ཀྲུང་གོ་བོད་ཀྱི་དྲ་བ།

《སྒེའུ་ཁུང་གམ་གྱི་ཐོ་ཐོ་མ》བཀླགས་པའི་མྱོང་ཚོར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཧྥན་ཡན་རུང་གིས་བརྩམས།སྒོམ་པ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐོ་ཐོ་མས་རང་གི་སློབ་གྲྭ་ཅིའི་ཕྱིར་དུ་བརྗེ་སྤོར་བྱེད་དགོས་པ་ཚོར་གྱིན་མེད་ལ། ཨ་མས་ཀྱང་མོ་ལ་ཅིའི་ཕྱིར་དུ་སློབ་གྲྭས་ཕྱིར་ཕུད་པའི་སྐོར་བཤད་མེད། ཅི་འདྲའི་རླབས་ཆེ་བའི་ཨ་མ་ཞིག་དང་རང་གཤིས་ཅན་གྱི་བྱིས་པ་ཞིག་རེད་ཨང་། ལོ་རིམ་དང་པོའི་ཐོ་ཐོ་མ་སློབ་གྲྭས་ཐེངས་གཉིས་ལ་ཕྱིར་ཕུད་བཏང་བ་རེད། དགེ་རྒན་གྱིས་བལྟས་ན་ཐོ་ཐོ་མ་ནི་སློབ་མ་ཐ་ཤལ་ཅན་ཞིག་ཡིན་ལ། དེ་ནི་འགུལ་རྒྱུར་དགའ་བ་དང་མི་དྲན་དགུ་དྲན་བྱེད་པ། སྒྲིག་ལམ་མི་སྲུང་བ། ཚང་མ་དང་མཉམ་འགྲོ་མཉམ་འདུག་མི་བྱེད་པའི་བྱིས་པ་ཞིག་ཡིན། ཐོ་ཐོ་མ་ནི་དགེ་རྒན་གྱི་རེ་བ་ལྟར་དུ་དཔར་ཤིང་ལ་དཔར་བ་ལྟ་བུའི་གཞན་དང་ཆ་འདྲ་བ་ཞིག་ཡོང་མེད། ཁོ་མོས་བྱ་བ་གང་ཞིག་ཡིན་རུང་ཚང་མར་མཚར་སྣང་སྐྱེས་ནས་བྱ་དངོས་གསར་པ་དང་དོན་དག་གང་ཞིག་ལའང་དངོས་སུ་ཚོད་ལྟ་བྱེད་ན་བསམ་བཞིན་ཡོད་དེ། བྱིས་པ་ཞིག་གི་བསམ་ཚུལ་གྱིས་འཇིག་རྟེན་ལ་ངོས་འཛིན་དང་འཇིག་རྟེན་ལ་ཤེས་ཚོར་བྱེད་ཀྱིན་ཡོད། ཉིན་རེར་སློབ་ཁང་ནས་ཕྱིར་བདའ་ནས་རང་གིས་ནོར་འཁྲུལ་ཅི་ཞིག་བཟོས་ཡོད་པ་མི་ཤེས་པའི་བྱིས་པ་ཞིག་སྟེ། ངས་དཔེ་དེབ་འདིའི་མཇུག་བྱང་ཀློག་པའི་སྐབས་སུ། ངའི་མིག་ལམ་དུ་མ་ཉེས་ཁ་གཡོགས་ཐེབས་ཤིང་མིག་ཟུང་མཆི་མས་གང་བའི་གྲོགས་མེད་ཁེར་རྐྱང་གི་སྣང་བརྙན་ཞིག་འཆར་ཡོང་གིན་འདུག ད་དུང་ཁོ་མོས“རྒན་ལགས། ང་ལ་ཆད་པ་བཅད་ནས་ལངས་དགོས་དོན་ཅི་ཡིན་ནམ”ཞེས་འདྲི་བའི་སྐབས་ཀྱི་སྐྱོ་གདུང་བློས་དཔག་དཀའ་བ་ཞིག་རེད་ཨང་། སྟབས་ལེགས་པ་ཞིག་ལ་ཐོ་ཐོ་མ་ནི་སེམས་རྒྱ་གུ་ཡངས་པོ་ཅན་གྱི་བྱིས་པ་ཞིག་དང་། ཕམ་མི་སྲིད་ལ་གནོད་འཚེ་ཐེབས་མི་ཐུབ་པའི་བྱིས་པ་ཞིག་རེད། ཁོར་ཡུག་གིས་གཏན་ནས་གནོད་དུ་འཇུག་མི་ཐུབ་པའི་ལོ་རིམ་དང་པོའི་བྱིས་པ་ཞིག་ཀྱང་རེད། ཐོ་ཐོ་མས་དེ་སྔོན་གྱི་སློབ་གྲྭ་དང་དགེ་རྒན་གྱིས་རང་ཉིད་ལ་བསམ་ཤེས་མི་བྱེད་པ་དང་། རང་ཉིད་ལ་བཙན་གནོན་བྱེད་པ། རང་ཉིད་ལ་ཕྱོགས་ཞེན་བྱེད་པ་བཅས་དྲན་སོས་ཀྱིན་མི་འདུག ཁོ་མོ་ནི་སྔར་བཞིན་བདེ་ཐང་གི་ངང་ནས་འཚར་ལོངས་བྱུང་བ་དང་། “སྤར་སློབ་གྲྭ”ནས་རང་ཉིད་ལ་འཐོབ་འོས་པའི་འོས་འཚམ་གྱི་སློབ་གསོ་དེ་རྙེད་བྱུང་།

སྤར་སློབ་གྲྭའི་ཐུན་མོང་མ་ཡིན་པའི་སློབ་རའི་ཇུས་འགོད་བྱེད་སྟངས་ཀྱིས་འཇིག་རྟེན་ཐོག་གི་བྱ་དངོས་ཡོད་ཚད་ལ་མཚར་འཛིན་ཆེ་བའི་ཐོ་ཐོ་མ་ནི་སློབ་གཙོ་ཁོ་བྷ་ཡ་ཤིས་ལགས་ཀྱིས་བྱིས་པར་ངང་རྒྱུད་རིང་པོ་དང་བྱིས་པར་བཅངས་པའི་གཅེས་སེམས་དང་དམིགས་བསལ་ཁྱད་ཆོས་ཅན་གྱི་སློབ་གསོའི་རྣམ་པས་ཡིད་དབང་ཡོངས་སུ་བཀུག སྤར་སློབ་གྲྭ་ནི་ང་ཚོའི་རྫོང་ནང་ཁུལ་གྱི་ངོས་འཛིན་ཚད་གཞི་ལྟར་ན་དངོས་གནས་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཞིག་ཡིན་ཞིང་། སློབ་གྲྭའི་ལོ་རིམ་མི་འདྲ་བ་ཚང་མར་ཁྱོན་བསྡོམས་པས་སློབ་མ་ལྔ་བཅུ་ལྷག་ཙམ་ལས་མི་འདུག སློབ་ཁྲིད་ཀྱི་རྣམ་པ་ཡང་ལོ་རིམ་མཉམ་འདུས་ཀྱི་རྣམ་པས་གྲུབ་པ་དང་། སློབ་གྲྭས་བྱིས་པའི་མཛེས་དཔྱོད་དང་ལུས་རྩལ་སློབ་ཁྲིད་གཙོ་བོར་བཟུང་ནས་སློབ་མ་རྣམས་ཀྱིས་རང་ཉིད་འཚར་ལོངས་དང་རང་ཉིད་འཕེལ་རྒྱས་གཏོང་དུ་བཅུག་ནས་སློབ་སྦྱོང་བྱེད་ཤེས་པ། འཚོ་གནས་བྱེད་ཤེས་པ། འགྲོ་འོང་བྱེད་ཤེས་པ་སོགས་ལ་བརྩོན་པ་རེད།

ཐོ་ཐོ་མས་བྱིས་པ་ཚོ་དང་འཆམ་མཐུན་མཉམ་གནས་བྱེད་ཐུབ་པ་དང་། བྱིས་པ་ཚོའི་དབར་གྱི་བྱིས་བློ་དང་བརྩེ་སེམས། མཛའ་གཅུགས་བཅས་མངོན་ཐུབ་པ་བྱུང་། བྱིས་པ་ཚོས་འཚོལ་ཞིབ་དང་ལག་ལེན། བྱེད་སྒོ་བཅས་བརྒྱུད་ནས་རིག་གནས་སློབ་ཐུབ་པ་དང་། འཚོ་གནས་བྱེད་ཐུབ་པ། རང་ཉིད་ཀྱི་མི་མངོན་པའི་ནུས་པ་འཕེལ་ཐུབ་པ་བཅས་བྱས་ཤིང་ཚེ་སྲོག་གི་རིན་ཐང་ལ་ངེས་ཤེས་ཟབ་མོ་རྙེད་ལ། མི་དང་སྲོག་ཆགས་ཚང་མར་ཚེ་སྲོག་གི་ཁེ་དབང་ཡོད་པ་ཤེས་ནས་ཚེ་སྲོག་ལ་བརྩི་འཇོག་འཐོབ་འོས་པའི་གནས་ལུགས་ཡོངས་སུ་རྟོགས། ཐོ་ཐོ་མས་ཉེན་ཁར་མི་འཛེམ་པར་བྱིས་པའི་སྦྲིད་ནད་ཕོག་ཡོད་པའི་ཡ་སི་མའེ་ཁེ་སྡོང་མགོར་འཛེག་པར་རོགས་རམ་བྱས་པས། ང་ཚོས་ངེས་པར་དུ་སློབ་གསོ་ལེགས་པོ་དང་ཁྲིད་སྟོན་ལེགས་པོ་བྱས་ན། བྱིས་པས་མིག་ནང་གི་ཚེ་སྲོག་ཡོད་ཚད་ལ་མཐོང་ཆུང་ཁྱད་གསོད་བྱེད་མི་སྲིད། ཐོ་ཐོ་མས་ཨུ་ཚུགས་ཚ་པོ་དང་འགྱུར་མེད་དམ་བཅའ་བརྟན་སྲུང་བྱས་ནས་ཡ་སི་མའེ་ཁེ་ཐོ་ཐོ་མ་རང་ཉིད་ཀྱི་སྡོང་མགོར་འཛེག་ཏུ་འཇུག་ཆེད། མོའི་མི་མངོན་པའི་ནུས་པ་ཚད་མེད་པ་དེ་གསར་འདོན་ཐུབ་པ་བྱུང་། མོས་ཚོད་ལྟ་གྲངས་མེད་དང་ད་ཡོད་ཀྱི་ཡོ་བྱད་མང་པོ་སྤྱད་དེ་གནད་དོན་གདོང་གིས་བསུས། ཚོད་ལྟའི་ཁྲོད་དུ་རང་གི་རེ་འདུན་མངོན་འགྱུར་བྱུང་སྟེ། མོའི་གྲོགས་མོ་རེ་འདུན་ལྟར་བདེ་བླག་གི་ངང་ནས་ཤིང་སྡོང་ཆེན་པོར་འགོ་ཐུབ་པ་བྱུང་སོང་། ཐོ་ཐོ་མའི་སྒོར་ཁུག་སྤྱོད་ཁང་ནང་དུ་ལྷུང་བར། མོ་གཅིག་པུས་ཆབ་གཞོང་ནང་གི་དངོས་པོ་ཕྱིར་བླངས་ནས་ཡང་བསྐྱར་ནང་དུ་བཞག ད་རུང་ས་རློན་ཉུང་ཙམ་ཡང་ནང་དུ་བླུགས། དེ་ནི་སློབ་ཆུང་ལོ་རིམ་དང་པོའི་སློབ་མ་ཞིག་ལ་མཚོན་ན་དངོས་གནས་ལས་གཞི་ཆེན་པོ་ཞིག་རེད། གོ་རིམ་དེའི་ཁྲོད་དུ་མི་གཅིག་གིས་ཀྱང“ཉེན་ཁ་ཆེན་པོ་འདུག མྱུར་དུ་མཚམས་ཞོག”ཅེས་བཤད་མ་མྱོང་ལ། ཡང་ན་ཐད་ཀར་དུ་སོང་ནས་ཁོ་མོར་རོགས་རམ་བྱེད་པའི་མིའང་གཅིག་ཀྱང་མེད། སློབ་གཙོའི་སྐད་ཆ་ཚིག་གཅིག་སྟེ“ལས་ཚར་རྗེས་ཤུལ་ལ་བདག་ཡག་པོ་བྱེད་རོགས”ཞེས་པ་དེ་ལས་མེད། དེས་བྱིས་པར་འགན་འཁྲིའི་འདུ་ཤེས་སྦྱོང་བརྡར་བྱེད་ཀྱིན་ཡོད་དེ། རང་གི་དོན་དག་རང་གིས་ཐག་གཅོད་བྱེད་པ་དང་རང་གིས་བཟོས་པའི་དཀའ་གནད་དེ་རང་གིས་བསྒྲུབ་དགོས་པ་ཤེས་སུ་བཅུག་ཡོད། ཐོ་ཐོ་མས་དེ་ལེགས་པར་བསྒྲུབས་ཡོད་པར་མ་ཟད། ད་དུང་བསྒྲུབས་པ་ལ་ཡིད་ཚིམ་པོ་བྱེད་བཞིན་ཡོད། དེ་ནི་ཏག་ཏག་ང་ཚོས་རྒྱུན་ཆད་མེད་པར་བཤད་བཞིན་པའི་བྱེད་སྒོ་དང་ལག་ལེན་གྱི་ཁྲོད་ནས་སློབ་དགོས་པའི་བསམ་བློ་དེ་མ་ཡིན་ནམ། ང་ཚོས་བྱིས་པའི་འགན་འཕྲོག་རྐྱང་བྱེད་པ་དང་བྱིས་པའི་བདེ་འཇགས་ལ་ཚད་ལས་བརྒལ་བའི་སེམས་ཁུར་བྱེད་པ་མང་དྲགས་པས་བྱིས་པའི་གསར་གཏོད་རང་བཞིན་མེད་པར་བཟོས་པ་མ་ཟད། བྱིས་པར་ཀླད་པ་དང་ལག་པ་འགུལ་དུ་འཇུག་པའི་ལག་ལེན་བྱེད་སྟངས་དེ་མེད་པར་བཟོས་པས། མཐར་གཏུགས་ན། བྱིས་པའི་གསར་གཏོད་རང་བཞིན་ལ་ཚོད་འཛིན་བྱས་ཏེ། གཞན་འགན་འཕྲོག་སྒྲུབ་བྱེད་མཁན་མང་བ་ན་བྱིས་པ་རྣམས་སྤྱི་ཚོགས་ལ་འཇུག་པའི་ནུས་པ་ཞན་པ་དང་། འཚོ་གནས་ཀྱི་ནུས་པ་ཞན་པ། དཀའ་ངལ་དང་བར་ཆད། ཉེན་ཁ། གནོན་ཤུགས་བཅས་དང་འཕྲད་ན་ཐག་གཅོད་བྱེད་མི་ཐུབ་པས། སེམས་ཁམས་ལ་འགལ་རྐྱེན་ཐེབས་ནས་བྱ་སྤྱོད་ཐལ་དྲགས་པའང་འབྱུང་མི་སྲིད་པ་མ་རེད། སྤར་སློབ་གྲྭའི་བྱིས་པར་འོས་ཤིང་འཚམ་པའི་སློབ་གསོ་གཏོང་སྟངས་དེ་ལས་ཁོ་ཚོས་འཚོ་གནས་བྱེད་ཤེས་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས་པའང་ཤེས་པ་རེད།

སྤར་སློབ་གྲྭའི་ནང་དུ་བྱིས་པ་ཚོ་བདེ་ཐང་དང་དགའ་སྤྲོའི་ངང་ནས་འཚར་ལོངས་འབྱུང་བ་དང་། ཚེ་སྲོག་ཅེས་པ་འདི་ལ་ཁོ་ཚོས་གཞན་དང་མི་འདྲ་བའི་གོ་བ་ལེན་ཞིང་ཉམས་སུ་མྱོང་བར་བྱེད། བྱིས་པ་ཚོས་ཁོ་ཚོ་དང་གཏན་དུ་གྱེས་པའི་ཡ་སི་མའེ་ཁེའི་འདས་མཆོད་སྟེང་ནས་ཡིད་སྐྱོ་བའི་རྣམ་པ་མངོན་པ་དང་། ཐོ་ཐོ་མས་ཡ་སི་མའེ་ཁེ་ལ་དྲན་གསོ་བྱས་ནས་འཁྲེང་སེམས་ཀྱིས་ཁེངས་པར་གྱུར། ཡ་སི་མའེ་ཁེ་གཏན་དུ་བྲལ་བ་དེས་བྱིས་པ་ཚོ་ཡུན་རིང་པོ་ཞིག་ལ་སེམས་སྡུག་གིས་ཁེངས་ཤིང་། ཐ་ན་ཡ་སི་མའེ་ཁེའི་འདུག་སྟེགས་མཐོང་བའི་ཚེ་ནའང་སྐྱོ་གདུང་གིས་ཁེངས་པར་གྱུར། སྤར་སློབ་གྲྭས་བྱིས་པ་བཅུ་ཙམ་ལ་སྡོད་གནས་གཏན་འཁེལ་བྱས་མེད་པ་དང་། བྱིས་པ་ཚོས་ཀྱང་རིམ་གྱིས་ཡ་སི་མའེ་ཁེའི་འདུག་སྟེགས་སྟོང་པ་བརྗེད་པར་གྱུར་པ་དང་། རིམ་གྱིས་ཡ་སི་མའེ་ཁེའི་གཏན་བྲལ་གྱིས་བྱིས་པ་རྣམས་ལ་སྦྱིན་པའི་སྡུག་བསྔལ་དེའང་བརྗེད་པར་གྱུར། ཐོ་ཐོ་མས་བྱ་ཕྲུག་དང་ཁྱི་ཕྲུག་ལཱོ་ཁེ་མི་མཐོང་བར་གྱུར་པ་ལས་སེམས་པ་མྱ་ངན་གྱིས་གདུང་བས་བཟི་བར་གྱུར་པ་ལས་ཚེ་སྲོག་ནི་བྱིས་པའི་སེམས་སུ་གལ་ཆེན་པོ་ཡིན་པ་མཚོན། ཐོ་ཐོ་མ་དང་ཁྱི་ལཱོ་ཁེ་གཉིས་ཀྱིས་སྤྱང་ཀི་ཡིན་ཁུལ་བྱེད་པའི་རྩེད་མོ་རྩེས་པར། ཁྱི་ལཱོ་ཁེས་རྩེད་མོ་ལ་ནན་ཏན་བྱས་དྲགས་ཏེ་ཐོ་ཐོ་མའི་རྣ་བར་སོ་བཏབ་མོད། འོན་ཀྱང་ཐོ་ཐོ་མས་ཕ་མ་གཉིས་ཀྱིས་ཁྱི་ལཱོ་ཁེ་ལ་ཁ་རྡུང་གཏོང་དུ་མ་བཅུག དེ་ལས་བྱིས་པ་ཚོས་བྱ་འགུལ་གྱི་ཁྲོད་དུ་འགན་འཁྲི་འཁུར་ཤེས་པ་དང་། བཟོད་སྒོམ་བྱེད་ཤེས་པ། མཛའ་བརྩེ་ལ་མཐོང་ཆེན་བྱེད་ཤེས་པ། ཚེ་སྲོག་ལ་བརྩི་མཐོང་དང་བརྩེ་བ་ལ་བརྩི་འཇོག སྲོག་ཆགས་ལ་བརྩི་འཇོག་བཅས་བྱས་ནས་བརྩེ་བ་ཆེན་པོས་སྤྱི་ཚོགས་ལ་ལྟ་སྟངས་འཛིན་དགོས་པ་ཤེས་ཀྱིན་ཡོད།

སྤར་སློབ་གྲྭས་བྱིས་པ་ཚོར་སྤྲོ་སྣང་དོད་པའི་འཇིག་རྟེན་ཞིག་གནང་ནས་བྱིས་པ་ཚོ་སྤྲོ་གསེང་གཏོང་བ་དང་རྨས་མར་འཚམས་འདྲི་བྱེད་པའི་ནང་ཞུགས་སུ་འཇུག་པ་དང་། སྙིང་སྟོབས་ལ་ཚོད་བགམ་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་བྱིས་པ་ཚོར་རང་ཉིད་ཀྱིས་ཚོར་བ་མྱོང་བ། རང་ཉིད་ཀྱིས་ཕྱོགས་སྡོམ་བྱེད་པ། རང་ཉིད་ཀྱིས་བསམ་གཞིག་བཅས་བྱེད་དུ་འཇུག་པ་རེད། ལྷག་པར་དུ་སྙིང་སྟོབས་ལ་ཚོད་བགམ་བྱེད་པ་ལས་བྱིས་པར་འཇིགས་སྐྲག་སེལ་དུ་འཇུག་པ་དང་རང་ཉིད་ལས་རྣམ་པར་རྒྱལ་དུ་འཇུག་དགོས། དབྱར་ཁའི་གུང་གསེང་ལ་བྱིས་པ་རྣམས་དགའ་སྤྲོའི་ངང་ནས་སྒར་བརྒྱབ་ནས་སྡོད་པ་དང་། བྱིས་པ་ཚོའི་ཆུ་ཚན་ཡུལ་སྐོར་སོགས་ཀྱིས་བྱིས་པ་ཚོས་བྱེད་སྒོའི་ཁྲོད་ནས་སློབ་པ་དང་། ལག་ལེན་ཁྲོད་ནས་སློབ་པ། སློབ་པའི་ནང་ནས་ཉམས་ལེན་དང་ཉམས་ལེན་ཁྲོད་ནས་རང་ཉིད་ཀྱི་ཉམས་མྱོང་གྱ་ནོམ་པར་གཏོང་བ་ལ་གཞོལ་ཡོད།

དགེ་རྒན་རི་མ་ལགས་ཀྱིས་སྐྱེ་དངོས་འདེབས་འཛུགས་ཐད་འགྲེལ་བརྗོད་བྱས་པ་བརྒྱུད་བྱིས་པ་རང་ཉིད་ཀྱིས་འདེབས་འཛུགས་བྱེད་པ་དང་། གྲུབ་འབྲས་ཐོབ་པའི་སྤྲོ་སྣང་སྐྱེ་རུ་བཅུག

སྤར་སློབ་གྲྭའི་ཁྱད་ཆོས་ལྡན་པའི་ལུས་རྩལ་འགྲན་ཚོགས་དང་། དབྱངས་རྟའི་ལུས་སྦྱོང་། འཁྲབ་སྟོན་སོགས་ནི་བྱིས་པ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལ་འཚམ་པའི་སྟེགས་བུ་ཞིག་ཡིན་པས། བྱིས་པ་ཚོར་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་འཚར་ལོངས་འབྱུང་སྟངས་ཤིག་འཚོལ་དུ་འཇུག་གིན་ཡོད། བྱིས་པ་ཚང་མར་འོས་མཐུན་གྱི་སློབ་གསོ་མཁོ་འདོན་བྱེད་དགོས་པ《རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་ཀྱི་རྩ་གནད།(2010ལོ་ནས2020ལོའི་བར)》ནང་བཀོད་པ་དང་སློབ་མ་རེ་རེར་འོས་མཐུན་གྱི་སློབ་གསོ་མཁོ་འདོན་བྱེད་དགོས་པར་བརྗོད། 《སློབ་གསོ་སློབ་ཁྲིད་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ནང“ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། སྤྱོད་བཟང་གི་ཤུགས་རྐྱེན་ཆེ་རུ་གཏོང་བ། ངལ་རྩོལ་སློབ་གསོར་ཤུགས་སྣོན་རྒྱག་པ”བཅས་ཀྱི“སློབ་གསོ་ལྔ”མཉམ་འཛིན་དང་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་བྱང་ཚད་སློབ་གསོ་མཐའ་འཁྱོངས་བྱེད་དགོས་པ་བཏོན་ཡོད། ཡིག་ཆ་དེ་བཏོན་ནས་བྱིས་པ་འཕེལ་རྒྱས་དང་། སློབ་གྲྭའི་གདེང་འཇོག བསླབ་ཚན་གསར་འཛུགས། སློབ་གསོའི་ཕྱོགས་སྟོན་བཅས་ལ་ཁ་ཕྱོགས་གསལ་པོར་བསྟན་ཡོད། 《སྒེའུ་ཁུང་གམ་གྱི་ཐོ་ཐོ་མ》ཡིས་ང་ཚོ་ལ་སློབ་གསོའི་དཔེ་མཚོན་ཞིག་འདོན་སྤྲོད་བྱས་སོང་བས། ང་ཚོ་སློབ་གསོ་གཏོང་མཁན་རེ་རེས་སེམས་རྣལ་དུ་ཕབ་ནས་ཀློག་རིན་ཡོད་པ་དང་། བསམ་བློ་གཏོང་རིན་ཡོད། དེ་ལ་ལྗིད་རྫོབ་ཆེ་བའི་ལས་བྱའི་འགན་ཁུར་མེད། གང་ས་གང་དུ་ཟབ་སྦྱོང་འཛིན་གྲྭ་མེད། དུས་ཚོད་ལས་བརྒལ་བའི་དུས་ཚོད་མེད། སྨི་འགའ་ཤས་བརྒལ་བའི་རྒྱུགས་ཤོག་མེད། ཚར་རྒྱུ་རྫོགས་རྒྱུ་མེད་པའི་བསྐྱར་སྦྱོང་གི་དྲི་གཞི་འབྲི་རྒྱུ་མེད། གནོན་ཤུགས་ཆེ་བའི་སློབ་གསོའི་ཁོར་ཡུག་ཀྱང་མེད་མོད། འོན་ཀྱང་ཕུལ་དུ་བྱུང་བའི་སློབ་མ་གསོ་སྐྱོང་བྱེད་ཀྱིན་ཡོད། ཐོ་ཐོ་མའི་སློབ་གྲོགས་རྣམས་སྤྲོ་སྣང་གི་ཁྲོད་ནས་བདེ་ཐང་གིས་འཚར་ལོངས་བྱུང་ཞིང་། འོས་མཐུན་གྱི་སློབ་གསོའི་ཁྲོད་ནས་རྒྱལ་ཁའི་ལམ་བུ་རྙེད་པ་དང་གཡུར་དུ་ཟ་བའི་འབྲས་བུའང་བླངས་ཡོད་དོ། །

《སྒེའུ་ཁུང་གམ་གྱི་ཐོ་ཐོ་མ》ཡིས་མི་རྣམས་ལ་སྤུས་ཚད་སློབ་གསོའི་གྲུབ་འབྲས་མཐོང་དུ་བཅུག་སྟེ། ཐོ་ཐོ་མས་བརྒྱུད་ཟིན་པའི་ཉམས་མྱོང་གིས་ང་ཚོར་བསམ་གཞིག་ཤིག་གནང་བྱུང་། དེབ་འདིའི་ནང་གི་ནང་དོན་མང་པོ་ཞིག་ནི་ང་ཚོས་རྒྱུན་ཆད་མེད་པར་ཕྱིར་རྟོག་དང་སྔོག་འདོན། བསམ་གཞིག་དང་ལག་ལེན་བཅས་བྱེད་རིན་ཡོད་པ་ཞིག་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།