རྟེན་ཆོས་གསུམ་དང་དགོན་སྡེ་གསར་བཞེངས་ཀྱི་སྦྱིན་བདག་མཛད་པ། ནང་བསྟན་གྱི་རྩ་བའི་གཞུང་ལུགས་སོག་ཡིག་ཏུ་བསྒྱུར་བ་བཅས་ཀྱི་བྱེད་སྒོ་དུས་རབས་བཅུ་གསུམ་པ་ནས་བཟུང་རིམ་བཞིན་སྤེལ་ཡོད་པ་དང་། ལོ་རྒྱུས་སྟེང་གྲགས་ཆེ་བ་དུས་རབས་བཅུ་གསུམ་པ་ནས་བཅུ་བཞི་པའི་སྐབས་ཀྱི་ས་པཎ་ཁུ་དབོན་དང་སོག་པོའི་གོ་ཏན་སེ་ཆེན་གོང་མའི་བར་གྱི་མཆོད་ཡོན་འབྲེལ་བ་དང་། རྒྱལ་དབང་སྐུ་ཕྲེང་གསུམ་པ་བཞི་པ་དང་ཨལ་ཐན་ཧན་བར་གྱི་མཆོད་ཡོན་འབྲེལ་བ། དུས་རབས་བཅུ་དྲུག་པར་རྒྱལ་དབང་ལྔ་པ་དང་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་བར་གྱི་མཆོད་ཡོན་འབྲེལ་བ་བཅས་ཡོད། དེ་བས་སྐབས་འདིར་ནང་བསྟན་རིག་གཞུང་སོག་པོའི་སྤྱི་ཚོགས་ཁྲོད་དར་ཁྱབ་བྱུང་ནས་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད།

གཉིས། ཆོས་སྲིད་ཀྱི་དགོས་མཁོ།

མདོ་སྨད་ལ་བྱང་རྒྱུད་དང་ལྷོ་རྒྱུད་གཉིས་སུ་ཡོད་པ་ལ། སྐབས་དེར་མཚོ་ཁའི་ཐའི་ཇི་བརྒྱད་ཀྱིས་མདོ་སྨད་ས་ཁུལ་གཡས་རུ་གཡོན་རུ་གཉིས་སུ་ཕྱེ་སྟེ། དབྱེ་མཚམས་ནི་ཟི་ལིང་ནས་སྟོང་སྐོར་དགོན་པ་དང་། ཉི་ཟླ་རི་བོ། མཚོ་སྔོན་པོའི་བྱང་ངོས། པ་རོན་གཱན་སོགས་ཀྱིས་བཅད་ཡོད་ཅིང་། དེའི་བྱང་ངོས་རྣམས་གཡོན་རུ་དང་ལྷོ་ངོས་རྣམས་གཡས་རུར་གཏོགས་པ་རེད།③སྐབས་དེར་བྱང་རྒྱུད་དུ་བྱ་ཁྱུང་དང་དགོན་ལུང་། གསེར་ཁོག ཆུ་བཟང་སོགས་བྱང་གི་དགོན་ཆེན་བཞི་གཙོ་བྱས་པའི་དགོན་ཆེ་ཆུང་མང་དུ་ཡོད་པ་ཚང་མ་གཡོན་རུར་གཏོགས། རྒྱལ་པོ་ཇུ་ནང་གི་མངའ་ཁོངས་ཀྱི་ལྷོ་རྒྱུད་ལ་རོང་བོ་དགོན་སོགས་དགོན་སྒྲུབ་སྡེ་རེ་འགའ་མ་གཏོགས་མེད། བོད་སོག་གི་འབངས་སྡེ་ཕལ་ཆེ་བ་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་དང་ཁྱད་པར་དུ་དགེ་ལྡན་བསྟན་པའི་གྲུབ་མཐའ་འཛིན་མཁན་ཡིན། ཆབ་སྲིད་ཀྱི་ཐད་ནས་ཀྱང་གཞུང་ས་དགའ་ལྡན་ཕོ་བྲང་ནས་བཟུང་མདོ་སྟོད་སྨད་ཀྱི་ས་གནས་སྲིད་འཛིན་བར་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཡིན་པས། རྒྱལ་པོ་ཇུ་ནང་གི་ངོས་ནས་བཤད་ན། བོད་སོག་མི་དམངས་ཀྱི་ཁྲོད་དུ་སྙན་གྲགས་དང་གོ་ཐོབ་ཆེ་བའི་སྤྱོད་གྲགས་གཉིས་ལྡན་གྱི་བླ་མ་ཆེན་པོ་ཞིག་བསྟེན་པ་དང་། དགོན་སྡེ་ཆེན་པོ་ཞིག་འཛུགས་རྒྱུ་ནི་རང་ཉིད་ཀྱི་ཆབ་སྲིད་སྟོབས་ཤུགས་དང་སྤྱི་ཚོགས་སྟེང་གི་མཚན་སྙན་ཇེ་མཐོར་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཡིན་ལ། དུས་རབས་བཅོ་བརྒྱད་པའི་དུས་མགོའི་སྤྱི་ཚོགས་སུ་ལྷ་བཟང་ཧན་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཁྲི་སར་བཀོད་པའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་སྟེ། པད་དཀར་འཛིན་པ་ཡེ་ཤེས་རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་གནང་བར་མ་ཟད། ཆིང་གོང་མར་སྙན་ཞུ་ཕུལ་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་འཁྲིད་པར་བརྩམས། དེར་ཆིང་གོང་མ་ཁང་ཞིའི་ཕྱོགས་ནས་རྒྱབ་སྐྱོར་ཐོབ། ཡིན་ནའང་བོད་ཀྱི་དད་ལྡན་མི་སེར་ཕོ་མོ་དང་སེ་འབྲས་དགེ་གསུམ་གྱི་གྲྭ་ཚང་། དགའ་ལྡན་ཕོ་བྲང་གཞུང་ཕྱོགས་དང་བཅས་པའི་མཐོ་རིམ་མི་སྣ་ཁག་དེ་ལ་མོས་མཐུན་རྩ་བ་ནས་མེད་པས། མཐའ་གཅིག་ཏུ་དང་ལེན་མ་བྱས་པར་འགལ་བ་ཛ་དྲག་ཏུ་གྱུར། 

སྐབས་དེར་འབྲས་སྤུངས་དགོན་པའི་སྒོ་མང་གྲྭ་ཚང་གི་མཁན་པོའི་འགན་བཞེས་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པས་ལྷ་བཟང་ཧན་དང་ཆིང་གོང་མའི་བཀའ་ལྟར་བྱེད་དགོས་པར་དགོངས་པ་གདན་ས་གསུམ་གྱི་བླ་གྲྭ་ཡོངས་དང་གཅིག་མཐུན་མ་ཡོང་བས་ཕན་ཚུན་ནང་འགལ་བའི་སྣང་ཚུལ་བྱུང་ཞིང་།④དེ་ལྟར་སེ་འབྲས་དགེ་གསུམ་གྱི་བླ་གྲྭ་རྣམས་དང་ཐུགས་འགལ་བྱུང་བ་དེ་ཁོང་མདོ་ཁམས་ཕྱོགས་སུ་ཆིབས་བསྒྱུར་གནང་བའི་ཐུགས་བཞེད་འཁྲུངས་པའི་རྐྱེན་དུ་བགྲང་ཀྱང་མི་རུང་བ་མེད་སྙམ་པ་ཞིག་འདུག ཀུན་མཁྱེན་འཇམ་དབྱངས་བཞད་པའི་ངོས་ཐད་ནས་བཤད་ན། ཁོང་རང་དང་ཐོག་དགུང་ལོ་ཉེར་གཅིག་སྟེང་དབུས་གཙང་དུ་ཕེབས་པའི་དུས་སུ་ཐོས་བསམ་སྒོམ་གསུམ་མཐར་མ་ཕྱིན་བར་དུ་སྐུ་ཚེ་གང་པོར་ཕྱིར་མདོ་སྨད་དུ་མི་ཡོང་བའི་དམ་བཅས་ཡོད། ཡིན་ནའང་སྐབས་དེར་ཕྱོགས་གཅིག་ནས་དགའ་ལྡན་ཕོ་བྲང་གི་དབང་འཛིན་པའི་ནང་ཁུལ་དུ་འགལ་བ་སྣ་ཚོགས་ཡོད་པ་དང་། སེ་འབྲས་དགེ་གསུམ་གྱི་སེར་མོ་བའི་ཁྲོད་དུའང་གླེང་གཞི་སྣ་ཚོགས་ཡོད་པས་ཐུགས་སུན་བྱུང་བའི་རྒྱུ་མཚན་དང་། ཕྱོགས་གཞན་ཞིག་ནས་རྒྱལ་པོ་ཇུ་ནང་གིས་དགོན་ཆེན་ཞིག་འདེབས་པར་སྦྱིན་བདག་མཛད་པར་ཁས་བླངས་པས། མཆོད་གནས་ཀྱི་ཕྱོགས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བྱང་ནས་བྱང་དུ་སྤེལ་བའི་ཕྱིར་དང་ཡོན་བདག་གི་སྲིད་སྐྱོང་གི་དགོས་པ་གཉིས་མ་གྲོས་གཅིག་མཐུན་བྱུང་ཡོད།

དེ་བས། བོད་སོག་སྤྱི་ཚོགས་སུ་ནང་པའི་བསྟན་པ་ཡུན་རིང་དར་བ་དེ་མི་རྣམས་ཀྱི་བསམ་པའི་རྟེན་གཞི་ཞིག་ཏུ་གྱུར་ཡོད་པ་དང་བླ་དཔོན་ཟུང་དུ་འབྲེལ་བ་ལས་སོ་སོའི་སྲིད་སྐྱོང་ཆོས་སྤེལ་གྱི་དགོས་མཁོ་སྔར་ལས་ལྷག་པར་སྐོང་ཐུབ་པ་སོགས་ཀྱི་རྒྱུ་ཚོགས་དེ་དག་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་རྒྱལ་པོ་ཇུ་ནང་གཉིས་ཀྱི་མཆོད་ཡོན་འབྲེལ་བའི་དགོས་པར་འདོད་ལ། དགོས་པ་དེ་དག་གི་དབང་གིས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་རྒྱལ་པོ་ཇུ་ནང་གཉིས་ཀྱི་མཆོད་ཡོན་ཉི་ཟླ་ཟུང་གི་འབྲེལ་བ་འབྱུང་ཐུབ་པའི་རྨང་གཞི་གྲུབ་བོ། །

ལུང་ཁུངས།

①ཀུན་མཁྱེན་འཇིགས་མེད་དབང་པོ། 《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར》[M]ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས5པ།

②དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན། 《རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པའི་འབབ་སྟེགས》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས184པ།

③ནོར་བུ་བསམ་འཕེལ། 《སྡེ་བ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ》[M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས322པ།

④ཐུགས་སྲས་ངག་དབང་བཀྲ་ཤིས། 《རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀེེ་ཏ་ཀའི་འཕྲེང་བ》 བླ་བྲང་དཔར་མ། ཤོག་ངོས212པ།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།