ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་བོད་ཁྲིམས་དོན་ཐ་སྙད་ལོ་ཙཱ་བྱེད་ཐབས་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྤེན་པ་བདེ་སྐྱིད།   སྤེལ་དུས། : 2021-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། རྒྱ་བོད་ཁྲིམས་དོན་ཐ་སྙད་ལོ་ཙཱ་སྤྱིར་གླེང་བ།

གཅིག ཁྲིམས་དོན་ཐ་སྙད་ལོ་ཙཱའི་བྱུང་བ་བརྗོད་པ།

སྐབས་སུ་བབ་པའི་བརྗོད་བྱ་སྟེ། ཁྲིམས་དོན་ཐ་སྙད་ཡིག་སྒྱུར་ཀྱང་དེང་གི་སྤྱི་ཚོགས་ཁྲོད་མེད་དུ་མི་རུང་བའི་ཆ་ཞིག་ཏུ་གྱུར་ཡོད། ཐོག་མར་ཁྲིམས་དོན་ཐ་སྙད་ཡིག་སྒྱུར་གྱི་བྱུང་བ་བརྗོད་ན། ཡོན་རྒྱལ་རབས་ཀྱིས་བོད་ས་གནས་ལ་དངོས་སུ་དབང་སྒྱུར་བྱས་པ་ནས་ཁྲིམས་དོན་ཐ་སྙད་ཡིག་སྒྱུར་མགོ་ཚུགས་པ་ཞིག་ཡིན་པར་སེམས་ལ། ཡོན་རྒྱལ་རབས་སྐབས་སུ་ཙུང་ཀྲི་ཡོན(总制院)ཞེས་པའི་སྤྱི་ཁྱབ་ལས་ཁུངས་ཞིག་གསར་དུ་བཙུགས་ཤིང་། སྤྱི་ལོ1288ལོར་ཙུང་ཀྲི་ཡོན་ཞེས་པ་དེ་ཤོའན་ཀྲེང་ཡོན(宣政院)ཞེས་པར་བསྒྱུར་པ་དང་། ཤོའན་ཀྲེང་ཡོན་ཁོངས་གཏོགས་ཀྱི་དཔོན་རིགས་ནང་ཡིག་སྒྱུར་བྱེད་མཁན་སོག་རིགས་པི་ཏུ་ཁྲི(必阇赤)མི་གྲངས་གཉིས་དང་། ཧུའི་ཧུའི་ཡི་ཡོའན་ཧྲེ(掾史)མི་གྲངས་གཉིས། དབྱི་ཧྲེ(译史)དང་ཐུང་ཧྲི(通事)མི་གྲངས་རེ་བཅས་ཡོད་ཅིང་། མི་སྣ་དེ་དག་ནི་ཡིག་སྒྱུར་བྱེད་མཁན་ཡིན། གཞན་ཡང་ཤོའན་ཀྲེང་ཡོན་གྱི་གཤམ་འོག་ཁོངས་གཏོགས་སུ་ཐུ་བྷོད་ཀྱི་ཤོའན་ཝུའི་ཧྲེ་སི་ཏུ་ཡོན་ཧྲོའི་ཧྥུ(宣慰使司都元刷府)ཁག་གསུམ་ཡོད་པ་ཚང་མར་དྲུང་ཡིག་དང་། ལོ་ཙཱ་བ(译史)སྐད་སྒྱུར་བ(通事)སོགས་ཡོད་པ་དེ་དག་ཀྱང་ཡིག་སྒྱུར་བྱེད་མཁན་ཡིན།

མིང་རྒྱལ་རབས་ཀྱིས་སྲིད་དབང་བཟུང་བའི་དུས་སུ། སྔར་ཡོན་རྒྱལ་རབས་སྐབས་ཀྱི་ལོ་ཙཱའི་སྒྲིག་གཞི་རྒྱུན་འཛིན་བྱས་ཤིང་། སྲིད་གཞུང་གིས་ཐའི་གྲང་སེ(太常寺)ཞེས་པའི་ལས་ཁུངས་འོག་སི་ཡི་ཀོན(四夷馆)ཟེར་བའི་ཡིག་སྒྱུར་ལས་ཁུངས་ཤིག་བཙུགས་ཏེ། སོག་ཡིག(蒙古)དང་ཉིས་ཀྲིན་ཡི་གེ(女真)བོད་ཡིག(西番)ཁྲོམ་ཡིག (高昌)ཁྲའོ་ཞན་ཡི་གེ(朝鲜)སོགས་ཀྱི་སྐད་ཡིག་ཕབ་སྒྱུར་གྱི་འགན་འཁུར་བ་དང་དེའི་ནང་གི་ཞི་བོད་ཀོན་(西蕃馆)ནི་ཆེད་མངགས་རྒྱ་བོད་ཡིག་སྒྱུར་ལས་ཁུངས་ཡིན་ཞིང་། གཙོ་བོ་སྐབས་དེའི་ཆབ་སྲིད་དང་འབྲེལ་བའི་གཞུང་ཡིག་སྒྱུར་བཞིན་ཡོད། ཀྲོའུ་ཅིན་ཝུན་དང་ཧྥུ་ཐུང་ཧོ་ནས་བརྩམས་པའི《རྒྱ་བོད་དང་བོད་རྒྱ་ཡིག་སྒྱུར་སློབ་དེབ》ལས། “ཡོན་རྒྱལ་རབས་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་དང་བོད་ཁུལ་གྱི་ཆོས་སྲིད་གཙོ་འཛིན་པ་རྣམས་ལ་བསྩལ་པའི་བཀའ་ལུང་དང་ཐམ་ཀ་སོགས་བོད་ཡིག་ལ་སྒྱུར་བ་ནི་རྒྱ་བོད་ལོ་ཙཱའི་ནང་དོན་གཙོ་བོར་གྱུར”ཅེས་པ་ལྟར། སྲིད་ཁྲིམས་དང་འབྲེལ་བའི་ཡིག་སྒྱུར་དར་ཞིང་། རྒྱ་བོད་ཡིག་སྒྱུར་གྱི་ནང་དོན་གཙོ་བོར་གྱུར་པ་ཡིན། སྐབས་དེར་ལོ་ཙཱ་བྱས་པའི་བཀའ་ལུང་སྐོར་བཀྲ་ཤིས་དབང་འདུས་ཀྱིས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་གཞུང་ཡིག་ཕྱོགས་བསྡུས་དྭངས་ཤེལ་མེ་ལོང》ཞེས་པའི་དེབ་ལས་འབྲེལ་ཡོད་ཡིག་ཆ་སུམ་ཅུ་ལྷག་འཁོད་འདུག་པས་འདིར་ཚིག་ཉོག་ཏུ་འགྲོ་བར་དོགས་ནས་ཞིབ་ཕྲ་མ་བྲིས་མོད། གང་ལྟར་ཡོན་རྒྱལ་རབས་ནས་བཟུང་རྒྱ་བོད་གཞུང་ཡིག་གམ་ཁྲིམས་དོན་དང་འབྲེལ་བའི་ལོ་ཙཱ་དར་ཡོད་པ་ཤེས་ཐུབ།

གཉིས། ཁྲིམས་དོན་ཐ་སྙད་ལོ་ཙཱའི་ཁྱད་ཆོས།

ཁྲིམས་དོན་ཐ་སྙད་ནི་ཁྲིམས་དོན་ལས་ཁུངས་ཀྱིས་སྤྱོད་པའི་འབྲེལ་ཡོད་ཡིག་ཆའི་ནང་གི་མེད་དུ་མི་རུང་བའི་ཐ་སྙད་རྣམས་ལ་ཟེར་ཞིང་། ཁྲིམས་ལྟར་རྒྱལ་ཁབ་ཀྱི་འགན་དབང་ལག་བསྟར་བྱེད་ཆེད་བཙུགས་པའི་ཁྲིམས་འཛིན་རྩ་འཛུགས་ཤིག་ཡིན་ལ། དེར་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་སོགས་ནུས་པ་འདྲ་མཚུངས་ཀྱི་ལས་ཁུངས་རྣམས་འདུ། སྤྱིར་ན་ཁྲིམས་དོན་ཐ་སྙད་ནི་བཅའ་ཁྲིམས་ཀྱི་གོ་དོན་གང་ཞིག་གསལ་པོར་མཚོན་པར་སྤྱོད་པའི་ཐ་སྙད་ཡིན་པས། ཧ་ཅང་གསལ་ཆ་དོད་པོའི་ཆེད་ལས་རང་བཞིན་དང་རྒྱས་བཅད་རང་བཞིན། དམ་སྲུང་རང་བཞིན། དབང་གྲགས་རང་བཞིན་སོགས་ཡོད་པ་ནི་ཐ་སྙད་དེའི་བཀོལ་སྤྱོད་ཀྱི་མངའ་ཁོངས་ལ་འབྲེལ་བ་དམ་པོ་ཡོད་པས་རེད། དེར་བརྟེན་ཁྲིམས་དོན་ཐ་སྙད་ལོ་ཙཱ་བྱེད་པར་གང་ལ་གང་འཚམ་གྱིས་རང་བཞིན་དེ་དག་བུ་ཡིག་ཏུ་མངོན་པར་བྱེད་དགོས་པ་ནི། ཡན་ཧྥུ(严复)ཡི“信、达、雅”མཐུན། བདེ། སྙན་གྱི་ལོ་ཙཱའི་གཞུང་ལུགས་ཀྱི་མཐུན་ཞེས་པའི་ནང་དོན་དང་མཚུངས། ཁྲིམས་དོན་ཐ་སྙད་ལོ་ཙཱ་བྱེད་པར་ཐ་སྙད་ཀྱི་རང་བཞིན་མ་ཡིག་དང་བསྟུན་རྒྱུར་དོ་སྣང་བྱེད་རྒྱུ་ནི་གནད་དོན་གལ་ཆེན་ཞིག་རེད།

གསུམ། ཁྲིམས་དོན་ཐ་སྙད་ཀྱི་ལོ་ཙཱའི་རིན་ཐང་།

ལོ་ཙཱ་ནི་སྤྱི་ཚོགས་ཀྱི་བྱ་འགུལ་ཞིག་དང་རིག་གནས་བརྗེ་རེས་ཀྱི་བྱ་གཞག་ཅིག་ཡིན་ལ། སྒོས་སུ་ཁྲིམས་དོན་ཐ་སྙད་ལོ་ཙཱ་བྱེད་པར་བཅའ་ཁྲིམས་ཁྱབ་གདལ་གཏོང་ཞིང་དུས་རབས་དང་མཐུན་པའི་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་པར་རིན་ཐང་ཡོད་ངེས། གཅིག་ནས་ཁྲིམས་སྦྱངས་པ་ནས་ཤེས་པར་ངེས་ལ། ཤེས་པ་ནས་སྤྱོད་པར་ངེས་པ་དང་། གཉིས་ནས་ཁྲིམས་སྦྱངས་རྗེས། གཞི་ནས་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་འདུ་ཤེས་གསོ་སྐྱོང་བྱེད་ཐུབ་པ་དང་། གསུམ་ནས་ཁྲིམས་ཤེས་པ་ནི་ཁྲིམས་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་སོགས་རིན་ཐང་གང་མང་ཡོད་ལ། ལྷག་པར་རྒྱ་ཡིག་གི་ཆུ་ཚད་དམའ་བའི་རྒྱ་ཆེའི་བོད་རིགས་རོང་འབྲོག་མང་ཚོགས་ལ་མཚོན་ན། རྒྱ་བོད་ཁྲིམས་དོན་ཐ་སྙད་ལོ་ཙཱ་བྱེད་རྒྱུ་ནི་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བའི་འཇུག་སྒོ་ལྟ་བུ་ཞིག་ཡིན་པར་མ་ཟད། བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་སྔར་བས་ཁྲིམས་སྐྱོང་ཅན་དུ་བསྒྱུར་བའི་རྨང་གཞིའི་ལས་དོན་ཞིག་ཀྱང་ཡིན། དེར་བརྟེན་རྒྱ་བོད་ཁྲིམས་དོན་ཐ་སྙད་སྐོར་གྱི་ལོ་ཙཱ་བྱེད་ཚུལ་ལ་དཔྱད་པ་ནི། དུས་རབས་འདིས་བོད་ཀྱི་ལོ་ཙཱ་བར་གནང་བའི་འོས་འགན་ཞིག་ཡིན་ནོ། །

གཉིས་པ། རྒྱ་བོད་ཁྲིམས་དོན་ཐ་སྙད་ལོ་ཙཱ་བྱེད་ཐབས།

གཅིག དོན་སྒྱུར་བྱེད་ཐབས།

དོན་སྒྱུར་ཞེས་པ་ནི་མི་རིགས་གཉིས་ཀྱི་རིག་གནས་ཀྱི་ཁྱད་པར་དབང་དུ་སོང་བའི་སྒྱུར་ཐབས་ཤིག་སྟེ། བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྒྲ་སྦྱོར་བམ་གཉིས་ལས།“སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱི་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས”ཞེས་མ་ཡིག་གིས་བོད་སྐད་ཀྱི་བརྡའི་གནས་སྐབས་དང་དོན་གྱི་ཆ་རྣམས་ལེགས་པར་འདོན་ཐུབ་ཚེ། དོན་བཞིན་དུ་བསྒྱུར་དགོས་པར་གསུངས་ཡོད། དེའང་སྐབས་བབ་ཀྱི་བརྗོད་བྱར་རུང་བའི་ཁྲིམས་དོན་ཐ་སྙད་བསྒྱུར་བའི་གནད་ལ་དོན་སྒྱུར་གྱི་དགོས་པའང་ཆེས་ཆེར་མཐོང་ལ། དེང་གི་ཁྲིམས་དོན་ཐ་སྙད་ལ་དོན་སྒྱུར་བྱས་པ་མང་སྟེ་དཔེར་ན།

1.“犯罪”ཞེས་པའི་ཐ་སྙད་དེ་ཁྲིམས་དོན་ཐ་སྙད་ཀྱི་ནང་ཆེས་ཐོན་མང་བ་ཞིག་ཡིན་ཞིང་། དེ་ལའང་སྒྱུར་ཚུལ་མི་གཅིག་པ་མང་ཙམ་མཆིས་ཏེ། རྒྱ་བོད་ཤན་སྦྱར་ཚིག་མཛོད་ལས་ནག་ཉེས་བྱུང་བ། བྱས་ཉེས་བཟོ་བ། བྱས་ཉེས་གསོག་པ་ལྟ་བུར་བསྒྱུར་ཡོད་ཀྱང་། བརྡ་ཆད་དེ་ནི་ཕག་གྲུའི་སྲིད་དབང་སྐབས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་ཞེས་པའི་ཁྲོད།“ནག་ཉེས་ཁྲག་སྦྱོར་གྱི་ཞལ་ལྕེ་ཞེས་ཁྲིམས་འགལ་ཚབས་ཆེན་བྱུང་བའི་རིགས་ལ་ལུས་ཀྱི་དབང་པོ་གཅོད་བྲེག་སོགས་ལུས་སྟེང་དུ་ཆད་པ་གཅོད་བྱེད་ཀྱི་ཁྲིམས་ཡིན།”ཞེས་འཁོད་པར་གཞིགས་ན། དེའི་ཁྲོད་ཀྱི་ཁྲག་སྦྱོར་ཞེས་པའི་ཐ་སྙད་དེ་འགལ་ཚབས་ཆེ་ཆུང་གི་སྐོར་བརྗོད་པ་ཡིན་ཞིང་། ཁྲིམས་འགལ་བྱུང་བའི་ཆ་རྣམས་ནག་ཉེས་ཞེས་པའི་ཐ་སྙད་དེས་མཚོན་པར་ནུས་པས། མིང་བརྡ་དེ་བསྒྱུར་སྐབས་མིང་བརྡ་སྔོག་འདོན་ནམ་འགྱུར་རྒྱུད་འཛིན་པའི་ཚུལ་དུ་ཉེས་པ་བསགས་པའི་ཚད་ལ་གཞིགས་ནས། ནག་ཉེས་གསོག་པའམ་ཉེས་གསོག་ལྟ་བུར་སྟབས་བསྟུན་གང་འཚམ་དུ་དོན་བསྒྱུར་བྱས་ཚེ་ཁ་གསལ་ཞིང་གོ་བདེ་ལ་ཁྲིམས་ཡིག་གི་དབང་གྲགས་རང་བཞིན་ཡང་བླ་ལྷག་ཏུ་མངོན་ཐུབ་པར་སྙམ།

2.“保释”ཞེས་པའི་ཐ་སྙད་དེ་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལས་འགྲེལ་བསྒྱུར་གྱི་ཚུལ་དུ་ཁག་ཐེག་བཙུགས་ནས་གློད་པ་ཞེས་པ་དང་ཁག་ཐེག་བཙུགས་ཏེ་གློད་འགྲོལ་ཞུ་བ་ཞེས་པར་བསྒྱུར་འདུག འགྲེལ་བསྒྱུར་ནི་མ་ཡིག་གི་དོན་གྱི་ཆ་རྣམས་བུ་ཡིག་ཏུ་གོ་བདེ་ཡོང་ཕྱིར་སོ་སོར་འཕྲལ་ནས་གསལ་བཤད་བྱས་པ་ལྟ་བུའི་སྒྱུར་ཐབས་ཤིག་ཡིན་རུང་། ཆེད་སྤྱོད་ཀྱི་རང་བཞིན་ལྡན་པའི་མིང་བརྡ་རྐྱང་པར་འགྲེལ་བསྒྱུར་བྱེད་ཤུགས་ཆེ་ཚེ། དོན་གྱི་ཆ་རྣམས་གསལ་བར་འདོན་ཐུབ་ཀྱང་ཡིག་ཚོགས་མང་བའི་སྐྱོན་ཅན་དུ་འགྲོ་བར་ངེས་པས། བརྗོད་དོན་ལས་མ་འགལ་བའི་ཁར་ཚིག་རྙོག་སྤངས་ནས་ཁག་ཐེག་བཙོན་གྲོལ་ཞེས་པར་བསྒྱུར་ན་དོན་གྱི་ཆ་ཡང་གོང་གི་འགྱུར་དང་གཅིག་ཏུ་སྟོན་ཐུབ་ལ་ཡིག་ཚོགས་ཉུང་བས་འདི་ལྟར་དོན་སྒྱུར་བྱས་ན་ཤིན་ཏུ་འཚམ་པར་བསམས།

གཉིས། ཐད་སྒྱུར་བྱེད་ཐབས།

ཐད་སྒྱུར་རམ་གཞུང་ལས་བསྟན་པའི་དྲང་ཐད་དུ་སྒྱུར་ཐབས་ཞེས་པ་ནི་མི་རིགས་གཉིས་དབར་གྱི་ཉམས་འགྱུར་མཚོན་སྟངས་དང་རྩོམ་གཤིས་སོགས་གཅིག་ཏུ་ཡོད་ཚེ། དོན་སྒྱུར་བྱེད་པའི་དགོས་པ་མེད་ཅིང་། བརྗོད་དོན་གོང་འོག་གི་གོ་རིམ་ཇི་ལྟར་དུ་ཡོད་པ་དེ་བཞིན་དུ་ཕབ་བསྒྱུར་བྱེད་དགོས་པའི་སྒྱུར་ཐབས་ཤིག་ཡིན། སྒྱུར་ཐབས་དེ་ནི་དེང་གི་གཞུང་ཡིག་ལོ་ཙཱ་དང་སྐབས་བབ་ཀྱི་ཁྲིམས་དོན་ལོ་ཙཱ། གསར་འགྱུར་ལོ་ཙཱ་སོགས་བསྒྱུར་བར་ཆེས་མང་དུ་སྤྱོད་པའི་ཐབས་ཤིག་རེད། དེ་དོན་ལོ་ཙཱའི་གཞུང་ལུགས་གསར་འགྲེལ་དུ་གྲགས་པ་ལས། “བསྒྱུར་བྱའི་འགྲོས་བསྟུན་དངོས་བསྟན་དོན། །ཇི་བཞིན་མཚོན་ཅིང་གོ་བདེར་བསྒྱུར། རིགས་གཞུང་ཆབ་སྲིད་ཁྲིམས་ལུགས་རྩོམ། །རང་བཞིན་དྲང་བརྗོད་ཐད་སྒྱུར་ཐབས། །”ཞེས་བསྒྱུར་བྱའི་མ་ཡིག་གི་ཚིག་ངོས་ཀྱི་དོན་མཚོན་ཞིང་། ཚིག་འགྲོས་ཀྱང་མ་ཡིག་དང་ཕྱོགས་མཚུངས་པའི་ཚུལ་དུ་བསྒྱུར་ཏེ། བརྗོད་པ་བདེ་ཞིང་ཁ་གསལ་གོ་བདེའི་ངང་ནས་བསྒྱུར་བའི་ཐབས་ཤིག་ཡིན་ཞིང་། དེ་བཞིན་བོད་ཀྱི་སྒྱུར་གཞུང་སྒྲ་སྦྱོར་བམ་གཉིས་ལས། “དྷརྨཱ་བསྒྱུར་བ་ལ་རྒྱ་གར་སྐད་ཀྱི་གོ་རིམ་ལས་མི་བསྣོར་བར་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མི་བསྣོར་བར་བསྒྱུར་ཅིག”ཅེས་རྒྱ་གར་གྱི་སྐད་འགྲོས་དང་བོད་སྐད་ཀྱི་སྐད་འགྲོས་གཉིས་མཐུན་ལ། ཚིག་དོན་གཉིས་ཀའི་ཆ་ནས་དོན་སྒྱུར་བྱེད་པའི་དགོས་པ་མེད་ཚེ། དྲང་ཐད་དུ་བསྒྱུར་དགོས་པར་གསུངས་ཡོད། དེའང་ཁྲིམས་དོན་བརྡ་ཆད་ལ་ཐད་སྒྱུར་བྱས་པར། 

1.“逮捕”ཞེས་པའི་ཐ་སྙད་འདི་ཡང་ཁྲིམས་དོན་ཡིག་ཆའི་ཁྲོད་དུ་སྤྱོད་སྒོ་ཆེ་སྟེ། དེའི་དོན་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལས། འཛིན་བཟུང་དང་བཟུང་བཀྱིག་ཅེས་བྱ་ཚིག་མཚམས་སྦྱོར་གྱི་ཚུལ་དུ་བསྒྱུར་ཡོད། བཟུང་བཀྱིག་ཅེས་པའི་ཐ་སྙད་དེ་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གི་ཁྲོད“བཟུང་བཀྱིག་ཁྲིམས་རའི་ཞལ་ལྕེ”ཞེས་པ་ལས་བྱུང་བར་བསམ་ཞིང་དེའི་དོན་སྔ་དུས་ཁྲིམས་འགལ་ནག་ཉེས་ཆེ་བའི་རིགས་འཛིན་བཟུང་དང་བསྡམ་བཀྱིག་བྱེད་པའི་ཁྲིམས་ལ་ཟེར་ཞེས་པར་འགྲེལ་འདུག དེ་ལས་བཟུང་བཀྱིག་ཞེས་པ་དེ་བསྒྱུར་རྒྱུད་འཛིན་པའི་ཚུལ་དུ་དོན་བསྒྱུར་བྱས་པ་ལྟར་དུ་སྣང་ལ། འཛིན་བཟུང་ཞེས་པ་དེ་ཐད་སྒྱུར་ཤས་ཆེ་བར་མཐོང་། བཀྱིག་ཞེས་པའི་ཐ་སྙད་དེ་ཐག་པས་བསྡམ་པ་སོགས་ཀྱི་དོན་སྟོན་ཐུབ་པས་དེའང་སྔར་གྱི་འཛིན་བཟུང་བྱེད་པའི་བྱ་ཐབས་ཤིག་མཚོན་པར་སྙམ། འོན་ཀྱང་དེང་གི་ཆར་འཛིན་བཟུང་ཞེས་པའི་ཐ་སྙད་དེ་གཅིག་མཐུན་དུ་སྤྱོད་པར་མཐོང་།

2.“民事”ཞེས་པའི་ཐ་སྙད་དེ་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལས་དམངས་དོན་དང་དམངས་ཁྲོད་རྩོད་དོན་གཉིས་སུ་བསྒྱུར་ཡོད་པ་ལས། རྗེས་མ་དེ་འགྲེལ་བསྒྱུར་གྱི་ཚུལ་དུ་ཡོད་ཀྱང་དམངས་དོན་ཞེས་པའི་ཐ་སྙད་དེ་དེང་གི་ཁྲིམས་དོན་ལོ་ཙཱའི་ཆེད་སྤྱོད་མིང་བརྡ་རང་དུ་བསྒྱུར་ཟིན་ལ། དེའང་ཐད་སྒྱུར་གྱི་ཚུལ་དུ་བྱུང་བར་སྙམ།

མདོར་བསྡུས་ནས་བཤད་ན། ཁྲིམས་དོན་ཐ་སྙད་ལོ་ཙཱ་བ་རྣམས་ཀྱིས་དོན་སྒྱུར་དང་ཐད་སྒྱུར་གཉིས་སྐབས་བབ་ཀྱི་བསྒྱུར་བྱའི་ནང་དོན་དང་སྤྱི་ཚོགས་ཀྱི་གནས་བབ་དང་། རིག་གནས་ཀྱི་རྒྱབ་ལྗོངས།བསམ་བློའི་ཁྱེར་སོ་སོགས་ལ་གཞིགས་ཏེ་བེད་སྤྱོད་དགོས། ལོ་ཙཱའི་ལས་ལ་གཞོལ་སྐབས་སྔོན་བྱོན་མེས་པོའི་སྒྱུར་གཞུང་གི་རྨང་གཞིའི་ཐོག་སྤྱི་ཚོགས་དང་བསྟུན་ཏེ་བསམ་གཞིག་ཅུང་ཟད་བྱས་ནས་དུས་རྒྱུན་གྱི་ལག་ལེན་ཁྲོད་མ་ཡིག་ལ་བལྟས་ན་མ་གཏོགས་བུ་ཡིག་ཐོག་ནས་དོན་གོ་དཀའ་བ་དང་། ཚིག་མཁྲེགས་པོ་སོགས་ཉུང་གཏོང་བྱས་ནས་ཐ་སྙད་འཚོལ་སྡུད་དང་རང་ཉིད་ཀྱི་ལོ་ཙཱའི་ལག་ལེན་ཁྲོད་དུ་དུས་བསྟུན་མཉམ་སྐྱོད་ཀྱི་ལོ་ཙཱའི་གཞུང་ལུགས་གནད་སྨིན་བཏོད་དེ་ཁ་གསལ་གོ་བདེའི་སྒྱུར་ཐབས་ཐད་དོ་སྣང་བྱ་རྒྱུ་ནི་ཤིན་ཏུ་འགལ་འགངས་ཆེ་བར་སྣང་ངོ་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།