ཀྲུང་གོ་བོད་ཀྱི་དྲ་བ།

བསྟན་བཅོས་འཇུག་སྒོ་རུ་ཀློག་པ་པོའི་གལ་ཆེན་རང་བཞིན་བསྟན་ཚུལ་ལ་དཔྱད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཆོས་སྐྱོང་སྐྱབས།   སྤེལ་དུས། : 2021-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གླེང་གཞི།

དུས་ཀྱི་འཁོར་འགྲོས་དང་བསྟུན་ནས་གང་ཟག་རང་མཚན་པའི་སེམས་ཀྱི་རྒྱུ་ལུགས་དང་བློ་ཡི་དཔྱོད་ལུགས་སྣ་མང་ཅན་ལ་ཕྱོགས་པ་དང་བསྟུན། མང་མང་ཞིག་གིས་མཆོད་བརྗོད་དང་། བཤད་པར་དམ་བཅའ་བ། ཁེངས་པ་བསྐྱུངས་ཚུལ། ལུས་རྣམ་གཞག་ནི་རྩོམ་པ་པོའི་འཆར་སྒོ་རྒྱང་དུ་བསྲིང་པ་ལ་བཀག་ཏུ་གྱུར་ཅིང་། དད་པའི་ཀློང་དུ་འཐིམ་པའི་ཆོས་པ་ཚོའི་མཆོད་སྤྲིན་ཙམ་དུ་ངོས་བཟུང་ནས་རྩོམ་པའི་ལུགས་ལ་དགོས་མེད་དུ་འདོད་ཅིང་དམའ་འབེབས་པའི་ངང་། ཨ་རིའི་དེང་རབས་རྩོམ་རིག་སྨྲ་བ་ཨེད་པུའུ་རཱ་མུའུ་ཟིས་བཏོན་པའི“རྩོམ་རིག་ནི་ལས་ཞིག་ཡིན་པའི་ངོས་ནས་བརྩམས་ཆོས་དང་རྩོམ་པ་པོ། འཇིག་རྟེན་དང་ཀློག་པ་བཞི་ལས་གྲུབ”①ཅེས་པར་བསྟོད་པའི་མཐེ་བོང་དགུང་དུ་གཏད་དེ། འདི་ལུགས་ཤིག་བོད་ཀྱི་མཁས་པ་ཚོའི་སེམས་པའི་ལས་སུ་མ་ཐོན་པ་ཞིག་བཤད་པ་ནི། རང་བློ་གཞན་ལ་ཕྱོགས་ཆེ་ཞིང་དཔྱོད་པའི་བློ་གུ་དོག་པ་ཡིན་པར་འདོད་དེ། རྩོམ་པའི་གཞུང་ལུགས་གང་ཞིག་ཡིན་ཡང་ཐོག་མ་ནས་འཐུས་ཚང་ཞིང་དྲི་མས་མ་གོས་པ་ཞིག་དཀོན་པའི་ཚོད་དུ་འདུག་ཅིང་། གཞུང་མང་དག་ཅིག་སྔ་རབས་ཀྱི་རྨད་བྱུང་ཉམས་མྱོང་དང་རང་ཉིད་ཀྱི་མྱོང་བའི་ལག་རྗེས་ལས་གྲུབ་པས། ང་ཚོའི་ཕྱི་རབས་པ་ཚོས་ཀྱང་སྔོན་བྱོན་དམ་པའི་གསུང་ལ་སྡང་བའི་མིག་གིས་དགོས་མེད་དུ་འདོད་པའི་བརྟུལ་ཞུགས་མི་འཛིན་པར་ལེགས་པར་དཔྱད་དེ། གབ་པའི་ལུགས་སུ་མངོན་པའི་རྩོམ་འབྲིའི་གཞུང་ལུགས་ལས་ཉེར་བར་མཁོ་བ་དག་བསྩལ་དུ་འདོན་རྒྱུ་ནི་ང་ཚོའི་ཕྲག་པའི་གཉའ་ཤིང་དུ་མི་གཟུང་བར་རྒྱན་དུ་འཛིན་རྒྱུ་གལ་ཆེན་དུ་སེམས་པས། འདིར་ཡང་སྙན་ངག་མེ་ལོང་མའི་གཞུང་ལྟར་མི་རིགས་རང་མཚན་པའི་གདངས་ཞུགས་པའི་ཐུན་མིན་བོད་ཀྱི་རྩོམ་འབྲིའི་གཞུང་ལུགས་ལས། བསྟན་བཅོས་ལ་འཇུག་པའི་སྒོ་ཟུར་དུ་བཏོན་ནས་རྩོམ་རིག་གི་ཆོས་བཞི་ལས་ཀློག་པ་པོའི་གལ་ཆེན་རང་བཞིན་ཇི་ལྟར་བསྟན་ཚུལ་དཔྱད་པའི་ཁུལ་འཛིན་པར་བྱའོ། །

དང་པོ། ཀློག་པ་པོའི་དང་པ་འདྲེན་ཚུལ་བསྟན་པ།

“བསྟན་བཅོས་བྱེད་པའི་དམ་པ་ཡིས། ། སྟོན་པ་ལ་ནི་མཆོད་བརྗོད་བྱ། །”②ཞེས་གསུངས་པའི་བསྟན་བཅོས་ལ་མཆོད་པ་བརྗོད་པའི་ཚུལ་ལ། མཆོད་པའི་མཐའ་ཅན་དང་འདུད་པའི་མཐའ་ཅན། ཤིས་པར་བརྗོད་པའི་མཐའ་ཅན་དང་ཕྱག་འཚལ་བའི་མཐའ་ཅན་སོགས་མང་མོད། “མཆོད་བསྟོད་འདུད་པའི་བདག་ཉིད་ཅན། ། ཤིས་པར་བརྗོད་སོགས་མི་འགལ་ཏེ། ། ཐམས་ཅད་དུ་ཡང་སྟོན་པ་ཡི། ། ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །”③ཞེས་གསུངས་པ་ལྟར་མཆོད་པ་བརྗོད་སྟངས་མ་འདྲ་བ་ཙམ་ལས་རང་སོ་སོར་ལམ་ཡང་དག་པ་ཞིག་སྟོན་མཁན་གྱི་བླ་མ་དང་བཅས་པའི་ཆེ་བ་འབའ་ཞིག་བརྗོད་པ་ཡིན་ཞིང་། “མཆོད་པར་བརྗོད་པ་ལ་རྩོམ་པ་པོ་རང་གི་རྒྱུད་ལ་འབྱུང་བ་དང་། བཤད་ཉན་བྱེད་པ་གཞན་གྱི་རྒྱུད་ལ་འཐོབ་པའི”④དགོས་པ་གཉིས་དང་ལྡན་པར་གསུངས་པ་ལས་བཤད་ཉན་བྱེད་པ་གཞན་གྱི་རྒྱུད་ལ་ཞེས་པའི་གཞན་ནི་རྩོམ་པ་པོ་གང་ཞིག་གི་བརྩམས་ཆོས་དེ་ཉིད་འཆད་པ་པོས་འཆད་ཅིང་། ཉན་པ་པོས་ཉན་པ་གང་ཡིན་ཡང་དོན་དུ་བརྩམས་ཆོས་མྱོང་མཁན་སྟོན་ཞིང་། “སྤྱིར་བཏང་རྩོམ་གྱི་སྤྱི་ཁོག་གི་བཀོད་སྒྲིག་སྟེང་ནས་ལུས་ཀྱི་བོང་ཚོད། ཡན་ལག་གི་ཕྲ་སྦོམ། ཕྱི་ཡི་ཤ་པགས། ནང་གི་དོན་སྣོད། གོས་རྒྱན་གྱི་ཆ་ལུགས། སྒྲིབ་གསལ་འབུར་ཞོམ་གྱི་ཁྱད་པར་སོགས་རི་མོ་མཁས་པས་མི་གཟུགས་འབྲི་བ་བཞིན་དུ་ལུས་ཡོངས་རྫོགས་ཀྱི་བཀོད་སྒྲིག་ཕུན་སུམ་ཚོགས་པ་ཞིག་འབྱུང་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། དེའི་ནང་ནས་ཀྱང་རྩོམ་གྱི་མགོ་འཛིན་ཚུལ། གཞུང་བསྲིང་ཚུལ། མཇུག་སྡུད་ཚུལ་གསུམ་ནི་རྩོམ་གྱི་གནད་ཆེ་ས་ཞིག་ཡིན”⑤ཞེས་གསུངས་པ་བཞིན་བོད་ཀྱི་མཁས་པའི་སྙན་ངག་གི་མགོ་འཛིན་ཚུལ་ལ་མཆོད་པའི་བདག་ཉིད་དུ་བྱས་པ་ནི་རང་ཉིད་ཀྱི་དགོས་དོན་འགྲུབ་པ་ཙམ་ཞིག་ག་ལ་ཡིན་ཏེ། “རྩོམ་རིག་གི་ལས་ནི་ཀློག་པ་པོའི་གསར་རྩོམ་ཙམ་མ་ཡིན་པར། དེ་ལ་ཀློག་མཁན་གྱི་རོལ་མྱོང་བྱ་བའི་ལས་དགོས་ཤིང་། རྩོམ་ཆོས་ཀྱི་གོ་ཐང་ཡང་ཀློག་མཁན་གྱི་རོལ་མྱོང་ལས་མངོན་དགོས་པས། ཀློག་པ་པོ་ནི་རྩོམ་རིག་གི་ལས་ཀྱི་ཁྲོད་གཞི་རྩའི་རྒྱུ་གཅིག་ཏུ་གྲུབ”⑥ཅེས་གསུངས་པ་བཞིན་རྩོམ་པ་པོ་དང་ཀློག་པ་པོའི་བར་ལྟོས་པའི་འབྲེལ་བ་གྲུབ་ཅིང་། མཆོད་བརྗོད་དེ་ཡང་རྩོམ་པོའི་དགོས་དོན་འགྲུབ་བྱེད་ཉག་ཅིག་ཡིན་ན་འབྲི་བ་ལ་དགོས་དོན་ཆེར་མེད་པར་རང་ཉིད་ཀྱི་ངག་ཏུ་ཟློ་བའི་ཚུལ་བཟུང་ན་ཆོག་མོད་ཆེད་དུ་བརྗོད་པ་ནི། རྩོམ་པ་པོ་དང་ཀློག་པ་པོའི་དབར་གྱི་བརྩེ་དུང་གི་རྒྱང་ཁད་བསྟུང་བར་བྱེད་ཅིང་ཀློག་པ་པོའི་དང་བ་འདྲེན་པའི་སྒྱུ་རྩལ་ཆེ་སྟེ། དཔེར་ན་སློབ་དཔོན་དཔའ་བོས་མཛད་པའི་སངས་རྒྱས་ཀྱི་བསྟོད་པ་ལས་ཀྱང“སྙན་ངག་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་ཡུལ་ཐམས་ཅད་དུ་ཁྱབ་སྟེ། ཐ་ན་གླུ་གར་མཁན་དང་བཞད་གད་མཁན་རྣམས་ཀྱང་འདོན་པར་བྱེད་པས་ཡུལ་གྱི་སྐྱེ་བར་ཐམས་ཅད་སངས་རྒྱས་ལ་དད་པ་ཤུགས་ཀྱིས་སྐྱེས”⑦ཞེས་གསུངས་པ་ལྟར་སྙན་ངག་གི་སྦྱོར་བ་ཁྱད་པར་ཅན་གྱི་སྒོ་ནས་མཆོད་པར་བརྗོད་ན་ཀློག་པ་པོའི་ཡིད་ཀྱང་རྩོམ་པ་པོའི་ཡིད་ཀྱི་མོས་སའི་ཁུད་དུ་དྲངས་ནས་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀྱི་དུང་སེམས་གཅིག་ཏུ་འདྲེས་ཤིང་། གཉེན་ཕན་ཚུན་འཕྲད་པ་དང་འདྲ་བར་མཛའ་བརྩེ་རྨུ་ཐག་གིས་ཉེ་བར་མཐུད་པས། རྩོམ་པ་པོའི་བརྗོད་པར་ཉན་འདོད་ཀྱི་ཀུན་ནས་སློང་བར་བྱ་བའི་དགོས་ནུས་ཁྱད་པར་ཅན་ལྡན་ཞིང་། སྔོན་བྱོན་བོད་ཀྱི་མཁས་པས་བསྟན་བཅོས་རྩོམ་པ་དང་། སྙན་པའི་ངག་གི་སྦྱོར་བ་སྤེལ་བར་མཆོད་བརྗོད་འབྲི་བ་ནི་གུས་པའི་མཆོད་འདུད་ཙམ་མ་ཡིན་པར་རྩོམ་འབྲིའི་གཞུང་ལུགས་ངོས་ནས་ཀློག་པ་པོའི་དང་བ་འདྲེན་ཚུལ་ལ་དོ་སྣང་དང་གཙིགས་སུ་འཛིན་པ་དངོས་ཤུགས་གང་རུང་ནས་རྟོགས་ཐུབ་བོ། །

གཉིས་པ། ཀློག་པ་པོའི་སྤྲོ་བ་འཕེལ་ལུགས་བསྟན་པ།

རཱོ་སྭིན་ཁེ་ལིན་ཝུ་ཏི་ཡིས། (罗宾·柯林伍德) “རང་གི་བརྗོད་མི་ཤེས་པའམ་བརྗོད་པར་དཀའ་བའི་ཚོར་འདུ་དག་སྒྱུ་རྩལ་གྱི་ལམ་ནས་ཇི་བཞིན་སྟོན་པར་བྱེད་པ་སྟེ། རྣམ་པ་ཁ་གསལ་ཅན་དུ་བསྒྱུར་བའི་ལུགས་ལ་མཁས་པ་བྱུང་ཚེ། དེས་རོལ་མྱོང་བྱེད་པོ་ཀུན་རྫོབ་དོན་ལ་ཚད་མར་འཛིན་པའི་འདུ་ཤེས་བསྐྱེད་ཅིང་། སྒྱུ་རྩལ་པ་རང་ཉིད་ཀྱང་ལུས་སྟེང་གི་ཁུར་པོ་ཞིག་ས་ལ་ཕབ་པ་བཞིན་རིང་མོ་ཞིག་ནས་བསགས་པའི་སེམས་ངོས་ཀྱི་སྡང་ཞེན་གྱི་ཕུང་པོ་དེ་ཡང་ཏི་ཅལ་དུ་འགྲོའོ་ཞེས་དང་། ཡང་ཁོང་གིས། མི་རྣམས་ཀྱིས་སྙན་ངག་གྱེར་བའི་སྐབས་སུ་སྙན་པའི་ཚོར་འདུ་ཉམས་སུ་མྱོང་བ་ཙམ་མ་ཟད། སྙན་ངག་པའི་ངག་གི་སྦྱོར་བ་ལ་བརྟེན་ནས་རང་རང་གི་ཚོར་འདུ་ཡང་མཚོན་ནུས་པས། དེས་ན་སྙན་ངག་པའི་ཚོར་འདུ་དེ་དག་ཀློག་པ་པོ་རང་ཉིད་ཀྱི་ཚོར་འདུར་འགྱུར་ཐུབ་པ་ཡིན”⑧ཞེས་གསུངས་པ་ལྟར་རྩོམ་རིག་གི་ཆོས་བཞི་ནི་རྟེན་འབྲེལ་དུ་གནས་པས། བརྩམས་ཆོས་ཤིག་གི་ཚུགས་བཞི་རི་མོའི་བཀྲམ་ལུགས་ལས་དགའ་སྐྱོ་ཆགས་སྡང་གི་གཡོ་སྐྱོམ་རྟོགས་དགོས་ན། ཀློག་པ་པོའི་རོལ་མྱོང་ནི་མེད་དུ་མི་རུང་ཞིང་། “དགེ་བའི་ལས་རྣམས་ཐམས་ཅད་ཀྱི། ། རྩ་བ་མོས་པར་ཐུབ་པར་གསུངས། །”⑨ཞེས་པ་བཞིན་བརྩམས་ཆོས་རོལ་མྱོང་བྱ་བར་ཡང་ཀློག་པ་པོ་དེ་ལ་སྤྲོ་དགོས་པ་ནི་མུན་པའི་གཉེན་པོར་འོད་སྣང་འགྲོ་བ་ལྟར་གལ་ཆེན་དུ་གྲུབ་པས།“དམ་བཅའ་བ་དང་བསྐུལ་ཚིག་སོགས། ། འཆད་ཕྱིར་སྤྲོ་བ་སྟོན་པ་སྟེ། ། མཆོག་རྟོགས་འགྲུབ་པའི་རྒྱུར་འགྱུར་བས། ། ཁས་ལེན་པ་ལ་འགལ་བ་མེད། །”ཅེས་དང་། ནུས་པ་མེད་ཅིང་འབད་བཞིན་དུ། ། བསྟན་བཅོས་ལ་ཡང་འཇུག་པའི་ཚིག ། བསྟན་བཅོས་དང་ནི་སྟོན་བྱེད་པ། ། གཉིས་ཀ་དམ་པར་བསྟན་ཕྱིར་ཡིན། །ཞེས་དང་། དེ་གསལ་བྱེད་དུ་ཁོ་བོ་རང་བཞིན་གྱིས་བློ་རྟུལ་བ་དང་། རྐྱེན་སྦྱངས་པ་ཆུང་བས་རྩོམ་པའི་ནུས་པ་མེད་མོད། འོན་ཀྱང་རང་ངམ་རང་དང་འདྲ་བའམ། རང་བས་དམན་པའི་དོན་དུ་འབད་པར་བྱའོ་ཞེས་བྱ་བའི་ཚིག་སྟེ། འདིས་བསྟན་བཅོས་དམ་པར་སྟོན་ཏེ། ནུས་པ་མེད་ཀྱང་འདི་ལྟར་འབད་ན་འདི་ལ་དོན་ཆེན་པོ་ཞིག་གོ་ཞེས་རྟོག་པ་དང་ལྡན་པས་དཔྱོད་པ་སྐྱེ་སྟེ། དཔེར་ན་ཚོང་པས་རྒྱ་མཚོ་ལས་རིན་པོ་ཆེ་ལོན་པ་བཞིན་ནོ། ། ཡང་རྩོམ་པ་པོ་རང་ཉིད་གང་ཟག་དམ་པར་རྟོགས་པ་ཡིན་ཏེ། འདི་ལྟར་ཚིག་དོན་ལ་མཁས་བཞིན་དུའང་མི་ཤེས་སོ་ཞེས་ཁེངས་པ་མེད་པ་ལ་དཔྱད་ན་རྩོམ་པ་པོ་གང་ཟག་དམ་པར་རྟོགས་པ་ཡིན་ནོ”⑩ཞེས་གསུངས་པ་བཞིན། མཆོད་པར་བརྗོད་པ་ལས་རྩོམ་པ་པོས་ནུས་པ་གཞན་ཞིག་གཡར་ནས་རྩོམ་པ་པོ་དང་ཀློག་པ་པོའི་བར་གྱི་བརྩེ་དུང་གི་རྒྱང་ཁད་ཉེ་བར་བྱས་ཤིང་། བཤད་པར་དམ་བཅའ་བ་དང་ཁེངས་པ་བསྐྱུངས་པས་རྩོམ་པ་པོ་ཉིད་དང་རྩོམ་ཆོས་དམ་པར་བསྟན་ཏེ་ཀློག་པ་པོའི་སྤྲོ་བར་འཕེལ་བར་བྱས་ཡོད་དེ། དཔེར་ན། དགའ་ཁ་འཁྱེར་ཕྱོགས་ཀྱི་དབང་གིས་གྲོགས་སུ་གྱུར་ཡོད་པ་ལ། དེའི་སྟེང་དུ་རང་ཉིད་ཀྱི་གྲོགས་པོ་དེ་གཞན་གྱི་བསྟོད་པའི་ཡུལ་དུ་གྱུར་ཅིང་གཙུག་གི་ནོར་ལྟར་བརྩི་བ་ཞིག་ཡིན་ན་རང་ཉིད་ཀྱང་སྤྲོ་བ་བླ་ལྷག་ཏུ་རྒྱས་པ་བཞིན་དུ། འདིར་དམ་བཅའ་བ་དང་ཁེངས་པ་བསྐྱུངས་པས་ཀྱང་ཀློག་པ་པོའི་ཡིད་ཀྱི་ལྕགས་ཀྱུ་རྩོམ་པ་པོའི་མི་གཤིས་ཀྱི་གོ་ཁ་ནས་རྩོམ་ཆོས་ཀྱི་པང་དུ་ལྷུང་བར་བྱས་པའི་སྒྱུ་རྩལ་ཁྱད་འཕགས་ཅན་བཀོལ་ཡོད་དོ། །

ལས་གང་ཞིག་ལ་དང་བས་རྒྱན་ཞིང་སྤྲོ་བས་དྲངས་ནའང་འཇུག་བྱའི་ཡུལ་དེ་ཉིད་རང་གི་བློ་ཡི་དཔྱོད་སྟོབས་ཀྱིས་ཆོད་པར་མི་ནུས་ན་གཟེབ་ཏུ་བཅུག་པའི་བྱེའུ་བཞིན་ཕྱི་རོལ་ཏུ་ལྟ་བ་ཙམ་དུ་ཟད་ཅིང་། ཀློག་པ་པོས་ཚིག་གི་ལོ་མ་དེ་སྒྲ་ཡི་དཀྱིལ་འཁོར་དུ་དྲངས་པ་ཙམ་ལས། བརྗོད་བྱའི་བང་རིམ་དུ་འཇུག་མི་ཐུབ་པས། “འཆད་པ་པོས་འཆད་སླ། ཉན་པ་པོས་གཟུང་བདེ། བསྟན་བཅོས་ལ་ངེས་པ་སྐྱེ་སླ་བའི”ཕྱིར་ལུས་ཀྱི་རྣམ་གཞག་ཐོག་མར་བཀོད་པ་ནི་ཀློག་པ་པོ་ཡུལ་དུ་འཐིམ་ཆེད་དུ་བཀོད་པར་བསམ་སྟེ། རང་ཉིད་ཀྱིས་ཐེག་ཐུབ་པ་ཞིག་ཡིན་ན། བྱིས་པ་རྣམས་ཀྱང་ངལ་བ་མེད་པར་འཇུག་པ་བཞིན་ཀློག་པ་པོ་གང་དེས་ཡུལ་གང་དེར་སུན་སྣང་མེད་པར་མྱོང་རོལ་བྱ་ངེས་ལ། “རྩོམ་པ་པོ་གང་ཞིག་ཡིན་ཡང་ཐོག་མའི་གསར་རྩོམ་བྱེད་པའི་དུས་རིམ་ནས།རང་ཉིད་ལ་འོས་པའི་རང་མཚན་གྱི་ཀློག་མཁན་ཞིག་འཆར་བཀོད་བྱས་ཤིང་། དམིགས་ས་དེ་ཉིད་མངོན་སུམ་དུ་གནས་པ་ཞིག་མ་ཡིན་པར། བརྩམས་ཆོས་ཀྱི་སྟོང་པའི་སྒྲིག་རིམ་ལས་མངོན་དགོས”ཞེས་གསུངས་པ་བཞིན། གཟུང་སླ་བ་དང་འཆད་སླ་བའི་སྤྱི་མཚན་གྱི་ཁོག་པ་ཞིག་བསྐྲུན་པ་ནི་ཀློག་པ་པོ་བསྟན་བཅོས་ཀྱི་བང་རིམ་དུ་གཤོག་ཟུང་རྐྱོང་བའི་སྒོ་བསྟན་པ་དང་འདྲ་ཞིང་། ཀློག་པ་པོས་རང་ཉིད་ཀྱི་རྣམ་དཔྱོད་དང་རྟོག་པའི་འཆར་སྒོ་རྒྱང་དུ་བསྲིངས་ནས་བརྩམས་ཆོས་དེ་ལས་རང་ཉིད་ལ་འོས་པའི་འཇིག་རྟེན་ཞིག་བསྐྲུན་ཐུབ་པ་ནི་ལུས་ཀྱི་རྣམ་གཞག་བསྟན་པས་དགོས་པ་ཉིད་དུ་ཟད་ཅིང་། ཀློག་པ་པོ་བསྟན་བཅོས་ལ་འཁྲིད་བྱེད་ཀྱི་ལྕགས་ཀྱུ་ཞིག་ཀྱང་ཡིན་པས། དེ་ནི་རྩོམ་རིགས་སུ་བསྟན་འོས་ཤིང་སྟོན་དགོས་པའི་རིག་འཕྲུལ་ཁྱད་དུ་འཕགས་པ་ཞིག་རེད་བསམ་མོ། །

མཇུག་བསྡུ་བ།

མདོར་ན། བསྟན་བཅོས་ལ་འཇུག་པའི་སྒོ་དེ་མཆོད་བརྗོད་ལས་ཀློག་པ་པོའི་དང་བ་འདྲེན་ཚུལ་བསྟན་ཞིང་། བཤད་པར་དམ་བཅའ་བ་དང་ཁེངས་པ་སྐྱུང་ཚུལ་དུ་ཀློག་པ་པོའི་སྤྲོ་བ་འཕེལ་ལུགས་སྟོན་པ། ལུས་ཀྱི་རྣམ་གཞག་གིས་ཀློག་པ་པོ་འཇུག་བྱའི་ཡུལ་དུ་འཐིམ་པར་བྱས་པ་ལས། བོད་ཀྱི་རྩོམ་འབྲི་རིགས་པའི་གཞུང་དུ་ཀློག་པ་པོའི་གལ་ཆེན་རང་བཞིན་གཙིགས་སུ་བཟུང་ནས་བསྟན་ཡོད་པ་གསལ་བས། ཡོད་ཚད་ཕྱི་ལ་ཕྱོགས་པའི་དམིགས་རིམ་སྤངས་ནས་མེས་པོའི་དམ་པའི་ཤུལ་ལམ་ལ་ཞིབ་ཀྱིས་འཇུག་པར་བྱས་ན། ང་ཚོར་གཞན་དང་དཔུང་བ་མཉམ་གཤིབ་བྱ་ཐུབ་པའི་གདམས་ངག་བསྟན་འདུག་པར་བསམ་མོ། །

དཔྱད་གཞིའི་ཡིག་ཆ།

① [美] M .H.艾布拉姆斯 《镜与灯 ─ 浪漫主义文论及批评传统》,郦稚牛等译,北京大学出版社2004年版,第5─6页。

② ③ ④ ⑩ ས་སྐྱ་པཎྜ་ཏ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས། 《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》སྟོད་ཆ། [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2020ལོའི་ཟླ8 ཤ326

ཤ327 ཤ329 ཤ329

⑤ དོར་ཞི་གདོང་དྲུག་སྙེམས་བློ། མུན་འཇོམས་ནོར་བུའི་ཕྲེང་བ། [M] མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ11ཤ249

⑥ 童庆炳 .主编 文学理论教程 [M] 第五版 高等教育出版社 2020年版,第44页。

⑦ ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་བརྩམས། རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོའི་ཟླ11 ཤ49

⑧ 自朱元主编.当代西方文艺理论 华东师范大学出版社 [M] 2008年 第35页。

⑨ རྒྱལ་སྲས་ཞི་བ་ལྷ་དང་འགྲེལ་བ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་བརྩམས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་བཞུགས་སོ། ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོའི་ཟླ11 ཤ 51

参见[德] 伊瑟尔《 隐含的读者》,巴尔迪摩1980年版

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།