ཀྲུང་གོ་བོད་ཀྱི་དྲ་བ།

བོད་སྐད་ནང་དུ་སྦྲགས་སྐད་ཁྱབ་གདལ་དུ་འགྲོ་བའི་སྣང་ཚུལ་དང་དེའི་རྒྱུ་རྐྱེན་སྐོར་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དབང་ཕྱུག་འཚོ།   སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——རྨ་ལྷོ་རྫོང་དཔེ་རུ་བཟུང་བ།

གཅིག སྤྱི་ཚོགས་ཀྱི་གནས་བབ།

དེང་རབས་རིག་གནས་སྣ་མང་ཅན་གྱི་ཁོར་ཡུག་འོག མི་རིགས་ཕན་ཚུན་དབར་གྱི་འབྲེལ་བ་སྔར་ལས་ཟབ་ཅིང་སྐད་རིགས་སྣ་མང་སློབ་པའི་ཆ་རྐྱེན་སྔར་ལས་བཟང་ལ། ལྷག་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་པའི་སྐལ་བ་ཤིན་ཏུ་ལེགས། དུས་མཚུངས་སུ་ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་བར་གཙིགས་ཆེན་བྱེད་ཀྱིན་ཡོད་དེ། རྩ་ཁྲིམས་ཀྱི་དོན་ཚན་བཞི་པའི་ཚན་པ་བཞི་པ་དང་དོན་ཚན་བརྒྱ་དང་ཉེར་གཅིག་པ། དོན་ཚན་བརྒྱ་དང་སོ་དགུ་པ་བཅས་སུ་མི་རིགས་སྐད་ཡིག་བཀོལ་སྤྱོད་བྱེད་པར་འགན་སྲུང་བྱ་བའི་སྐོར་བཀོད་ཡོད། མི་རིགས་ས་ཁུལ་རང་སྐྱོང་བྱ་བའི་བཅའ་ཁྲིམས་སུའང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོང་བྱེད་པའི་སྐོར་གཏན་འབེབས་གསལ་པོ་བྱས་ཡོད། ང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་གཙིགས་འཛིན་བྱེད་དགོས་པར་མ་ཟད། མི་རིགས་སོ་སོའི་སྐད་ཡིག་ཀྱང་བརྗེད་མི་འོས། དེ་ཡང་ངག་རྒྱུན་དུ་སྦྲགས་སྐད་ཟེར་བ་ནི་སྤྱི་ཚོགས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་གི་འོག སྐད་རིགས་གཉིས་སམ་ཡང་ན་སྐད་རིགས་མང་པོ་མཉམ་དུ་བསྲེས་ནས་སྨྲ་བའི་སྐད་ལ་གོ ། ད་ལྟའི་སྤྱི་ཚོགས་སུ་སྦྲགས་སྐད་ཁྱབ་གདལ་དུ་འགྲོ་བའི་སྣང་ཚུལ་འདི་སྐད་བརྡ་འབྲེལ་འདྲིས་བྱུང་བའི་གཞུང་ལུགས་ཀྱིས་འགྲེལ་བཤད་བྱས་ཆོག “སྐད་བརྡ་འབྲེལ་འདྲིས་ནི་སྤྱི་ཚོགས་འཚོ་བའི་ཁྲོད་མི་རིགས་སམ་ཚོགས་པ་མི་འདྲ་བའི་དབར་ཕན་ཚུན་འབྲེལ་འདྲིས་བྱས་པ་ལས་སྐད་བརྡར་འབྲེལ་འདྲིས་བྱུང་བའི་འབྲེལ་བར་བསྟན།”[1] སྐད་བརྡ་ཕན་ཚུན་འབྲེལ་འདྲིས་བྱས་ན་སྐད་ཆ་རིམ་འགྱུར་འབྱུང་ངེས་ཡིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དུ་མི་རིགས་སྣ་མང་ཕན་ཚུན་མཛའ་མཐུན་ངང་འགྲོ་འོང་དང་འབྲེལ་འདྲིས་བྱས་པས། མིག་སྔར་ས་གནས་དེ་གར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད། སོག་སྐད། ཡུལ་སྐད་སོགས་སྦྲགས་ནས་སྨྲ་བའི་སྣང་ཚུལ་འབུར་ཐོན་རེད།

གཉིས། བཅར་འདྲིའི་ནང་དོན།

སྐད་བརྡ་འབྲེལ་འདྲིས་བྱུང་བའི་གཞུང་ལུགས་གཞིར་བྱས་ནས། ལོ་ཚོད་དང་ལས་རིགས། རིག་གནས་ཀྱི་རྒྱབ་ལྗོངས་སོགས་མི་འདྲ་བའི་ཚབ་མཚོན་མི་སྣ་དུ་མར་གྲུབ་ཚུལ་ཕྱེད་ཀའི་བཅར་འདྲི(半结构式访谈)བྱས། བཅར་འདྲིའི་ནང་དོན་གཙོ་བོ་གཤམ་གསལ་ལྟར།

1.ཁྱེད་ཀྱིས་རང་ས་གནས་ཀྱི་གྲོགས་པོ་དང་གླེང་མོལ་བྱེད་སྐབས། རང་གིས་ཤེས་མེད་ཚོར་མེད་དུ་སྦྲགས་སྐད་སྨྲ་བའི་སྣང་ཚུལ་ཡོད་དམ།

2.གནས་ཚུལ་ཅི་འདྲའི་འོག་ཏུ་གོང་གི་སྣང་ཚུལ་དེ་འདྲ་འབྱུང་སྲིད། དཔེ་བཞག་ནས་གསལ་བཤད་བྱེད་རོགས།

3.སྣང་ཚུལ་དེ་འདྲ་འབྱུང་བའི་རྒྱུ་རྐྱེན་ཅི་ཡིན། གླེང་མོལ་བྱེད་ཡུལ་གྱི་ས་ཕྱོགས་དང་སློབ་གསོ་ཐོབ་ཚད། ཕོ་མོའི་དབྱེ་བ། ལོ་ཚོད་སོགས་ལ་འབྲེལ་བ་ཡོད་དམ།

4.རང་ས་གནས་ཀྱི་གྲོགས་པོ་དང་གླེང་མོལ་བྱེད་སྐབས་སྦྲགས་སྐད་སྨྲ་བའི་བསྡུར་ཚད་ཅི་འདྲ་རེད།

བཅར་འདྲི་དང་ལེན་བྱེད་མཁན་དང་པོ་ནི་རྨ་ལྷོ་རྫོང་གི་སློབ་ཆེན་སློབ་མ་ཞིག་སྟེ། ན་ཚོད23ལ་སླེབས་ཡོད། མིག་སྔར་མཚོ་སྔོན་སློབ་ཆེན་དུ་སློབ་གཉེར་བྱེད་ཀྱིན་ཡོད། མཐོ་རྒྱུགས་ལེན་དུས“民考汉”གྱི་རྒྱུགས་ལེན་སྟངས་ལ་བརྟེན་ནས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་རེད། ཁོས་བཤད་རྒྱུར། རྒྱུན་ལྡན་འཚོ་བའི་ཁྲོད་རང་ས་གནས་ཀྱི་སློབ་གྲོགས་དང་གྲོགས་པོའི་དབར་གླེང་མོལ་བྱེད་སྐབས་མ་གཞི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆ་སྤྱོད་ཀྱིན་ཡོད། དུས་རྒྱུན་སློབ་སྦྱོང་དང་འཚོ་བའི་ཁྲོད་དུ་བོད་སྐད་སྨྲ་ཉུང་བས་མིང་དང་ཚིག་མང་པོ་བོད་སྐད་ཀྱི་ལམ་ནས་ཅི་ལྟར་བརྗོད་དགོས་པ་མི་ཤེས་ཤིང་སྒྲ་ཁ་ཤས་དག་མོ་ཐོན་རྒྱུའང་དཀའ་མོ་རེད། གལ་ཏེ་ངེས་པར་དུ་བོད་སྐད་ཀྱི་ལམ་ནས་ཕན་ཚུན་གླེང་མོལ་བྱེད་དགོས་ན་སྦྲགས་སྐད་མི་སྨྲ་ཐབས་མེད་དུ་གྱུར་ཡོད། ཡུལ་དུ་ལོག་རྗེས་ཕ་མ་དང་གཉེན་ཉེའི་དབར་ཅི་ནུས་ཀྱིས་བོད་སྐད་ཀྱི་ལམ་ནས་གླེང་མོལ་བྱེད་པ་ཡིན་མོད། རྒྱུས་མེད་ཀྱི་ཐ་སྙད་དང་འཕྲད་ཚེ་སྦྲགས་སྐད་དབང་མེད་དུ་ཤོར་འགྲོ། བོད་ཡིག་བསླབས་མ་མྱོང་བ་དག་བོད་ཡིག་བསླབ་མྱོང་མཁན་དང་སློབ་གྲྭ་འགྲིམས་མ་མྱོང་བ་དག་ལ་བསྡུར་ན། སྔ་མས་བོད་སྐད་སྨྲ་བའི་བསྡུར་ཚད་བལྟོས་བཅས་ཀྱིས་མཐོ། ཡིན་ནའང洋芋、西瓜、辣椒、苹果、粉条སོགས་སྔོ་ཚལ་དང་ཤིང་འབྲས་སོགས་རྒྱུན་སྤྱོད་ཐ་སྙད་དང་འཕྲད་ཚེ་ཕལ་མོ་ཆེས་ཐད་ཀར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆ་བཤད་ཀྱིན་འདུག

བཅར་འདྲི་དང་ལེན་བྱེད་མཁན་གཉིས་པ་ནི་རྨ་ལྷོ་རྫོང་ཁྲིམས་འཛིན་ཅུའུ་ཡི་གཞུང་ཞབས་པ་ཞིག་སྟེ། ལོ་ཚོད37ལ་སླེབས་ཡོད། ཁོས“民考民”ཡི་རྒྱུགས་ལེན་སྟངས་ལ་བརྟེན་ནས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་རེད། ད་ལྟ་རབ་འབྱམས་པའི་སློབ་གནས་བླངས་ཡོད། ཁོས་བཤད་རྒྱུར།རང་ས་གནས་ཀྱི་གྲོགས་པོ་དང་གླེང་མོལ་བྱེད་སྐབས་སྤྱིར་བོད་སྐད་སྨྲ་བ་ཡིན། ཡིན་ནའང་སྨན་དང་ཚན་རིག དྲ་རྒྱའི་ཐ་སྙད་སོགས་ཆེད་ལས་བརྡ་ཆད་དང་སྔོ་ཚལ་ཤིང་འབྲས་སོགས་གསར་བྱུང་དངོས་པོ་དང་རྒྱུན་སྤྱོད་དངོས་པོར་འཕྲད་ཚེ་ཐད་ཀར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་སོགས་སྨྲ་བ་ཡིན། དཔེར་ན火龙果、火锅、烧烤、奥利给、Ipadལྟ་བུ། རྒྱུན་པར་ལས་ཁུངས་སུ་མི་རིགས་སོ་སོའི་སྤུན་ཟླ་དང་མཉམ་ལས་བྱེད་དགོས་པས་ཕན་ཚུན་དབར་བདེ་བླག་ངང་གོ་བརྡ་སྤྲོད་ཆེད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆའི་ལམ་ནས་འབྲེལ་འདྲིས་བྱེད་པ་ཡིན། ཡུན་རིང་འགོར་རྗེས་རྣ་བྱང་ཁ་བྱང་དུ་སོང་སྟེ་གློ་བུར་དུ་རྒྱུན་བཀོལ་མིན་པའི་ཐ་སྙད་སྨྲ་དགོས་ཚེ་བོད་མིང་འཕྲལ་མར་ཡིད་ལ་མི་དྲན། ས་ཁོངས་ཀྱི་ཆ་ནས་རྫོང་མཁར་དུ་སྦྲགས་སྐད་ཁྱབ་གདལ་དུ་སོང་བའི་བསྡུར་ཚད་འབྲོག་ཁུལ་ལས་བལྟོས་བཅས་ཀྱིས་མཐོ་བ་དང་། འབྲོག་ཁུལ་དུ་རྒྱུན་པར་གསར་བྱུང་ཐ་སྙད་ཁ་ཤས་མ་གཏོགས་བོད་སྐད་སྨྲ་བ་ཡིན། ལྷག་པར་དུ་དགོན་སྡེ་དང་མཐའ་འཁོར་གྱི་ཡུལ་མིས་བོད་སྐད་རྣལ་མ་བཤད་ཀྱིན་འདུག

བཅར་འདྲི་དང་ལེན་བྱེད་མཁན་གསུམ་པ་ནི་རྨ་ལྷོ་རྫོང་གཡུ་སྒང་ཉིན་གྲོང་རྡལ་སྣ་འཁྱིལ་སྡེ་བའི་ལོ་ན52ལ་སོན་པའི་འབྲོག་པ་ཞིག་སྟེ། ཁོས་བཤད་རྒྱུར། ན་ནིང་ནས་བཟུང་རྒན་མོ་དང་ངེད་གཉིས་ཀྱིས་ཚ་བོ་སློབ་གྲྭར་སྐྱེལ་ཆེད་རྫོང་ཐོག་ཏུ་གནས་སྤར་ནས་འཚོ་བ་རོལ་གྱིན་ཡོད། རྒན་མོ་ངེད་གཉིས་ཀྱིས་བོད་སྐད་མ་གཏོགས་སྐད་རིགས་གཞན་པ་བཤད་མི་ཤེས། དེ་ཡང་སྔོན་ཆད་ཀྱི་འཚོ་བའི་ཁྲོད་མེད་པའི་བྱ་དངོས་དང་འཕྲད་ཚེ་ཀུན་གྱི་རྗེས་སུ་འབྲངས་ནས་རྒྱ་སྐད་སྨྲ་བ་ཡིན། དཔེར་ན洗洁精、遥控、西瓜、菜瓜སོགས་ལྟ་བུ། ཚ་བོ་སློབ་གྲྭ་མ་འགྲིམས་གོང་དུ་བོད་སྐད་དག་མོ་ཞིག་བཤད་མོད། སློབ་གྲྭ་འགྲིམས་ནས་ལོ་གཅིག་ཙམ་འགོར་རྗེས་རྒྱ་སྐད་རྐྱང་རྐྱང་བཤད་ཀྱིན་ཡོད། སློབ་གྲྭ་མ་ཟད་ཡུལ་དུ་ལོག་རྗེས་ཀྱང་རྒྱ་སྐད་རྐྱང་རྐྱང་བཤད་པས་ངེད་རྒན་རྒོན་གཉིས་ཀྱིས་ཧ་གོ་རྒྱུའང་ཁག་པོ་འདུག

བཅར་འདྲི་དང་ལེན་བྱེད་མཁན་བཞི་པ་ནི་ཐུན་ཏེ་རྫོང་གཙང་དགོན་པའི་དགེ་འདུན་པ་ཞིག་སྟེ། ཁོང་གིས་བཤད་རྒྱུར། བརྡ་འཕྲིན་གྱི་ཚ་རླབས་དྲག་ཏུ་འཕྱུར་བའི་དུས་འདིར། མི་དང་མིའི་དབར་གྱི་འབྲེལ་འདྲིས་སྔར་ལས་མང་ཞིང་བསམ་བློ་དང་དངོས་པོ་གསར་པ་ཟམ་མི་ཆད་པར་དར་གྱིན་ཡོད། ཤེས་ཡོན་པའི་སྡེའམ་རྩ་འཛུགས་གང་གིས་དེ་དང་བསྟུན་པའི་བོད་མིང་གཅིག་གྱུར་ཐག་གཅོད་མ་བྱས་པའམ་ཐག་བཅད་ཀྱང་དམངས་ཡོངས་ཀྱིས་བཀོལ་སྤྱོད་མ་བྱས་པ་སོགས་རྐྱེན་སྣ་ཚོགས་ཀྱིས་བོད་སྐད་དུ་སྦྲགས་སྐད་ཁྱབ་གདལ་དུ་འགྲོ་བཞིན་ཡོད། དཔེར་ན་རླངས་འཁོར་ལ汽车དང་། འཕྲུལ་རྟ་ལ摩托 ཁ་པར་ལ手机ཟེར་བ་ལྟ་བུ། གསར་དར་དངོས་པོར་གཅིག་གྱུར་ཚད་ལྡན་གྱི་བོད་མིང་འདོགས་རྒྱུ་དང་ཇི་བཞིན་བཀོལ་ནས་རྒྱུན་འབྱམས་སུ་འཇུག་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། རྒྱུན་ལྡན་འཚོ་བའི་ཁྲོད་རླངས་འཁོར་དང་། མེ་འཁོར། གནམ་གྲུ། མགྲོན་ཁང་། དངུལ་ཁང་། ལས་ཁུངས་ཆེ་ཆུང་སོགས་སུ་འགྲོ་འདུག་གང་ཡིན་གྱི་སྐབས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆ་ཁྱབ་གདལ་ཆེ་བས་རྒྱ་སྐད་བཤད་ཁུལ་བྱས་པ་ཡིན། རིམ་བཞིན་མིང་བརྡ་མང་པོ་རྒྱ་སྐད་ལ་གོམས་ཏེ་བོད་པ་དང་གླེང་མོལ་བྱེད་སྐབས་ཀྱང་དབང་མེད་དུ་སྦྲགས་སྐད་ཤོར་འགྲོ། དེ་ནི་གཙོ་བོ་ཀུན་གྱིས་སྦྲགས་སྐད་ཁྱབ་གདལ་དུ་འགྲོ་བར་འཛེམ་དོགས་དང་སྐད་ཆ་རྣལ་མ་སྨྲ་བར་གཙིགས་ཆེན་མ་བྱས་པས་རེད། དགའ་འོས་པ་ཞིག་ལ་ཉེ་བའི་ལོ་འདི་འགའི་རིང་ས་གནས་ཁ་ཤས་སུ་སྐད་ཆ་རྣལ་མ་བཤད་རྒྱུ་དར་གྱིན་ཡོད། ང་ཚོའི་དགོན་པ་དང་མཐའ་འཁོར་གྱི་ཡུལ་མིར་མཚོན་ན་ཐུན་མོང་གིས་རང་འགུལ་སྒོས་སྦྲགས་སྐད་སྨྲ་བར་འཛེམ་ཞིང་བོད་སྐད་རྣལ་མ་བཤད་ཅི་ཐུབ་བྱེད་ཀྱིན་ཡོད། མཐའ་འཁོར་གྱི་ཁྱབ་ཁོངས་ངེས་ཅན་དུ་གསར་དར་དངོས་པོ་མང་ཆེ་བའི་མིང་བརྡ་གཅིག་གྱུར་ཆགས་ཡོད།

གསུམ། དཔྱད་ཞིབ་ཀྱི་འབྲས་བུ།

བཅར་འདྲི་མཇུག་རྫོགས་རྗེས་སྒོ་འབྱེད་རང་བཞིན་གྱི་ཨང་སྒྲིག(opening coding)དང་འཁོར་སྙིང་རྣམ་པའི་ཨང་སྒྲིག(axial coding)ཐབས་ལ་བརྟེན་བཅར་འདྲིའི་རྒྱུ་ཆ་ལ་ཨང་སྒྲིག་དང་རིགས་དབྱེ། ཕྱོགས་བསྡུས་བྱས་མཐར་བརྡ་ཆད་གཙོ་བོ་གཉིས་ཐོན། སྦྲགས་སྐད་བྱུང་བའི་ནང་དོན་དང་སྦྲགས་སྐད་བྱུང་བའི་རྒྱུ་རྐྱེན་གཉིས་ཏེ། སྦྲགས་སྐད་བྱུང་བའི་ནང་དོན་གཙོ་བོ་རྒྱུན་སྤྱོད་དངོས་པོ་དང་ཆེད་ལས་བརྡ་ཆད་ཀྱི་ངོས་སུ་མངོན་པ་དང་། སྦྲགས་སྐད་བྱུང་བའི་རྒྱུ་རྐྱེན་དུ་གཙོ་བོ་ལོ་རྒྱུས་དང་སྤྱི་ཚོགས། མི་སྒེར་གསུམ་འདུས།

1. སྦྲགས་སྐད་བྱུང་བའི་ནང་དོན།

གོང་གི་བཅར་འདྲི་ལས་ང་ཚོས་རྨ་ལྷོ་རྫོང་དུ་སྦྲགས་སྐད་རྒྱུག་ཆེ་བ་རྟོགས་ཐུབ་ལ། དེ་ནི་གཙོ་བོ་མིང་ཚིག་གི་ཐད་དུ་མངོན་ཡོད་དེ། བྱ་ཚིག་དང་རྒྱན་ཚིག་གི་སྐོར་ཕལ་མོ་ཆེས་བོད་སྐད་ཀྱིས་བཤད་པ་རེད།

དེ་ཡང་མིང་ཚིག་གཙོ་བོ་རྒྱུན་སྤྱོད་དངོས་པོ་དང་ཆེད་ལས་བརྡ་ཆད་སྐོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆ་སྦྲགས་ནས་སྨྲ་བ་ཅུང་ཚབས་ཆེ་བ་གསལ་པོར་ཤེས་ཐུབ།

(1)རྒྱུན་སྤྱོད་དངོས་པོ།

བཅར་འདྲི་ལས་ཤེས་གསལ་ལྟར་རྨ་ལྷོ་རྫོང་དུ་རང་ས་གནས་ཀྱི་གྲོགས་པོ་ཕན་ཚུན་དབར་གླེང་མོལ་བྱེད་སྐབས་སྤྱིར་བོད་སྐད་བཤད་མོད། རྒྱུན་སྤྱོད་དངོས་པོ་ཁག་དང་འཕྲད་ཚེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆ་སྦྲགས་ནས་སྨྲ་བ་ཤས་ཆེ། དཔེར་ན། 葱、户口、身份证、桌子、盐、酱油、烧烤、火锅、雪糕、矿泉水、可乐、牛肉面སོགས་ལྟ་བུ། དེང་རབས་དྲ་རྒྱ་དར་ཞིང་འགྲིམ་འགྲུལ་སྟབས་བདེ་བས། མི་དང་མིའི་དབར་འབྲེལ་གཏུག་བྱ་བའི་ཁྱབ་ཁོངས་ནི་ལོ་རྒྱུས་ཐོག་གི་དུས་རབས་གང་ལས་ཀྱང་རྒྱ་ཆེ་བ་དང་། ས་གནས་གཞན་དང་མི་རིགས་གཞན་གྱི་གྲོགས་པོར་འབྲེལ་གཏུག་བྱ་རྒྱུ་ནི་རྒྱུན་ལྡན་དུ་གྱུར་ཡོད། སྐད་རིགས་མི་འདྲ་བའི་གྲོགས་པོའི་དབར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆའི་ལམ་ནས་ད་གཟོད་བརྡ་སྤྲོད་ཐུབ། དེ་བས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆར་ངེས་པར་བྱང་དགོས། སྐད་རིགས་དུ་མར་འཇུག་པའི་གོ་རིམ་ཁྲོད་སྐད་རིགས་རྣལ་མ་སྨྲ་བའི་འདུ་ཤེས་མེད་པར་གང་འདོད་དུ་སྐད་རིགས་སྣ་ཚོགས་སྦྲགས་པ་དང་། སྣང་ཚུལ་དེར་འཛེམ་དོགས་མ་བྱས་ཚེ་རིམ་བཞིན་སྐད་རིགས་དུ་མ་འདུས་པའི་སྐད་རིགས་གཞན་ཞིག་ཏུ་འགྱུར་ངེས།

(2)ཆེད་ལས་བརྡ་ཆད།

བཅར་འདྲི་དང་ལེན་བྱེད་མཁན་གྱིས་བཤད་རྒྱུར། རྒྱུན་ལྡན་གྱི་སློབ་སྦྱོང་དང་བྱ་བའི་ཁྲོད་སྨན་དང་ཚན་རྩལ་སོགས་སྐོར་གྱི་ཆེད་ལས་བརྡ་ཆད་ལ་འཕྲད་ཚེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆའི་ལམ་ནས་མཚོན་པ་ཡིན། རྒྱུ་མཚན་ནི་ཐ་སྙད་དེ་རིགས་བརྗོད་ཡུལ་གཙོ་བོ་ལས་གྲོགས་དང་སློབ་གྲོགས་ཡིན་ལ། ལས་ཁུངས་དང་སློབ་གྲྭ་རུ་སྐད་རིགས་མི་འདྲ་བའི་གྲོགས་པོ་མང་པོ་འདུག་པས་ཕན་ཚུན་བདེ་བླག་ངང་གོ་བརྡ་སྤྲོད་ཆེད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆ་སྨྲ་བ་ཡིན། དེ་མིན་བྱ་དངོས་གསར་པའི་བོད་མིང་གཅིག་གྱུར་ཐག་གཅོད་མ་བྱས་པའམ་ཐག་བཅད་ཀྱང་བཀོལ་སྤྱོད་བྱེད་མ་ཐུབ་པ་སོགས་རྐྱེན་སྣ་ཚོགས་ཀྱིས་བོད་སྐད་དུ་སྦྲགས་སྐད་ཁྱབ་གདལ་དུ་འགྲོ་བཞིན་ཡོད། བཅར་འདྲི་དང་ལེན་བྱེད་མཁན་རྣམས་ཀྱིས་བཤད་རྒྱུར། ཐ་སྙད་ཁ་ཤས་ཀྱི་དེ་མཚུངས་ཀྱི་བོད་མིང་འཕྲལ་མར་ཡིད་ལ་མི་དྲན་པའམ་བརྗེད་སོང་བ། གསལ་པོ་མི་ཤེས་པ་སོགས་ཀྱིས་སྦྲགས་སྐད་དབང་མེད་དུ་ཤོར་འགྲོ། ལི་ཞུས་ཁུའེ་ཡིས་སེམས་ཁམས་རིག་པའི་བརྗེད་ངས་གཞུང་ལུགས་ཀྱི་ལམ་ནས་སྣང་ཚུལ་དེ་ཀླད་པ་ལས་འདོན་ལེན་བྱེད་ཕམ་པ་ཟེར།[2]

2. སྦྲགས་སྐད་བྱུང་བའི་རྒྱུ་རྐྱེན།

(1)ལོ་རྒྱུས་ཀྱི་ཐད།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རྒྱལ་རབས་བརྗེ་རེས(གསལ་པོ་ཤེས་འདོད་ན་གཤམ་གསལ་སྦྲེལ་ཐག་བརྒྱུད་ནས་གཟིགས་འཚལ)[3]དང་མི་འབོར་གནས་སྤོ་བྱས་པ་བརྒྱུད་ཡུལ་འདི་རུ་མི་རིགས་སྣ་མང་འཛོམས་ཤིང་། མི་རིགས་སོ་སོའི་མི་གྲངས་བསྡུར་ཚད་མི་འདྲ་ནའང་སོག་བོད་རྒྱ་རིགས་ནི་རྨ་ལྷོ་རྫོང་དུ་གནའ་ནས་བཟུང་གནས་པའི་མི་རིགས་ཁག་རེད། སྔ་མོ་ནས་མི་རིགས་སོ་སོའི་དབར་ཉོ་ཚོང་འགྲོ་འོང་དང་རིག་གནས་བརྗེ་རེས། འདྲེས་སྡོད་གཉེན་སྒྲིག་བྱས་པ་བརྒྱུད་སྐད་རིགས་སོ་སོ་གཅིག་གིས་གཅིག་ལ་ཐ་སྙད་དང་བརྡ་སྤྲོད་སོགས་གཡར་རེས་མོད་པོ་བྱས་ལ་ཕན་ཚུན་ལ་ཤན་ཤུགས་ཟབ་མོ་ཐེབས། བོད་སོག་ཀྱི་རིག་གནས་འདྲེས་ས་ཡིན་པས་བོད་སོག་སྦྲགས་སྐད[ebti](འཚམ་པའམ་རན་པ)དང[welen](གྲ་སྒྲིག་བྱས་པ)ལྟ་བུ། དེ་མིན་ཡུལ་འདིར་ཀ་ཇུའི་ཚོང་བ་མང་བས་ཀ་ཇུའི་ཡུལ་སྐད་བོད་སྐད་དུ་སྦྲགས་པའི་ཆ་ཤིན་ཏུ་མང་། དཔེར་ན། [i`,xa](一下)དང་[ƞa](我) 阿门了ལྟ་བུ་དང་། བརྡ་སྤྲོད་ལུགས་སྦྲགས་པ你心再嫑操、雨下开了、饭吃着哩སོགས动宾式ཞེས་པའི་ཚིག་རིམ་ལྟ་བུ།

(2)སྤྱི་ཚོགས་ཀྱི་ཐད།

རྨ་ཁུག་དང་པོར་ཆགས་པའི་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་སོག་རིགས་རང་སྐྱོང་རྫོང་གཅིག་པུ་སྟེ། ངག་རྒྱུན་དུ་རྨ་ལྷོའི་སོག་ཤོག(河南蒙旗)ཅེས་འབོད། ཤར་ཀན་སུའུ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དང་ཀླུ་ཆུ་རྫོང་། ལྷོ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ལ་འབྲེལ་ཡོད། ནུབ་བྱང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་་གྱི་རྨ་ཆེན་རྫོང་དང་མཚོ་ལྷོ་ཁུལ་གྱི་ཐུན་ཏེ་རྫོང་ལ་འབྲེལ་ཡོད། བྱང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་དང་འབྲེལ་ཡོད། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པས་མཚོ་སྔོན་ཞིང་ཆེན་གྱི་ལྷོ་སྒོ་ཆེན་མོ་ཞེས་ཀྱང་འབོད། དང་ཐོག་སོག་པོ་མི་རིགས་ཡུལ་འདིར་སླེབས་པ་ནས་བཟུང་མཐའ་འཁོར་གྱི་བོད་རིགས་སྤུན་ཟླའི་དབར་འཆམ་མཐུན་མཉམ་གནས་དང་མཛའ་མཐུན་འགྲོ་འོང་བྱས་པས་རིག་གནས་དང་སྐད་རིགས་སོགས་ཀྱི་ཐད་ཕན་ཚུན་ལ་ཤུགས་རྐྱེན་ཟབ་མོ་ཐེབས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཡུལ་འདིར་སོག་བོད་གཉིས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐུན་མོང་མ་ཡིན་པ་གྲུབ་ཡོད།

བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་འོག་རྨ་ལྷོ་རྫོང་གི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་འཕེལ་རྒྱས་ཕྱིན་ལ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་ཚོགས་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་ཅིང་། གྲོང་ཁྱེར་རམ་གྲོང་རྡལ་ཅན་དུ་བསྒྱུར་བའི་གོ་རིམ་ཁྲོད། གྲོང་གསེབ་ཀྱི་རིག་གནས་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད་ལ། དུས་མཚུངས་སུ་ཡུལ་སྐད་ཀྱང་རིམ་བཞིན་འདོར་བཞིན་ཡོད།

ཡུལ་འདི་རུ་ཞིང་ཆེན་རིམ་པའི་ཨ་གསེར་གཞུང་ལམ་རྫོང་ཡོངས་བརྒྱུད་ཅིང་རྒྱལ་ལམ213དང་སྦྲེལ་ཡོད། ཧོ་རྨ་གཞུང་ལམ་རྨ་ཆུ་རྫོང་བརྒྱུད་སི་ཁྲོན་ཞིང་ཆེན་ལ་སླེབས་ཡོད། འགྲིམ་འགྲུལ་སྟབས་ཇེ་བདེ་དང་གྲོང་རྡལ་ཅན་དུ་བསྒྱུར་བའི་གོམ་སྟབས་དང་བསྟུན། མི་རྣམས་ཀྱིས་ཕྱི་རོལ་ཡུལ་ལ་འབྲེལ་གཏུག་བྱེད་པའི་བསྡུར་ཚད་སྔར་ལས་ལྡབ་འགྱུར་གྱིས་མང་། ལྷག་པར་དུ་དྲ་རྒྱའི་དུས་རབས་སུ་རྒན་གཞོན་ཡོད་དོ་ཅོག་གློག་རྡུལ་སྒྲིག་ཆས་དང་འབྲལ་ཐབས་མེད་པར་གྱུར་ལ། རིག་ནུས་ལག་ཁྱེར་ཁ་པར་མི་རྣམས་ཀྱི་མེད་དུ་མི་རུང་བའི་འབྲེལ་འདྲིས་ཡོ་བྱད་གལ་ཆེན་དུ་གྱུར་ཡོད། རིག་ནུས་ལག་ཁྱེར་ཁ་པར་བྱུང་བ་ནས་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་། དྲ་ཐོག་ཉོ་སྒྲུབ་དང་། QQ སྐད་འཕྲིན། འཁྱུག་དབྱིངས།(抖音) ལག་མགྱོགས(快手)སོགས་ཡུལ་གྱི་ཚད་བཀག་མེད་པའི་མཉེན་ཆས་ལ་བརྟེན་ཕྱི་རོལ་ཡུལ་དང་ཡང་ཡང་འབྲེལ་གཏུག་བྱེད་པ་དང་། ཆུ་ཚོད་མང་པོ་དེ་རུ་འདའ་བ་དང་ཉེ་འགྲམ་གྱི་མིར་ངོ་ཐུག་གདོང་འཕྲོད་སྒོས་ཁ་བརྡ་བྱེད་རྒྱུ་ཇེ་ཉུང་ཡིན་པས་ཡུལ་སྐད་སྨྲ་བའི་གོ་སྐབས་ཇེ་དཀོན་དུ་གྱུར་ཡོད། དྲ་ལམ་དང་བརྙན་འཕྲིན་སོགས་ཀྱི་ལེ་ཚན་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིན་པས་གསར་བྱུང་གི་མིང་ནི་སྤྱི་སྤྱོད་སྐད་ཀྱི་མིང་བརྡར་གོམས་པར་གྱུར་ཡོད། དཔེར་ན奥利给དང凡尔赛、女神、迪士尼、耳机、限量版、粉丝སོགས་ལྟ་བུ། བཅར་འདྲིའི་ནང་དོན་ལས་ཀྱང་སྐད་རིགས་ཕན་ཚུན་འདྲིས་ཤིང་སྦྲགས་སྐད་ཁྱབ་གདལ་དུ་འགྲོ་བཞིན་པ་གསལ་ཐུབ།

(3)མི་སྒེར་གྱི་ཐད།

བཅར་འདྲིའི་ནང་དོན་ལས་རྟོགས་ཐུབ་སྟེ་སྐད་ཆ་རྣལ་མ་སྨྲ་བར་སྲུང་སྐྱོབ་ཀྱི་འདུ་ཤེས་ཡོད་མཁན་གང་གིས་རྒྱུན་ལྡན་འཚོ་བའི་ཁྲོད་སྦྲགས་སྐད་སྨྲ་བར་འཛེམ་ཞིང་དོ་སྣང་བྱེད། དེ་བས་སྦྲགས་སྐད་སྨྲ་མིན་ནི་མི་རྣམས་ཀྱི་རྣམ་འགྱུར་འཛིན་སྟངས་དང་བསམ་བློའི་འདུ་ཤེས་ལ་རག་ལས་ཡོད། བོད་སྐད་རྣལ་མ་སྨྲ་བར་གཙིགས་ཆེན་བྱེད་མིན་དང་སྐད་ཨང་བརྗེ་སྤོར(语码转换)དེ་སྐད་གཉིས་འབྲེལ་འདྲིས་བྱེད་པའི་ཨང་གྲངས(双语交际码)སུ་འཛིན་མིན་སོགས་ནི་སྦྲགས་སྐད་འབྱུང་མིན་གྱི་རྒྱུ་རྐྱེན་གཙོ་བོར་སྣང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཡང་ན་ཡུལ་སྐད་རྣལ་མ་རྒྱུན་འཛིན་ཅི་ལྟར་བྱེད་དགོས་ཞེ་ན། དོན་གྱིས་ང་ཚོ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་བྱང་དགོས་ལ། ཡུལ་སྐད་ཀྱང་བརྗེད་མི་རུང་། ད་ལྟ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་རྒྱ་ཧ་ཅང་ཆེ་སྟེ། ཐ་ན་འཛམ་གླིང་ཡོངས་སུ་རྒྱ་སྐད་རྒྱ་ཡིག་སློབ་པའི་རླབས་རྒྱུན་འཕྱུར་མུར་མཆིས། ཕྱི་རྒྱལ་དུ་ཁུང་ཙི་སློབ་གླིང་བཙུགས་ནས་ཆེད་དུ་ཀྲུང་གོའི་སྐད་ཡིག་དང་རིག་གནས་སློབ་ཀྱིན་གདའ། དུས་རབས་ཀྱི་འཕེལ་ཕྱོགས་དང་མ་བསྟུན་ཚེ་གཞི་ནས་དུས་རབས་ཀྱིས་རྒྱང་འཕུད་གཏོང་ངེས་པས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་བྱང་རྒྱུ་ནི་ཆེས་མ་མཐའི་འཚོ་བའི་ལམ་ཡིག་ལྟ་བུའོ། །དུས་མཚུངས་སུ་ཡུལ་སྐད་འདོར་མི་རུང་ལ་རྩ་མེད་དུ་དེ་བས་གཏོང་མི་རུང་། ཀྲུང་ཧྭའི་རིག་གནས་ལ་མཚོན་ན་སྐད་རིགས་སྣ་ཚོགས་གཅེས་ནོར་ལྟ་བུ་སྟེ། སྐད་ཆས་རིག་གནས་ཕུན་སུམ་ཚོགས་པ་ཐེག་ཡོད་པར་མ་ཟད་སྐད་ཆ་སྣ་ཚོགས་ལ་སྲུང་སྐྱོབ་བྱས་ན་རིག་གནས་སྣ་ཚོགས་ལ་སྲུང་སྐྱོབ་བྱེད་ཐུབ། སྐད་རིགས་སྣ་མང་ལ་སྲུང་སྐྱོབ་བྱས་ན་བསམ་གཞིག་གཏོང་ཚུལ་གྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་པ་དང་གཉིས་སུ་མེད། དེ་བས་ཡུལ་སྐད་རྣལ་མ་རྒྱུན་འཛིན་བྱེད་དགོས་པ་དང་། དུས་མཚུངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལེགས་པོ་སྦྱོང་རྒྱུ་ཤིན་ཏུ་གལ་ཆེ།

བཞི། མཇུག་བསྡུ་བ།

གོང་གསལ་དུ་དབྱེ་ཞིབ་བྱས་པའི་འབྲས་བུ་ནི་བོད་སྐད་དུ་གཙོ་བོ་རྒྱུན་སྤྱོད་དངོས་པོ་དང་ཆེད་ལས་བརྡ་ཆད་ཀྱི་ངོས་སུ་སྦྲགས་མ་བྱུང་ཡོད་པ་དང་། སྦྲགས་སྐད་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ལོ་རྒྱུས་དང་སྤྱི་ཚོགས། མི་སྒེར་གསུམ་གྱི་ཐད་དུ་མངོན་ཡོད། སྐུ་ཞབས་ཧྥེ་ཞའོ་ཐུང་གིས“各美其美,美人之美,美美与共,天下大同”[4]གསུངས་པ་ལྟར་ང་ཚོས་རང་ཉིད་ཀྱི་མཛེས་པ་དང་ལེགས་ཆ་ངོས་ཟིན་དགོས་པར་མ་ཟད། གཞན་གྱི་མཛེས་པ་དང་ལེགས་ཆའང་མཐོང་དགོས་ཏེ། དེང་དུས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆར་བྱང་ན་གསར་བྱུང་ཚན་རྩལ་ཤེས་བྱ་འཕྲལ་མར་རྒྱུས་ལོན་དང་ཁོང་དུ་ཆུད་པར་ཕན་ལ། རིག་པ་གྲུང་ཞིང་མཐོང་རྒྱ་བསྐྱེད་ནུས་ཁར། མཐར་ཕྱིན་སློབ་མ་དག་ལ་མཚོན་ན་བྱ་བ་འཚོལ་བདེ་བར་ཡང་སྣང་། དེ་བས་ང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆ་དང་ཡུལ་སྐད་གང་རུང་སྨྲ་དུས། སྐབས་བབ་ཀྱི་སྐད་རིགས་དེ་རྣལ་མ་སྨྲ་བ་ལས་སྦྲགས་སྐད་མི་སྨྲ་བར་དོ་སྣང་བྱ་འོས་སོ། །

དཔྱད་གཞིའི་ཡིག་ཆ།

[1]戴庆夏.社会语言学概论[M].北京:商务印书馆.2004:页码86

[2]李旭奎,左金梅,杨晓声.心理学的遗忘理论对二语损耗的解释力[J].中国海洋大学学报,2010(6):第92-97页.

[3]李滨.河南蒙古族自治县[EB/OL].http://www.qh.gov.cn/mzfw/system/2012/08/20/010002734.shtml

[4]费孝通.人的研究在中国——个人的经历[J].读书杂志.1990年第10期

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།