ཀྲུང་གོ་བོད་ཀྱི་དྲ་བ།

ལོ་གསར་དང་ལོ་སར་ལ་དཔྱད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྒྲོལ་གཡང་རྒྱལ།   སྤེལ་དུས། : 2022-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་གསར་དང་ལོ་སར་ཞེས་པའི་ཡི་གེ་འབྲི་ལུགས་མི་འདྲ་བ་གཉིས་ལ་བསམས་དུས“གནམ་ལོ་གསར་པ་ཟེར་ན་གསར་བྲི་དགོས་པ་དང་ལོ་སར་ཟེར་ན་སར་བྲི་དགོས”ཞེས་པའི་ཟེར་ཚུལ་ཞིག་དྲན་བྱུང་ལ། གསར་ནི་རྙིང་པའི་ལྡོག་ཟླ་ཡིན་པས། ལོ་རྙིང་པ་ཞིག་ཕར་བསྐྱལ་ཅིང་གསར་པ་ཞིག་ཚུར་བསུས་པའི་ཉིན་དང་པོར་ལོ་གསར་ཞེས་འབོད་པ་ནི་དོན་ལ་འབྱོར་བ་ཞིག་ཏུ་འདུག་ལ། ལོ་སར་གྱི་སར་ནི་གསར་གྱི་འབྲི་སྟངས་གཞན་ནམ། ཕོ་སར་དང་མོ་སར། མར་སར་སོགས་བཞིན་སྡེབ་སྦྱོར་དབང་གིས་གས་འཕུལ་གྱི་སྒྲ་ཟུར་ཉམས་པའི་འབྲི་སྟངས་ཤིག་ཡིན་ནམ། དོགས་པ་འདི་ལྟ་བུས་སྣེ་དྲངས་ནས་བོད་ཡིག་གི་མིང་མཛོད་རྣམས་སུ་ཇི་ལྟར་འགྲེལ་ཡོད་པར་བལྟ་དུས། དག་ཡིག་གསར་བསྒྲིགས་དག་བཅོས་མར“སར་བའི་མིང་བསྡུས་པ། ས་ལ་རྣམ་དབྱེ་སྦྱར་བ་སྟེ། སར་བསྡད་ལྟ་བུ། མིང་ཁ་ཤས་ཀྱི་མཐར་སྦྱར་ན་ལོ་ན་ཆུང་བ་མཚོན་ཏེ། ཕོ་སར་མོ་སར་འབྲོང་བྲེ་སར་ལྟ་བུ།”ཞེས་ལོ་སར་གྱི་སར་དེ་གསར་དང་སྦྲེལ་རྒྱུ་ལས་དོན་གཞན་ཡོད་པའི་ཟུར་ཙམ་ཡང་མཐོང་བའི་སྐལ་དུ་མ་གྱུར་ལ། མིང་མཛོད་གཞན་རྣམས་ཀྱང་བརྒྱ་ཁ་གཅིག་གྲགས་སུ་སྣང་ངོ་། །

དང་པོ། ཡིག་ཚང་ཁྲོད་ཀྱི་ལོ་སར་དང་ལོ་གསར།

མིང་དུ་གདགས་པར་ཐོག་མར་གདགས་གཞིའམ་གདགས་བྱའི་ཡུལ་དགོས་ཤིང་། བོད་ཀྱི་ལོ་སར་གྱི་འབྱུང་ཁུངས་ལ་བཤད་རྒྱུན་སྣ་ཚོགས་ཤིག་མཆིས་ཏེ། རྒྱ་གར་ནས་སྟོན་པ་འདས་ནས་ལོ་བདུན་ཅུ་སོང་ཚེ། མུ་སྟེགས་རྫོགས་བྱེད་སོགས་ཀྱིས་འགྲན་བསླངས་པར་རྫུ་འཕྲུལ་གྱིས་ལྡོག་པ་ནི་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཁེལ་སྟབས། དེ་དང་འབྲེལ་ནས་བོད་དུ་ལོ་སར་བྱུང་བར་གྲགས་པ་དང་སྲོང་བཙན་སྐབས་ཐང་གུར་གྱི་ཡུལ་ནས་བོད་དུ་དར་བར་གྲགས་པ། ས་སྐྱའི་སྐབས་བོད་དུ་དར་བར་འདོད་པ་དང་སྤུ་དེ་གུང་རྒྱལ་གྱི་རིང་ལ་བོན་གྱི་ལོ་ཚིགས་བརྩི་སྲོལ་རྒན་མོ་བལ་ཁུར་མའི་ཟླ་རྩིས་དང་འགྲོགས་ནས་བྱུང་བར་འདོད་པ་སོགས་ཡོད་ལ། གང་ལྟར་འདི་ལྟ་བུའི་མིང་གི་གདགས་གཞི་ལ་ཐོག་མར་མིང་གིས་འབོད་དུས་ལོ་གསར་དང་ལོ་སར་གང་གིས་བོས་ཡོད་དམ་བྱ་བའི་དྲི་བ་སྔོན་དུ་བཀོད་ནས་ཡིག་ཚང་རྣམས་སུ་བལྟས་ན། ལོ་གསར་ཞེས་པའི་འབྲི་སྟངས་རྒྱུག་ཆེ་བར་སྣང་ཡང་། དཔལ་བརྩེགས་བོད་ཡིག་དཔེ་རྙིང་སྡུད་སྒྲིག་ཁང་གིས་བསྒྲིགས་པའི་ས་སྐྱ་བཀའ་འབུམ་དཔེ་བསྡུར་མ་དང་ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ་དུ་ལོ་སར་ཞེས་ཀྱང་མང་དུ་འབྱུང་ཞིང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་དུ“མཐའ་ཡི་རྒྱ་དང་གྲུ་གུ་འོག་ཏུ་བཏུལ། ལོ་སར་སྒང་ལ་ལུག་ཤའི་ལག་པ་རློན་པ་བརྩིགས་པ་ལ་འཛེགས་ནས་རྒྱའི་མཁར་ཕབ།”ཅེས་དང་། “དེ་ནས་ཟླ་བ་ཕྱི་མའི་ཡར་ཚེས་གཅིག་ལ་ལོ་གསར་བྱས་པ་ལ། འདི་ལྟར་ན་ཧོར་ཟླ་གཉིས་པ་ལ་དེང་སང་གི་རྒྱའི་ཟླ་བ་དང་པོ་བྱེད་ཡོད་པར་སྣང”ཞེས་ལོ་སར་དང་ལོ་གསར་ཞེས་པའི་འབྲི་སྟངས་གཉིས་པོ་འབྱུང་ཞིང་། རྒྱལ་དབང་ལྔ་པའི་རང་རྣམ་དུ། “ཕྱོགས་མཐའི་ལོ་གསར་གྱི་སྐྱེས་འབུལ་མི་རྣམས་དང་བཅས་པ”ཞེས་ལོ་གསར་ཞེས་པའི་འབྲི་སྟངས་འབྱུང་ངོ་། །

ཡིག་ཚང་ཁྲོད་དུ་ཡི་གེ་འབྲི་ལུགས་མི་འདྲ་བ་འདི་གཉིས་གང་ཡིན་ཡང་ཆེས་སྔ་མོའི་དུས་ཤིག་ནས་ཕྱག་ལེན་དུ་ཡོད་པར་མངོན་མོད། ཡི་གེ་ཚད་ལྡན་བཟོ་བར་དམིགས་ནས་དཔེ་བཤུ་བའི་བརྒྱུད་རིམ་ཁྲོད་གཅིག་གྱུར་བཟོས་ཡོད་ཀྱང་སྲིད་པས་ཧ་ཅང་ཡིད་ཆེས་ཆོག་པའང་མ་ཡིན་པས། ཝང་ཡའོ་ཡི་དཔྱད་རྩོམ་ཕྱོགས་བསྒྲིགས་ཁྲོད་ཀྱི་ལི་ཡུལ་ཁྲམ་བྱང་ངོ་བཤུས་ལས“ལོ་སར་གྱི་ཆང་དང་བག་ཕྱེ”ཞེས་བྱུང་བ་ཧ་ཅང་གལ་ཆེ་བར་སེམས་ཏེ། མ་མཐའ་ཡང་དུས་རབས་དགུ་པའི་སྔོན་དུ་ལོ་སར་ཞེས་པའི་འབྲི་སྟངས་ཡོད་པར་མངོན་ཡང་། འདི་ཙམ་གྱིས་ཡང་དག་པའི་འབྲི་ཚུལ་ནི་གས་འཕུལ་མེད་པའི་ལོ་སར་ཞེས་པ་ཡིན་ཞེས་ཁ་ཚོན་གཅོད་མི་རུང་བས། སྐད་བབ་དངོས་ཀྱི་ཁྲོད་དུ་ལོ་སར་གྱི་སྤྱོད་སྟངས་ཐད་དུ་བལྟ་བར་བྱ།

གཉིས་པ། སྐད་ཆའི་བབ་ལས་ལོ་སར་ལོ་གསར་ལ་བལྟ་བ།

ལོ་སར་དང་ལོ་གསར་ནི་ཡུལ་ཅན་གྱི་འཛིན་སྟངས་སམ་ཟུར་ངོས་མི་འདྲ་བའི་སྒོ་ནས་བཏགས་པའི་མིང་དུ་འདོད་པ་དང་གཅིག །སྡེབ་སྦྱོར་གྱིས་སྒྲར་འཕྲི་སྣོན་བྱུང་བ་མ་གཏོགས་གསར་གྱི་འབྲི་ཚུལ་གཞན་ཡིན་པར་འདོད་པ་དང་གཉིས། གསར་འབྲི་དགོས་པ་ལ་མ་དག་རྒྱུན་འབྱམས་ཀྱི་དབང་གིས་སར་བྲིས་པར་འདོད་པ་དང་གསུམ་བཅས་ནི་ལོ་སར་དང་ལོ་གསར་ཞེས་པའི་ཡི་གེ་གཉིས་ཀྱི་དག་ཆར་བཟུང་བའི་ད་སྔ་ཡན་གྱི་འདོད་ཚུལ་ཡིན་ལ། སྐྱིད་ཀྱི་གནམ་ལོ་གསར་པ་ཞེས་ཁ་སྐད་དུ་རྒྱུན་དུ་འབྱུང་ཞིང་། གས་འཕུལ་ཅན་གྱི་གསར་སྒྲ་འབྱུང་སྐབས་ལོ་གསར་པ་ཞེས་ལོ་ཡིག་ལོགས་སུ་ཡོད་པ་དང་། གསར་དང་པ་གཉིས་ཀྱིས་མིང་གཅིག་གྲུབ་ཡོད་དོ། །སྡེབ་སྦྱོར་གྱིས་གསར་ལ་སར་སྒྲ་འབྱུང་བ་ཕོ་གསར་དང་མོ་གསར། མར་གསར་སོགས་ལ་རིམ་པར་ཕོ་སར་དང་མོ་སར། མར་སར་ལྟ་བུ་ལས་ཤེས་ནུས་ཤིང་། འདི་དག་ལ་གསར་སྒྲ་མི་འབྱུང་བར་སར་སྒྲ་འབྱུང་བར་རིགས་འགྲེས་ཀྱི་ལོ་སར་གྱི་སར་ནི་གསར་ཡིན་པར་གོ་མི་རིགས་ཏེ། ལོ་གསར་ནི“དངོས་པོའི་མིང+ཁྱད་ཆོས་བརྗོད་པའི་མིང”གི་གྲུབ་ཚུལ་ཅན་གྱི་མིང་ཞིག་ཡིན་ལ། ལོ་སར་ནི“དངོས་པོའི་མིང+བྱ་བའི་མིང”གི་གྲུབ་ཚུལ་ཅན་གྱི་མིང་གཞན་ཞིག་ཡིན་ཏེ། ཁ་སྐད་དུ་ལོ་སར་བར་ཉིན་ག་ཚོད་འདུག་ཅེས་དང་ལོ་སར་ནས་ཡུལ་ལ་ལོག་ཅེས་སར་དེ་བྱ་བའི་མིང་དུ་སྤྱོད་ཅིང་། ཚུལ་འདི་ཁ་སྐད་ཁོ་ནའི་སྣང་ཚུལ་ཞིག་མ་ཡིན་པར་ཆོས་འབྱུང་མཁས་པའི་དགའ་སྟོན་དུ“ཆུ་ཕག་གི་ལོ་སར་ནས་དང་པོའི་ཉེར་བརྒྱད་ལ་བཏེག །ཆོས་རྗེས་རེབ་ཚ་ཁར་སྐྱེལ་ཐུང་མཛད།”ཞེས་འབྱུང་བ་ལས་ཀྱང་གསལ་ལོ། །

གསུམ་པ། སྤྱི་བསྡོམས་དང་མཇུག་སྡུད།

གོང་དུ་གསར་དང་སར་གཉིས་མིང་གི་ངོ་བོ་མི་འདྲ་བ་གཉིས་སུ་ངོས་བཟུང་ཡོད་མོད། བོད་སྐད་ཀྱི་ཁྱད་ཆོས་བརྗོད་པའི་མིང་དེ་སྐད་བབ་ཁྲོད་དུ་བྱ་བའི་མིང་གི་ཚུལ་དུ་སྤྱད་རུང་ན། དེ་གཉིས་མིང་གཅིག་གི་གཟུགས་གཉིས་སུ་འགྲེལ་ཡང་རུང་ཞེས་པ་ནི་རྩོམ་འདིའི་ཁ་གསབ་ལྟ་བུ་ཡིན་ལ། གཤམ་ནས་གོང་བྲིས་རྣམས་སྟབས་བདེར་ཕབ་ནས་མཇུག་སྡུད་པ་ལ།

གཅིག ཡིག་ཚང་དུ་ལོ་གསར་དང་ལོ་སར་གཉིས་གདམ་ངའི་ཚུལ་དུ་འབྱུང་ཞིང་། མཁས་པའི་ཕྱག་ལེན་དུ་ལོ་སར་དང་ལོ་གསར་གཉིས་ཡོད་པ་མ་གཏོགས། མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོའི་སྔོན་ལ་ཡི་གེ་འདི་གཉིས་ཀྱི་དག་ཆའི་ཐད་ལ་ཞལ་ལྗགས་གཡོས་པ་མ་མཐོང་ལ། མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོས་ལོ་སར་ནི་ལོ་གསར་གྱི་སྔོན་འཇུག་ག་ཡིག་གི་སྒྲ་ཟུར་གསལ་པོར་མ་ཐོན་པའི་ཕོ་སར་དང་མོ་སར། གཡག་སར་སོགས་བཞིན་གསར་ཡིན་པ་ལ་སར་བྲིས་པར་དགོངས་འདུག ཡིན་ཡང་། ལོ་སར་དང་ལོ་གསར་གཉིས་ཀྱི་བྱུང་བའི་སྔ་ཕྱི་དང་མིང་གི་གྲུབ་ཚུལ་ཇི་འདྲ་ཡིན་མིན་ཡང་ཡིག་ཚང་ཙམ་ལ་བརྟེན་ནས་དཔྱོད་ཐབས་མེད་པར་མངོན།

གཉིས། བརྡ་སྤྲོད་སྦྱོར་བ་རྣམ་གཞིར་བྱ་བའི་མིང་ནི་སེམས་ཅན་གྱི་རྩོལ་བ་དང་བེམ་པོའི་འགྱུར་བ་མཚོན་པའི་ཐ་སྙད་ཇི་སྙེད་པར་བརྗོད་ཅིང་། ལོ་སར་གྱི་སར་ནི་བྱ་བའི་མིང་ཞིག་ཡིན་པར་སྣང་ལ། བྱ་བའི་མིང་ཡིན་པའི་སྒྲུབ་བྱེད་ནི་གཅིག་ནས་ཁ་སྐད་དངོས་ཀྱི་སྤྱོད་སྟངས་ཐད་ནས་ཤེས་ཐུབ་ལ། གཉིས་ནས་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ཡིག་ཚང་ཁག་ཏུའང་བྱ་བའི་མིང་ལྟར་སྤྱད་ཡོད་པ་ལས་ཀྱང་ཤེས་ནུས་སོ། །

གསུམ། བརྡ་སྤྲོད་སྦྱོར་བ་རྣམ་གཞིར་ཁྱད་ཆོས་བརྗོད་པའི་མིང་ནི་སེམས་ཅན་དང་བེམ་པོའི་རང་བཞིན་དང་རྣམ་པ་སོགས་སྟོན་པའི་ཐ་སྙད་དུ་བྱ་བས། གསར་ནི་ཁྱད་ཆོས་བརྗོད་པའི་མིང་ཞིག་སྟེ། སེམས་ཅན་དང་བེམ་པོའམ་གདགས་གཞི་གང་གི་གསར་པའི་རང་བཞིན་དེ་ངོས་འཛིན་པས་སོ། །

དཔྱད་རྩོམ་འདི་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི“སྤུས་ཚད་མཐོན་པོའི་འཇོན་ཐང་ཅན་གསོ་སྐྱོང་གི་འཆར་འགོད”ལས་གཞིའི(རྣམ་གྲངས་ཨང་རྟགས:2021—GSP-S032)བར་སྐབས་ཀྱི་དཔྱད་འབྲས་ཤིག་ཡིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།