ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཡིག་ཚགས་པར་གྱི་ཐོག་མའི་བྱུང་འཕེལ་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བཀྲ་ཤིས་མཚོ་མོ།   སྤེལ་དུས། : 2022-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་རབས་ཉི་ཤུ་པའི་དུས་མགོ་ཙམ་ནས་བོད་ཡིག་ཚགས་པར་གྱི་མྱུ་གུ་ཐོག་མར་འབུས་ཏེ་ད་ལྟའི་བར་ལོ་བརྒྱ་ལྷག་ལས་འགོར་མེད་ཀྱང་། ཚགས་པར་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་གཞན་གྱི་རིག་གནས་ལ་སློབ་སྦྱོང་དང་། རང་གི་རིག་གནས་ཁྱབ་སྤེལ་དང་རྒྱུན་འཛིན་བྱེད་པར་ཕན་ནུས་ཐོན་ཡོད། དེ་བས་ཚགས་པར་བྱུང་འཕེལ་ལོ་རྒྱུས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པའི་དགོས་པ་ཤིན་ཏུ་ཆེ་བར་འདོད་པས། གཤམ་དུ་བོད་ཡིག་ཚགས་པར་སྔ་གྲས་བཞི་གཞིར་བཟུང་ནས་བོད་ཡིག་ཚགས་པར་གྱི་བྱུང་འཕེལ་སྐོར་རགས་ཙམ་བརྗོད་པར་བྱ།

དང་པོ། ལ་དྭགས་ཨག་པར།

བོད་ཡིག་ཚགས་པར་གྱི་ཐོག་མ་ནི་ལ་དྭགས་ཨག་པར་ཡིན་པ་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་ཚང་མས་ཁས་འཆེས་ཤིང་། ཨག་པར་ཞེས་པ་ནི་ཨར་ཏིའི་སྐད་དུ་གསར་འགྱུར་གྱི་དོན་ཡིན་ལ། དེ་ནི་སྤྱི་ལོ1904ལོར་ལ་དྭགས་གླེ་གྲོང་ཁྱེར་དུ་འཇར་མན་གྱི་ཆོས་སྤེལ་བ་ཧྥུ་རན་ཁུས་ལ་དྭགས་སུ་ཡེ་ཤུའི་ཆོས་ལུགས་དར་སྤེལ་བྱ་ཆེད་འགྲེམ་སྤེལ་བྱས་པ་དང་། དེས་བོད་ཀྱི་ཚགས་པར་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་ནི་སྨོས་མེད་རེད། ཚགས་པར་དེ་ནི1907ལོའི་བར་འགྲེམ་སྤེལ་གྱི་རྒྱུན་བསྐྱངས་ཀྱང་། རྩོམ་སྒྲིག་པ་ཧྥུ་རན་ཁུས་ལས་མཚམས་བཞག་པ་དང་སྤྱི་ཚོགས་ཕན་འབྲས་དེ་ཙམ་མ་བྱུང་སྟབས་པར་མཚམས་བཞག་པ་རེད། དེའི་ཕྱི་ལོར་ལས་གྲོགས་བོད་མི་སྐོར་ཞིག་གིས་ཚགས་པར་ལ་བོད་ཉམས་དོད་ཆེད་ལ་དྭགས་ཕོ་ཉ་ཞེས་པར་བསྒྱུར་ནས་ལོ་གཅིག་ལ་རྒྱུན་བསྐྱངས་ཀྱང་ཡང་བསྐྱར་མཚམས་ཆད། དང་ཐོག་ཚགས་པར་དེ་སྤེལ་དོན་ནི་ལ་དྭགས་ཡུལ་དུ་ཡེ་ཤུའི་ཆོས་ལུགས་དར་སྤེལ་བྱ་ཆེད་ཡིན་ཡང་། ཚགས་པར་གྱི་ནང་དོན་དངོས་ནི་ཆོས་ལུགས་ཁོ་ན་ཙམ་མ་ཡིན་པར་སྐབས་དེའི་འཛམ་གླིང་ཤར་ནུབ་ཀུན་གྱི་གནས་སྐབས་གསར་འགྱུར་དང་ཐོན་དངོས་གསར་པའི་ཚོང་འཕྲིན། ལོ་རྒྱུས་སོགས་ནང་དོན་མང་པོ་སྤེལ་བཞིན་ཡོད་པས། ཚགས་པར་དེས་ཐོག་མར་བོད་མི་རྣམས་ལ་འཛམ་གླིང་ཤར་ནུབ་ཀྱི་ལྟད་མོ་སྣ་མང་མཐོང་དུ་བཅུག་པར་མ་ཟད། རང་གི་གནས་བབ་ལ་བསམ་གཞིག་དང་རིག་གནས་གསར་པར་གདོང་གཏོད་དགོས་པར་སྐུལ་འདེད་ཀྱང་བྱས་ཡོད།

གཉིས་པ། བོད་ཀྱི་ཕལ་སྐད་གསར་འགྱུར།

དུས་རབས་ཉི་ཤུ་པའི་དུས་མགོར། ཀྲུང་གོའི་སྤྱི་ཚོགས་ཀྱི་ཆ་འཕྲིན་འཁོར་རྒྱུག་དེ་སྲིད་གཞུང་གིས་སྒེར་སྡེམ་བྱས་ཡོད་པས་མི་རྣམས་ཀྱིས་ཆ་འཕྲིན་གྱི་འཁོར་སྐྱོད་ངེས་ཅན་ཞིག་བརྒྱུད་རྗེས་ད་གཟོད་ཕྱི་རོལ་འཇིག་རྟེན་གྱི་གནས་སྟངས་དང་ཆབ་སྲིད་ལ་རྒྱུས་ལོན་བྱེད་ཐུབ་པ་རེད། ས་གནས་ཀྱི་སྟོབས་ཤུགས་གོང་དུ་འཕེལ་བ་དང་མཉམ་དུ་ཚགས་དེབ་ཀྱིས་ཕན་ནུས་གལ་ཆེན་བཟུང་ཡོད་ལ། སྐབས་དེར་ཆིང་སྲིད་གཞུང་གིས་ཡོ་རོབ་ཏུ་སློབ་སྦྱོང་བྱས་མྱོང་མཁན་གྱི་བོད་སྡོད་ཨམ་བན་མཐའ་མ་ལེན་ཡུས(联豫)ལྷ་ས་རུ་སྲིད་གསར་སྤེལ་བར་མངགས་ཤིང་། སྤྱི་ལོ1907ལོའི་ཟླ་བཞི་པ་དང་ལྔ་པའི་ནང་ལྷ་སར་བོད་ཀྱི་ཕལ་སྐད་གསར་འགྱུར་པར་སྐྲུན་བྱས། ཚགས་པར་དེ་པར་དུ་འདེབས་མཁན་ངོ་མ་ནི་མན་ཇུ་རིགས་ཀྱི་བོད་སྡོད་ཨམ་བན་ལེན་ཡུས་ཡིན་ཡང་། ཐོག་མར་སྤེལ་དུས་བོད་སྡོད་ཨམ་བན་ཀྲང་ཡན་ཐང་གི་རྡོ་པར་འཕྲུལ་ཆས་ལ་བརྟེན་ནས་པར་དུ་བཏབ་པ་རེད། ཚགས་པར་དེ་ནི་ཐོག་མར་བོད་རྒྱ་ཤན་སྦྱར་གྱིས་དཔར་བ་ཡིན་ལ། གྲངས་ཉུང་མི་རིགས་ས་ཁུལ་དུ་སྐད་རིགས་གཉིས་ཀྱི་ལམ་ནས་བསྒྲུབས་པའི་པར་གཞི་ཐོག་མའི་གྲས་སུ་གཏོགས། བོད་རྒྱ་སྐད་གཉིས་ཀྱིས་བསྒྲུབས་པའི་གསར་འགྱུར་དྲིལ་བསྒྲགས་ཀྱི་ནུས་པ་ཆེ་རུ་སོང་བ་དང་ཀློག་པ་པོའི་སྐད་རིགས་ཀྱི་བཀག་རྒྱ་གཏོར་ཅིང་། གཙོ་བོར་རྒྱལ་ཁབ་ཀྱི་བདག་དབང་བོད་ལྗོངས་སུ་ཁྱབ་བསྒྲགས་བྱེད་པ་དང་། བོད་ལྗོངས་ཀྱི་གོམས་སྲོལ་རྙིང་པ་བསྒྱུར་ཞིང་རྒྱལ་ཁབ་དང་རྒྱལ་སྤྱིའི་གནས་ཚུལ་དྲིལ་སྒྲོག་བྱེད་པ། བོད་ལྗོངས་ཀྱི་མཐོང་རྒྱ་བསྐྱེད་དེ་དེང་རབས་ཤེས་རིག་གི་སྒོ་འབྱེད་སློབ་གསོ་ལག་ཏུ་བསྟར་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་ཡིན་ལ། རྒྱལ་ཁབ་ལ་གཅེས་ཤིང་དྲག་རྩལ་ལ་དགའ་བ། རྨོངས་སེལ་བློ་འབྱེད་ཀྱི་འདུ་ཤེས་གསར་པ་སྤེལ་བ། ཆིང་གོང་མའི་བཀའ་ལུང་དང་གསེར་སྙན། གཞུང་ཡིག་དྲིལ་བསྒྲགས་སོགས་བཀོད་ཡོད།

གསུམ། བོད་ཡིག་ཕལ་སྐད་གསར་འགྱུར།

སྤྱི་ལོ1912ལོའི་ཟླ4པར་ཀྲུང་ཧྭ་མིན་གོས་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ལི་ཧྥན་ཡོན(理幡院)མེད་པར་བཟོས་ཤིང་། སོག་བོད་ལས་དོན་ཅུས་བཙུགས་ནས་བོད་སོག་ས་གནས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལས་དོན་ལ་དོ་དམ་བྱས། སྤྱི་ལོ1913ལོར་བོད་ཡིག་ཕལ་སྐད་གསར་འགྱུར་སོགས་ཚགས་པར་དང་དུས་དེབ་མང་པོ་གསར་དུ་སྤེལ་བ་དང་། ཀྲུང་ཧྭ་མིན་གོ་བཙུགས་རྗེས་ཀྲུང་ཧྭ་མིན་གོའི་གནས་སྐབས་སྡོམ་ཁྲིམས་ལག་ལེན་དུ་བསྟར་ཆེད། ཀྲུང་ཧྭ་མིན་གོ་སྲིད་གཞུང་གིས་བོད་ལྗོངས་དང་འབྲེལ་བ་སླར་གསོ་བྱས་ཏེ་ཐབས་ཇུས་མང་པོ་ཞིག་འཐེན་མོད། བོད་ལྗོངས་སྐྱ་སེར་གྱིས་ཚུགས་མ་ཐག་པའི་ཀྲུང་ཧྭ་མིན་གོ་ཁས་ལེན་གྱིན་མེད་པས། གནད་དོན་དེ་ཉིད་བསྐྱུངས་པ་དང་ས་གནས་དང་ཀྲུང་དབྱང་གི་འགལ་ཟླ་སེལ་ཆེད། ཀྲུང་དབྱང་གིས་སོག་བོད་ལས་དོན་ཨུ་ཡོན་ལྷན་ཁང་ལ་བོད་ཡིག་ཕལ་སྐད་གསར་འགྱུར་གསར་འདོན་བྱ་རྒྱུའི་བཀའ་ཕབ་ཅིང་། ཟླ་ངོ་བཞིའི་རིང་གི་གྲ་སྒྲིག་བྱས་པ་བརྒྱུད་ནས། སྤྱི་ལོ1913ལོའི་ལོ་གསར་ལ་དངོས་སུ་པར་སྐྲུན་བྱས། བོད་ཡིག་ཕལ་སྐད་གསར་འགྱུར་གྱིས་མི་རིགས་མཉམ་གནས་སྒྲོག་སྤེལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་འདྲ་མཉམ་དར་སྤེལ། ཀྲུང་ཧྭ་འཛུགས་སྐྲུན་བཅས་བྱ་རྒྱུ་དེ་དམིགས་ཡུལ་དུ་བཟུང་ཡོད། དེའི་ནང་སོག་རིགས་དང་། ཧུའེ་རིགས། བོད་རིགས་བཅས་ནི་ཀྲུང་ཧྭ་མིན་གོ་རྒྱལ་ཁབ་ལས་ལོགས་སུ་བཀར་མི་རུང་བ་དང་། ཀྲུང་ཧྭ་མིན་གོའང་སོག་རིགས་དང་། ཧུའེ་རིགས། བོད་རིགས་བཅས་དང་ཁ་འབྲལ་མི་ཆོག་པར་བཀོད་ཡོད། དེང་རབས་བརྒྱུད་བསྒྲགས་རིག་པའི་ངོས་ནས་བལྟས་ན། བོད་ཡིག་ཕལ་སྐད་གསར་འགྱུར་གྱི་ཆབ་སྲིད་རང་བཞིན་དེ་གསར་འགྱུར་རང་བཞིན་ལས་ཤུགས་དྲག་པར་སྙམ།

བཞི། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་།

གོང་དུ་བརྗོད་ཟིན་པའི་ཚགས་པར་རེ་གཉིས་བྱུང་བས། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་བྱུང་བར་ཤུགས་རྐྱེན་དང་རྨང་གཞི་བརྟན་པོ་བཏིང་། སྤྱི་ལོ1925ལོའི་ཟླ10པར་ཧི་མ་ལ་ཡའི་རི་རྒྱུད། བལ་བོད་འབྲས་གསུམ་གྱི་མཐའ་མཚམས་སུ་གནས་པའི་གྲོང་ཁྱེར་ཀ་ལོན་སྦུག་ཏུ། བོད་པ་ཁུ་ནུ་བྷ་བུ་མཐར་ཕྱིན་ལགས་ཀྱིས་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པའི་བོད་ཡིག་ཚགས་པར་འགྲེམ་སྤེལ་བྱས་ཤིང་།དེ་ལ་ལག་བྲིས་དང་ལྕགས་པར་གྱི་ཡིག་གཟུགས་རིགས་གཉིས་ཡོད་པ་དང་། ལག་བྲིས་ལ་ཡང་དབུ་ཅན་དང་དབུ་མེད་རིགས་གཉིས་ཡོད། ཕྱིས་སུ་ལག་བྲིས་ནས་ལྕགས་པར་དུ་བར་བརྒལ་བྱས་ཤིང་ལྕགས་པར་དུ་ཐོད་རྒལ་བྱུང་རྗེས་ཡིག་གཟུགས་ལེགས་ཤིང་མྱུར་ཚད་མགྱོགས་ལ། སྐུང་འབྲི་དང་བསྡུས་འབྲི་མེད་པ། གྲ་དག་པ་སོགས་ཀྱིས་ཀློག་པ་པོར་སྟབས་བདེ་བསྐྲུན་ཡོད་པ་དང་། མདུན་ངོས་ཀྱི་མཐའ་རྒྱན་དུ་བོད་རང་གི་ཁྱད་ཆོས་ལྡན་པའི་གཡུང་དྲུང་གི་རི་མོ་དང་ནོར་བུ་མེ་འབར། རྡོ་རྗེ་རྒྱ་གྲམ། བཀྲ་ཤིས་རྟགས་བརྒྱད། པ་ཏྲ་བཅས་ཀྱི་རི་མོས་བརྒྱན་ཡོད། མདུན་ངོས་སུ་ཚགས་པར་གྱི་ཁ་བྱང་འཕྲེད་དུ་བྲིས་ཡོད་ལ་ཁ་བྱང་གི་གཡས་གཡོན་དུ་ལོ་ཟླ་ཚེས་གྲངས་སོགས་བཀོད་འདུག་པས། བལྟས་མ་ཐག་ནས་པར་ངོས་གཙང་ཞིང་གསལ། རྒྱབ་ངོས་སུ་གཞན་དང་མི་འདྲ་བར་གཏམ་རྒྱུད་དང་གཏམ་དཔེ། དབུ་འཁོར་རྩེད་འཇོ་སོགས་བཀོད་ཡོད་ཅིང་། དེ་ཡི་གཟབ་ནན་རང་བཞིན་ཅན་གྱི་གསར་འགྱུར་དང་བརྩམས་ཆོས་ཀྱིས་ཀློག་པ་པོའི་དང་བ་དྲངས། དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་པའི་ནང་དུ་བོད་ཁུལ་གྱི་ཚོང་ཟོང་མང་ཆེ་བ་ནི་རྒྱ་གར་གྱི་ཡིན་ལ། རྒྱ་གར་དུའང་བོད་ཀྱི་ལུག་བལ་དང་། པགས་པ། གླ་རྩི་སོགས་རྒྱུག་ཆེ་བས། ཚོང་ཟོང་འཁོར་རྒྱུག་དང་ཁྲོམ་རའི་གནས་ཚུལ་ཤེས་རྟོགས་བྱེད་པ་ནི་གསར་འགྱུར་གྱི་ཁུངས་སྣེ་གསར་པ་ཞིག་ཏུ་གྱུར་ཡོད་པས། ཚགས་པར་དེས་མི་རྣམས་ལ་ཚོང་འཕྲིན་བརྡ་ཁྱབ་སྤེལ་བར་མ་ཟད་དཔལ་འབྱོར་གོང་སྤེལ་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། གཞན་ཡང་གསར་འགྱུར་གྱི་ཞོར་དུ་ལེགས་བཤད་དང་། སྙན་རྩོམ། རྣམ་ཐར། དབུ་འཁོར། ས་ཁྲ་སོགས་ཀྱང་བཀོད་ཡོད་པས། བོད་ཀྱི་རིག་གནས་ཤེས་བྱའི་གན་མཛོད་ཅིག་ཏུ་ཡང་གྱུར་ཡོད་དོ། །

ཟུར་ལྟའི་ཡིག་ཆ།

[1]周德仓:《中国藏文报刊发展史》[M]陕西:中国社会出社,2010年1月P70-73

[2]白润生:《中国少数民族新闻传播史》[M]河北:民族出版社,2018年4月P120-126

[3]孙文娟:《藏文报刊的传播功能与特点探析》[J]山东:西藏艺术研究,2017年2期P74-78

[4]徐丽华:《藏文白话报述要》[J]北京:中国藏学 1999年02期P118

[5]韩殿栋:《藏文白话报与中国西藏》.西藏:西藏大学学报 第二十四卷一期P112-116

[6]ཡི་དམ་ཚེ་རིང་། བོད་ཡིག་གི་ཚགས་པར་གསར་འགྱུར་མེ་ལོང་དང་དེར་བཀོལ་པའི་རྩོམ་རིག་བརྩམས་ཆོས་ལ་དཔྱད་པ། [D]མཚོ་སྔོན་དགེ་ཐོན་སློབ་ཆེན། 2013ལོའི་བསླབ་གནས་དཔྱད་རྩོམ།P126-130

[7]གནམ་འབུམ་རྒྱལ། ཉེ་དེང་ལོ་རྒྱུས་ཀྱི་སོ་མཚམས་སུ་འགྲེང་བའི་སྨྱན་བྱེད་ཚགས་པར། [D]བོད་ལྗོངས་སློབ་ཆེན། 2019ལོའི་བསླབ་གནས་དཔྱད་རྩོམ།P83-85

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།