ཀྲུང་གོ་བོད་ཀྱི་དྲ་བ།

མདོ་སྨད་རེབ་གོང་གི་སྒྲུབ་གནས་བཀྲ་ཤིས་འཁྱིལ་དུ་བཞུགས་པའི་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མའི་སྐོར་གླེང་བ།

ཡོང་ཁུངས། : <<ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག>>2021ལོའི་དེབ་དང་པོ།   རྩོམ་པ་པོ། : སྙན་བཟང་པ་ཀུན་བཟང་རྒྱལ་དང་སངས་དགའ།   སྤེལ་དུས། : 2021-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[ནང་དོན་གནད་བསྡུས།] རྗེ་ཙོང་ཁ་པ་ཆེན་པོ་འོན་གྱི་བཀྲ་ཤིས་དོ་ཁར་དུས་ནམ་ཞིག་ལ་ཕེབས་པ་དང་། དུས་དེར་རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བཞེངས་སྐྲུན་དང་བཟོ་བོ་སུ་ཡིན་པ། བཞེངས་པའི་དགོས་པ་དང་གནའ་རྫས་རིན་ཐང་། མདོ་སྨད་རེབ་གོང་དུ་ཅི་ལྟར་གདན་དྲངས་པ་དང་། སྒྲུབ་གནས་བཀྲ་ཤིས་འཁྱིལ་དུ་བཞུགས་པའི་དགོས་པ་སོགས་ལ་དཔྱད་ཞིབ་བྱས་ཡོད།

[བརྡ་ཆད་གཙོ་བོ།] རྗེ་ཙོང་ཁ་པ། འོན་གྱི་བཀྲ་ཤིས་དོ་ཁ།  རྗེ་སྐུ་བཀྲ་ཤིས་དོ་ཁ་མ། བཟོ་བོ། གྲངས་ཀ བཞུགས་གནས།


དང་བོ། རྗེ་ཙོང་ཁ་པ་ཆེན་པོ་དུས་ནམ་ཞིག་ལ་འོན་གྱི་བཀྲ་ཤིས་དོ་ཁར་ཕེབས་བཞུགས་གནང་བ།

འོན་གྱི་བཀྲ་ཤིས་དོ་ཁ་དགོན་པ་ནི། ད་ལྟའི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་མངའ་ཁོངས་ཏེ། སྐྱེར་པ་ཤང་གི་ཁྲི་སྨོན་གྲོང་ཞེས་པའི་ཤར་ངོས་ཀྱི་རི་འབུར་སྟེང་ཆགས་ཡོད། དགོན་པ་དེར་རྗེ་ཙོང་ཁ་པ་ཆེན་པོ་དུས་ནམ་ཞིག་ལ་ཕེབས་བཞུགས་གནང་དམ་ཞེ་ན། མཁས་གྲུབ་རྗེའི་མཛད་པའི«རྗེའི་རྣམ་ཐར་དད་པའི་འཇུག་ངོགས»ལས། འབྲུག་ལོ་ཟླ་བ་བརྒྱད་པའི་ཚེས་བདུན་གྱི་ཉིན་ནས་རྗེ་ཐམས་ཅད་མཁྱེན་པ་དང་ལྷན་དུ་དཔོན་སློབ་སུམ་ཅུ་རྩ་གྲངས་སྐུ་མཚམས་ལ་བཞུགས་ཏེ། སྐུ་རིམ་ལོ་སྦྲེལ་གྱིས་བསྒྲུབས་པས་སྐུ་ཁམས་ལེགས་པར་དྭངས་བའི་ལོ་རྒྱུས་བཀོད་པའི་མུར། དེའི་ཕྱི་ལོ་དེར་དབྱར་གནས་ལ་མི་དབང་གྲགས་པ་རྒྱལ་མཚན་པས་གསོལ་བ་བཏབ་ནས། འོན་གྱི་བཀྲ་ཤིས་དོ་ཁར་གདན་དྲངས། སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ལ་དབུ་ཚད་དང་ལམ་རིམ་ལ་སོགས་པའི་ཆོས་མང་དུ་གསུངས་ཤིང་། གདན་སའི་སྤྱན་སྔ་རིན་པོ་ཆེའི་ཐོག་དྲངས། ཤིན་ཏུ་མཐོ་བའི་དཔལ་དང་ལྡན་པ་ཀུན་གྱིས་མཆོག་ཏུ་དད་པའི་བསེར་བུས་བསྐྱོད་པའི་གཙུག་ལག་གི་པདྨོ་ཞབས་ཀྱི་ངོས་ལ་གཡོ་བས་ཚིམ་པ་མེད་པར་གྱུར་ཏོ། ། [1]ཞེས་གསུངས་ཡོད་པ་སྟེ། གང་དེར་འབྲུག་ལོའི་ལོ་མཇུག་ནས་སྐུ་བསྙུང་བཞེས་པ་དང་། སྦྲུལ་གྱི་ལོ་གང་བོར་སྐུ་རིམ་ལོ་སྦྲེལ་དུ་དཀའ་བཅུ་བ་སོགས་ཀྱིས་མཛད་ཚུལ་གསལ་ལ། དེ་བས་གོང་གི་དེའི་ཕྱི་ལོ་གསུང་པ་ནི། ཤིང་རྟ་ལོར་འཁེལ་བ་ཡིན། དེ་མཚུངས་སུ་འབྲུག་རྒྱལ་དབང་ཆོས་རྗེས་བརྩམས་པའི«རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ནོར་བུའི་འཕྲེང་བ»ལས། ཤིང་རྟ་ལོ་དེ་ཁའི་དབྱར་གནས་ལ་མི་དབང་གྲགས་པ་རྒྱལ་མཚན་པས་གསོལ་བ་བཏབ་ནས། འོན་གྱི་བཀྲ་ཤིས་དོ་ཁར་གདན་དྲངས་པ་ལྟར་ཕེབས་ནས་དབྱར་ཞལ་བཞེས་མཛད། [2]ཅེས་གསུངས་ཤིང་། ད་དུང་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་སོགས་མཁས་པ་མང་པོ་ཞིག་གིས་ཤིང་རྟ་ལོར་བཞེད་དོ། ། 

ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི«རྗེ་ཙོང་ཁ་པའི་རྣམ་ཐར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས»ལས། དེའི་ཕྱི་དགུང་ལོ་ང་བདུན་པ་ཆུ་མོ་སྦྲུལ་ལོ་དེ་དབྱར་གནས་ལ་མི་དབང་གྲགས་པ་རྒྱལ་མཚན་པས་གསོལ་བ་བཏབ་ནས། ཆོས་ལྡིངས་ཀྱི་ལྷོ་ངོས་ཆུ་ཤར་འོན་གྱི་བཀྲ་ཤིས་དོ་ཁར་གདན་དྲངས། [3]ཞེས་གསུངས་པ་དང། ད་དུང་ལ་སྟོད་ཀུན་དགའ་རྒྱལ་མཚན་སོགས་མཁས་པ་ཁ་ཅིག་གིས་ཆུ་སྦྲུལ་ལོར་བཞེད་པ་ཡིན་ནོ། །

བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི«རྗེ་བདག་ཉིད་ཆེན་པོ་སོགས་ཀྱི་སྐུ་བརྙན་འགའ་ཞིག་གི་ལོ་རྒྱས་ཅུང་ཟད་བརྗོད་པ»ལས། དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགུང་ལོ་ང་དགུ་བཞེས་པའི་ཤིང་ལུག་ལ་མི་དབང་གྲགས་པ་རྒྱལ་མཚན་པས་སྤྱན་དྲངས་ཏེ་འདུལ་འཛིན་པ་གྲགས་པ་རྒྱལ་མཚན་སོགས་འཁོར་སྡེ་སྣོད་འཛིན་པ་ཉིས་བརྒྱ་ལྷག་ཙམ་དང་བཅས་འོན་གྱི་བཀྲ་ཤིས་དོ་ཁར་བྱོན་ནས་དབྱར་གནས་མཛད།[4] ཅེས་གསུངས་པ་དང་། དགེ་སློང་བྱང་ཆུབ་རྣམ་པར་རྒྱལ་བས་མཛད་པའི་པཎ་ཆེན་བྱམས་པ་གླིང་བའི་རྣམ་ཐར་ནའང་དེའི་ཕྱི་ལོ་ཤིང་ལུག་ཏུ་བཞེད་ཡོད། རྗེ་ཙོང་ཁ་པའི་རྣམ་ཐར་ཕན་ཚུན་བསྡུར་ན་འོན་གྱི་བཀྲ་ཤིས་དོ་ཁར་ཕེབས་པའི་ལོ་ཚིགས་ཐད་བཞེད་ལུགས་མི་འདྲ་བ་གསུམ་བྱུང་བ་ཡིན་ལ། དེ་དག་ལས་གང་ཞིག་གཙིགས་པར་མཐོང་ཞེ་ན། ཤིང་རྟ་ལོར་བཞེད་པའི་ལུགས་འདི་གཙིགས་པར་སྙམ་སྟེ། མཁས་གྲུབ་རྗེས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་ནི་རྗེའི་རྣམ་ཐར་ཀུན་གྱི་ཐོག་མ་དང་། ཕྱིས་སུ་བྱུང་བའི་རྗེའི་རྣམ་ཐར་ཀུན་གྱི་ས་བོན་དང་འབྱུང་ཁུངས་ལྟ་བུ་གྱུར་པ་དང་གཅིག ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་རྗེའི་རྣམ་ཐར་ཆེན་མོ་ན། དགུང་ལོ་ང་བདུན་པའི་ཆུ་སྦྲེལ་ལོར་ཡང་ལོ་རིལ་པོ་རྫོགས་ཀྱི་བར། བླ་མ་རྣམས་ཀྱིས་མཚམས་ལ་བཞུགས་ནས་བསྒོམ་བཟླས་མཛད་པ་དང་། འདུས་ཚོགས་མང་མས་སྐུ་རིམ་བསྒྲུབ་པ་སོགས་ལ་བརྩོན་པར་མཛད། དེ་ལྟར་ལོ་ཕྱི་མའི་ངོ་མཐོང་གི་བར་དུ་སྐུ་རིམ་ལ་འབད་པ་ཡིན་ལ། སྔོན་ཆད་གང་རིའི་ཁྲོད་དུ་བླ་མའི་སྐུའི་རིམ་གྲོ་བསྒྲུབས་པ་ལ་འདི་ལྟ་བུ་གཞན་མ་བྱུང་ཞེས་མཐུན་པར་གླེང་ལ་ཞེས་གསལ་བར་བསྟན་པ་མ་ཟད། དགུང་ལོ་ང་བཞི་ནས་རེ་གཅིག་བར་གྱི་བྱ་གཞག་ལོ་རེ་རེའི་གནས་ཚུལ་བཀོད་པ་རྗེའི་རྣམ་ཐར་གཞན་ལས་ཁ་གསལ་བ་དང་གཉིས། ལོ་དེར་རྗེ་དགེ་འདུན་གྲུབ་དགུང་ལོ་ཉེར་བཞི་དང་། འཇམ་དབྱངས་ཆོས་རྗེ་དགུ་ལོ་སོ་དྲུག་བཞེས་པ་རྣམ་ཐར་མང་པོ་ན་གསུངས་ལ། དེ་ལྟར་ན་རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་ལོ་རབ་བྱུང་བདུན་པའི་ལྕགས་ལུག་སྟེ་སྤྱི་ལོ(1391)དང་། འཇམ་དབྱངས་ཆོས་རྗེའི་འཁྲུངས་ལོ་རབ་བྱུང་དྲུག་པའི་ས་ལུག་ལོ་སྟེ་སྤྱི་ལོ(1379)ཡིན་པ་ཀུན་ལ་རྩོད་མེད་ཡོངས་གྲགས་ཡིན་པ་བརྩི་གཞི་བྱས་པ་དང་གསུམ། རྗེའི་རྣམ་ཐར་མང་པོ་ནའང་ཤིང་རྟ་ལོར་བཞེད་པ་དང་བཅས་བཞི་ལ་བརྟེན་པ་ཡིན།  འོན་ཀྱང་ལོ་བརྩི་སྟངས་དེ་བོད་ལུགས་ལྟར་ཡིན་ལ། རྗེ་ཙོང་ཁ་པའི་འཁྲུངས་ལོ་རབ་བྱུང་དྲུག་པའི་མེ་བྱ་སྟེ་སྤྱི་ལོ(1357)ཡིན་པ་གཅིག་མཐུན་ཡིན་པ་དང་། ཆ་ཧར་དགེ་བཤེས་ཀྱིས་མཛད་པའི་རྗེའི་རྣམ་ཐར་ཟུར་རྒྱན་ན། རྗེའི་དགུང་ལོ་ང་བརྒྱད་པའི་ཤིང་རྟ་ལོར། ཞེས་བཀོད་པས་ན། ལོ་བརྩི་སྟངས་དེ་བོད་ལུགས་ལྟར་གནམ་ལོ་བརྩིས་ཡོད་པ་ཤེས་ཐུབ། དེ་ལྟར་རྗེ་ཙོང་ཁ་པ་ཆེན་པོ་བཀྲ་ཤིས་དོ་ཁར་དབྱར་གནས་སུ་བཞུགས་པའི་ལོ་ནི། རབ་བྱུང་བདུན་པའི་ཤིང་རྟ་ལོ་སྟེ། རྗེ་ཉིད་དགུང་ལོ་ང་བརྒྱད་དུ་ཕེབས་པ། སྤྱི་ལོ(1414)ཡིན་ནོ། །

རྗེའི་རྣམ་ཐར་ཡོངས་སུ་ལོ་ཚིགས་ཐད་བཞེད་ལུགས་མི་འདྲ་བ་གསུམ་བྱུང་ཡོད་པ་ལས་བཀྲ་ཤིས་དོ་ཁར་དབྱར་གནས་ལ་བཞུགས་པ་གཅིག་མཚུངས་ཡིན་ལ། ཆུ་སྦྲེལ་ལོར་ལོ་རིལ་པོ་རྫོགས་ཀྱི་བར་དགའ་ལྡན་དུ་བཞུགས་ནས་རིམ་གྲོར་འབད་པ་རྣམ་ཐར་འགའ་ཞིག་ཏུ་གསལ་ནའང་། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི«རྗེ་རིན་པོ་ཆེའི་རྣམ་ཐར་གྱི་ཟུར་རྒྱན་བདེ་ལེགས་ཀུན་འབྱུང»ལས། སླར་ཡང་དགའ་ལྡན་དུ་ཕེབས་ནས་ཆོས་མང་དུ་གསུངས་པར་བསྟན་ནོ། །[5]ཞེས་པའི་སླར་ཡང་གི་དོན་ནི། ཤིང་རྟ་ལོར་དགའ་ལྡན་ནས་འོན་གྱི་བཀྲ་ཤིས་དོ་ཁར་ཕེབས་པ་དང་། དེར་དབྱར་བཞུགས་གནང་རྗེས་ཕྱིར་དགའ་ལྡན་དུ་ཕེབས་པ་ནི་ཚིག་ཉུང་བའི་སྒོ་ནས་གསལ་བར་བསྟན་པ་བཞིན་ནོ། །

གཉིས་པ། འོན་གྱི་བཀྲ་ཤིས་དོ་ཁར་བཞུགས་སྐབས་བསྟན་པའི་བྱ་གཞག་གང་དག་མཛད་པ།

རྗེ་ཙོང་ཁ་པ་ཆེན་པོ་འོན་གྱི་བཀྲ་ཤིས་དོ་ཁར་དབྱར་གནས་ལ་བཞུགས་སྐབས་འཁོར་དུ་སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ཞེས་པ་ཞིག་དང་ཉིས་བརྒྱ་ལྷག་ཞེས་པའི་ཡི་གེ་འབྲི་སྟངས་གཉིས་བྱུང་ཡོད་ནའང་། དོན་གཅིག་མཚུངས་སུ་ངེས་ཏེ། སྐབས་དེར་སྐུ་འཁོར་ན་སྡེ་སྣོད་འཛིན་པ་བརྒྱ་ཕྲག་གཉིས་ལྷག་བཞུགས་ཡོད་པ་མངོན་གསལ་ཡིན་ལ། ལྷག་པར་དུ། སྐབས་དེར་གནས་དེ་རུ་ཐབས་ཅད་མཁྱེན་པ་དགེ་འདུན་གྲུབ་དང་།  འཇམ་དབྱངས་ཆོས་རྗེ། རྗེ་ཤེས་རབ་སེང་གེ སེམས་དཔའ་ཆེན་པོ་ཀུན་བཟང་པ། པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ། ཡིད་བཟང་རྩེ་བ་འགོས་ལོ་གཞོན་ནུ་དཔལ། ཆོས་རྗེ་གུང་སྣང་པ་མཛེས་པ་དཔལ། ཆོས་རྗེ་མི་ཉག་རིན་རྒྱལ་བ། རྒོད་ཕྲུག་གྲགས་པ་འབྱུང་གནས། ཐེལ་བའི་བླ་མ་སྤྱན་སྔ་རིན་པོ་ཆེ། རྩེ་ཐང་ཆོས་རྗེ། བླ་མ་གཞུང་ལས་པ་སོགས་དགེ་བའི་བཤེས་གཉེན་དང་དམ་པ་མང་པོ་བཞུགས་པ་དང་། དཔོན་པོ་མི་ཆེན་གྱི་རིགས་སྣེ་གདོང་གི་བདག་ཆེན་པ་མི་དབང་གྲགས་པ་རྒྱལ་མཚན་དཔོན་བློན་རྣམས་དང་། སྣེའུ་དཔོན་ནམ་མཁའ་བཟང་པོ་སོགས་ཀྱང་སྐུ་འཁོར་དུ་བཞུགས་པ་རྣམ་ཐར་བདེ་ལེགས་ཀུན་འབྱུང་སོགས་སུ་གསལ་བ་ལྟར་རོ། །

གོང་དུ་དྲངས་པའི་རྣམ་ཐར་དད་པའི་འཇུག་ངོགས་ན། སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ལ་དབུ་ཚད་དང་ལམ་རིམ་ལ་སོགས་པའི་ཆོས་མང་དུ་གསུངས་ཤིང་། ཞེས་པ་དང་། རྣམ་ཐར་ནོར་བུའི་འཕྲེང་བ་ན། གནས་དེར་སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་པོ་ལ་ལམ་རིམ་དང་། དབུ་ཚད། སྤྱོད་འཇུག་ལ་སོགས་པ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཞེས་གསུངས་པ་དང་། «རྣམ་ཐར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས»ལས། བཀྲ་ཤིས་དོ་ཁར་དགེ་འདུན་གྲུབ་པས་ཚད་མ་རྣམ་ངེས་ཀྱི་དོགས་གཅོད་ཞུས་ཤིང་། དྲང་ངེས་རྣམ་འབྱེད། བླ་མ་ལྔ་བཅུ་པའི་རྣམ་བཤད། རྩ་ལྟུང་རྣམ་བཤད་སོགས་གསན། [6]ཞེས་གསུངས་པ་དང་། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་གསུངས་དེ་ན། རྗེ་དགེ་འདུན་གྲུབ་ཀྱང་འདི་དུས་མཇལ་ཏེ་ཚད་མའི་དཀའ་གནས་གསུང་པ་ལ་ཟིན་བྲིས་ཡོད། ཅེས་གསུངས་ཡོད། «པཎ་ཆེན་བྱམས་པ་གླིང་པའི་རྣམ་ཐར»ན། ཐེག་པ་ཆེན་པོའི་སེམས་བསྐྱེད་བཞེས་པ་དང་། ལམ་རིམ་རྒྱས་བསྡུས་ཚར་བདུན། དབུ་མ་རྩ་ཤེ བཤེས་པའི་སྤྲིངས་ཡིག དྲང་ངེས་རྣམ་འབྱེད། བླ་མ་ལྔ་བཅུ་བ། རྩ་ལྟུང་བཅུ་བཞི་བ་རྣམས་ཀྱི་བཤད་པ་རྒྱས་པ། སློབ་དཔོན་དཔའ་བོའི་སྐྱེས་རབས་རྣམས་གསན།[7]ཞེས་གསུངས་པ་རྣམས་གུང་བསྒྲིགས་ཏེ་དཔྱད་ན། རྗེ་ཙོང་ཁ་པ་ཆེན་པོ་ཁོང་བཀྲ་ཤིས་དོ་ཁར་དབྱར་གནས་ལ་བཞུགས་པའི་དུས་དེར། སྐུ་འཁོར་སློབ་མ་བརྒྱ་ཕྲག་གཉིས་ལྷག་ལ་ཚད་མ་རྣམ་ངེས་ཀྱི་དོགས་གཅོད་སོགས་མདོ་སྔགས་ཀྱི་ཆོས་གཞུང་མི་འདྲ་བ་མང་པོ་ཞིག་འཆད་ཁྲིད་གནང་ཡོད་པ་ཤེས་ཐུབ་ལ། སྐབས་དེར་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་ཡང་བཞེངས་སྐྲུན་མཛད་པ་ཡིན་ནོ། །

རྗེ་དགེ་འདུན་གྲུབ་དང་པཎ་ཆེན་བྱམས་པ་གླིང་པ་རྣམ་གཉིས་དུས་དེར་ཐོག་མར་གནས་དེ་ནས་རྗེ་ཙོང་ཁ་པ་ཆེན་པོར་མཇལ་བ་རྣམ་ཐར་ན་གསལ་བ་བཞིན་དང་། རྗེ་དགེ་འདུན་གྲུབ་པ་ལགས་ནི། རྗེ་ཙོང་ཁ་པའི་སྲས་ཀྱི་ཐུ་བོ་རྣམས་ལས། འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཀྱི་ཐུ་བོ་ཞེས་པའི་མཚན་གསོལ་པ་དང་། རྒྱལ་དབང་སྐུ་ཕྲེང་དང་པོར་ངོས་འཛིན་པ། དགུང་ལོ་ང་བདུན་པ་མེ་ཡོས(1447)ལོར་གཙང་བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་པ་ཡིན་ནོ། །

རྗེ་ཙོང་ཁ་པ་ཆེན་པོས་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ལ་འབྲས་སྤུངས་དགོན་པ་ཕྱག་འདེབས་མཛད་དགོས་པའི་བཀའ་ཡང་སྐབས་དེར་གནང་བ་ཡིན་པས། འོན་གྱི་བཀྲ་ཤིས་དོ་ཁར་དབྱར་གནས་ལ་བཞུགས་པའི་དུས་དེ་ནི། དད་ལྡན་སློབ་མ་བརྒྱ་ཕྲག་མང་པོར་ཟབ་རྒྱས་ཆོས་ཀྱི་བདུད་རྩི་བསྩལ་པའི་དུས་བཟང་ཤིག་ཡིན་པར་མ་ཟད། དགེ་ལུགས་པའི་དགོན་ཆེན་བཞིའི་ཡ་གྱལ་འབྲས་སྤུངས་དང་བཀྲ་ཤིས་ལྷུན་པོ་དགོན་པ་གཉིས་ཕྱག་འདེབས་པའི་རྟེན་འབྲེལ་གྱི་གཞི་ཚུགས་སའི་གནས་ཀྱང་ཡིན་པར་གསལ་ལོ། །

གསུམ་པ། རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མའི་བཟོ་བོ་དང་གྲངས་ཀའི་སྐོར་གྱི་བཞེད་པ།

1. རྗེ་སྐུ་བཀྲ་ཤིས་དོ་ཁ་མའི་བཟོ་བོ་སུ་ཡིན་པ།

རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བཞེངས་སྐུན་གནང་སའི་ཡུལ་དང་ལོ་ཚིགས་ལ་ངེས་པ་རྙེད་དེ་གཏན་འཁེལ་གནང་བའི་རྗེས་ནས། བཟོ་བོ་སུ་ཞིག་གི་ཕྱག་བཟོ་ཡིན་པའི་སྐོར་གྱི་བཞེད་ཚུལ་ལ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི«བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་དང་རྭ་བསྒྲེང་དུ་མཆོད་རྟེན་བཞེངས་པའི་དཀར་ཆག»ལས། བཀྲ་ཤིས་དོ་ཁ་མར་གྲགས་ཆོས་ཀྱི་རྗེ། །བྱམས་པ་གླིང་པའི་ཕྱག་བཟོ་ལས་བྱུང་བ། །རྗེ་བཙུན་བླ་མའི་སྐུ་འདྲ་བྱིན་རླབས་ཅན། །[8]ཞེས་བཟོ་བོ་པཎ་ཆེན་བྱམས་པ་གླིང་བ་ཡིན་པར་གསུངས་པ་དང་། དེ་མཚུངས་སུ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་ཐུགས་སྲས་བྱང་ཆུབ་མི་ལ་ངག་དབང་བསོད་ནམས་ཀྱིས་མཛད་པའི«རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར»ལས། འདི་པཎ་ཆེན་བྱམས་པ་གླིང་བའི་ཕྱག་བཟོ་དང་རྗེའི་དབུ་ལོ་བུབས་གཅིག་ནང་བཞུགས་དང་།[9]ཞེས་གསུངས་པ་དང་། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི«རྗེ་བདག་ཉིད་ཆེན་པོ་སོགས་ཀྱི་སྐུ་བརྙན་འགའ་ཞིག་གི་ལོ་རྒྱུས»ནའང་ལུང་དྲངས་ཏེ། རྗེའི་དབུ་སྐྲ་བུབས་གཅིག་གཟུངས་སུ་བཞུགས་པ་ལ་རྗེ་རང་གི་ཕྱག་གིས་མེ་ཏོག་འཐོར་བ་ཡོད་ཅེས་རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་ལས་འབྱུང་བ་ལྟར་ན་པཎ་ཆེན་བྱམས་པ་གླིང་བའི་ཕྱག་བཟོ་ཡིན་པ་འདྲ།[10]ཞེས་པཎ་ཆེན་བྱམས་པ་གླིང་བའི་ཕྱག་བཟོ་ཡིན་པ་འཐད་ཕྱོགས་སུ་བཟུང་ཡོད་པ་དང་། «ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ»ན། པཎ་ཆེན་བྱམས་པ་གླིང་པས་ཉིན་གཅིག་ལ་རྗེ་སྐུ་བདུན་ཕྱག་བཟོ་མཛད།[11] ཅེས་གསུངས་པ་དང་། «དུང་དཀར་ཚིག་མཛོད་ཆེན་མོ»ལས། བཀྲ་ཤིས་རྡོ་ཁ་མ། རྗེ་ཙོང་ཁ་པའི་སྐུ་བརྙན་ཞིག་གི་མིང་སྟེ། སྔར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགུང་ལོ་ང་བརྒྱད་བཞེས་པ་རབ་བྱུང་བདུན་པའི་ཤིང་རྟ(1414)ལོར་ཕག་གྲུ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱིས་གདན་དྲངས་པ་ལྟར་འོན་བཀྲ་ཤིས་རྡོ་ཁར་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། དབུ་སྐྲ་བུབས་རེ་གཟུངས་སུ་བཞུགས་པའི་འདྲ་སྐུ་བརྒྱད་བཞེངས་པ་ལ་རྗེ་ཉིད་ཀྱིས་རབ་གནས་མཛད་པས། སྐུ་འདྲ་བཞེངས་པའི་གནས་ཀྱི་མིང་སྐུ་བརྙན་ལ་ཐོགས་པ་ཡིན། འདྲ་སྐུ་འདི་དག་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་གྱི་དཀར་ཆག་དང་རོང་པོ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་བཅས་ལས་པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་གྱི་ཕྱག་བཟོ་ཡིན་པར་གསུངས།[12]ཞེས་པ་འདི་ལས། བཀྲ་ཤིས་རྡོ་ཁ་མ་ཞེས་པ་མ་དག་པར་འདོད་དེ། ཁོང་གི་ལུང་ཁུངས་བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་གྱི་དཀར་ཆག་དང་རོང་པོ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་ན་བཀྲ་ཤིས་དོ་ཁ་མ་ཞེས་གསུངས་ཡོད། རྡོ་ཞེས་པ་པར་སྐྲུན་གྱི་གནད་དོན་ཡིན་པར་མ་ཟད་འོན་བཀྲ་ཤིས་རྡོ་ཁ་ཞེས་གྱི་སྒྲ་ཞིག་ཀྱང་ཆད་ཡོད་ལ། ཡིག་ཚང་མང་པོ་ན་འོན་གྱི་ཞེས་གྱི་སྒྲ་སྦྱར་ཡོད་དེ། འདིར་གྱི་སྒྲ་མེད་པའང་པར་སྐྲུན་གྱི་སྐྱོན་ཞིག་ཡིན་པར་སྙམ། དེ་ལྟར་འབྲེལ་ཡོད་ཀྱི་ཡིག་ཚང་མང་པོ་ན། པཎ་ཆེན་བྱམས་པ་གླིང་བའི་ཕྱག་བཟོ་ཡིན་པར་བཀོད་ཡོད། གཞན་ཡང་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུངས་དེ་ན། འགའ་ཞིག་གིས་མཁས་གྲུབ་རིན་པོ་ཆེའི་བཞེངས་ཟེར། མཁས་གྲུབ་རྗེ་ནི་དགུང་ལོ་ལྔ་བཅུ་བ་མེ་ཁྱི་ལོར་སེ་ར་ཆོས་སྡིངས་སུ་མཇལ་བས་འདི་དུས་འཁོར་དུ་བཞུགས་ཡོད་མེད་དཔྱད། ཅེས་དཔྱད་བྱའི་ཡུལ་དུ་བཀོད་ནས་བཞེད་ཚུལ་ཡང་དག་མིན་པར་བསྟན་ཡོད། ཡང་ངག་རྒྱུན་དུ་ཁྱབ་པའི་བཤད་ཚུལ་ནི། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུངས་དེ་ནའང་། ངག་རྒྱུན་ལ་དེ་དུས་རྗེ་རིན་པོ་ཆེས་ཉིན་གཅིག་ལ་དབུ་སྐྲ་སོར་ཕྱེད་དོ་པ་བརྒྱད་བྲེགས་པའི་ཚུལ་མཛད་པ་ལ། སྲས་ཀྱི་ཐུ་བོ་རྫུ་འཕྲུལ་ལ་དབང་འབྱོར་བ་ཞིག་གིས་སྐུ་བརྙན་བརྒྱད་བཞེངས་པའི་གཟུངས་གཞུག་ལ་རྗེའི་དབུ་སྐྲ་བུབས་ཚང་རེ་བཞུགས་པ་གླེང་།[13]ཞེས་གསུངས་པ་དང་། རེབ་གོང་ས་ཆའི་ངག་རྒྱུན་དུ། སྤྲུལ་བའི་ལྷ་བཟོ་ཞིག་གིས་ཁོ་བོས་ཉིན་མ་གཅིག་ལ་ཁྱོད་ཀྱི་སྐུ་འདྲ་བདུན་བཞེངས་ཐུབ་ཞུས་པ་ན། རྗེ་ཐམས་ཅད་མཁྱེན་པས་འོ་ན་བདག་གིས་ཀྱང་ཉི་མ་གཅིག་ལ་སྐུའི་གཟུངས་གཞུག་ལ་དབུ་སྐྲ་ལན་བདུན་བསིལ་ཞེས་གསུངས་པ་དང་། དེ་ནས་སྤྲུལ་བའི་ལྷ་བཟོས་སྐུ་རེ་རེ་བཞེངས་ཚར་རྗེས་རྗེ་བླ་མའི་དབུ་སྐྲ་རེ་བསིལ་ཏེ་གཟུངས་གཞུག་ཏུ་ཕུལ་བ་དང་། རྗེས་མ་དེ་བཞེངས་ཚར་ཀྱང་མ་བསྐམས་པས་མེ་བཏང་ཏེ་མེར་བསྐམས་པས་སྐུས་གསུང་བརྗོད་དེ། དོ་ཁ་ཞེས་གསུངས་པས་སྐུ་ལ་དོ་ཁ་ཐོགས་ཟེར་རོ། །ངག་རྒྱུན་འདི་དང་འདྲ་བ་འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་རྗེའི་རྣམ་ཐར་ནའང་། འདིའི་ལོ་རྒྱུས་ལ་དུས་དེར་ལྷ་བཟོ་བ་སྤྲུལ་པའི་གང་ཟག་ཞིག་གིས་ཉི་མ་གཅིག་ལ་རྗེའི་སྐུ་བརྙན་བདུན་རྫུ་འཕྲུལ་གྱིས་བཞེངས་པ་ན།[14] ཞེས་གསུངས་ཡོད།

 རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བཞེངས་སྐྲུན་མཁན་གྱི་བཟོ་བོ་སུ་ཡིན་ཐད་ལ། རྗེའི་རྣམ་ཐར་དང་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་ལྟར་ན། མཁས་གྲུབ་རིན་པོ་ཆེས་བཞེངས་ཟེར་བ་དང་གཅིག པཎ་ཆེན་བྱམས་པ་གླིང་བས་བཞེངས་ཟེར་བ་དང་གཉིས། སྤྲུལ་བའི་ལྷ་བཟོ་ཞིག་གིས་བཞེངས་ཟེར་བ་དང་གསུམ་ཡོད་པ་དེ་དག་ལས། མཁས་གྲུབ་རིན་པོ་ཆེས་བཞེངས་ཟེར་བ་འདི་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་ཀྱང་དཔྱད་བྱའི་གནས་སུ་བཀོད་ཡོད་པ་ལྟར། རྗེ་བདག་ཉིད་ཆེན་པོ་འོན་གྱི་བཀྲ་ཤིས་དོ་ཁར་ཕེབས་པའི་སྐབས་དེ་དག་ཏུ་མཁས་གྲུབ་རིན་པོ་ཆེ་སྐུ་འཁོར་དུ་ཡོད་པའི་ལོ་རྒྱུས་ཤིག་བདག་གིས་མཇལ་མྱོང་བའི་རྗེའི་རྣམ་ཐར་དང་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་རྣམས་ལས་མ་མཐོང་བ་དང་། སྐབས་དེར་མཁས་གྲུབ་རིན་པོ་ཆེས་ཉང་སྟོད་ལྕང་རའི་གདན་ས་མཛད་ཅིང་གྲྭ་ཚང་མང་པོ་གསར་འཛུགས་གནང་བའི་མཛད་བྲེལ་གྱི་དུས་དང་སྟབས་འཁེལ་བས་ཁོང་སྐུ་འཁོར་དུ་མེད་པ་དངོས་གནས་རེད།

རྣམ་ཐར་མང་པོ་ན་བཟོ་བོ་པཎ་ཆེན་བྱམས་པ་གླིང་བ་ཡིན་པར་བཞེད་པ་དེ་དང་ངག་རྒྱུན་དུ་ བཤད་པའི་སྤྲུལ་བའི་ལྷ་བཟོ་གཉིས་གང་ཟག་གཅིག་ཏུ་ངོས་བཟུང་ཆོག་སྟེ། སྤྲུལ་བའི་ལྷ་བཟོ་ཟེར་བ་པཎ་ཆེན་བྱམས་པ་གླིང་བ་ལའང་གོ་ནུས་ཏེ། པཎ་ཆེན་བྱམས་པ་གླིང་བའི་བཟོ་རྩལ་ལ་བསྔགས་པའི་ཕྱིར་དུ། སྤྲུལ་བའི་ལྷ་བཟོ་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པར་བཤད་ནའང་ཧ་ཅང་དོན་ལ་གནས་པས་ན། རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བཞེངས་སྐྲུན་མཁན་གྱི་བཟོ་བོ་ནི་པཎ་ཆེན་བྱམས་པ་གླིང་བ་ཡིན་པར་མ་ཟད། སྐུ་འདྲ་བཞེངས་སའི་གནས་ཀྱི་མིང་སྐུ་བརྙན་ལ་ཐོགས་པའང་མངོན་གསལ་ཡིན་ནོ། །

2. རྗེ་སྐུ་བཀྲ་ཤིས་དོ་ཁ་མའི་གྲངས་ཀ

རྗེ་སྐུ་བཀྲ་ཤིས་དོ་ཁ་མ་ཅི་ཙམ་ཞིག་བཞེངས་པའི་སྐོར་ལ། བླ་བྲང་ཨ་ཁུ་ཤེས་རྒྱ་མཚོས་བཀོད་པའི་ངག་རྒྱུན་དེ་དང་དུང་དཀར་ཚིག་མཛོད་སོགས་འབྲེལ་ཡོད་ཀྱི་ཡིག་ཚང་འགའ་ན་རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བརྒྱད་ཅེས་གསུངས་པ་ལས། གཞན་དུ་བཀོད་པའི་ངག་རྒྱུན་དང་རྗེའི་རྣམ་ཐར་མང་པོ་ཞིག་ན་རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བདུན་བཞེངས་པ་གཅིག་མཐུན་དུ་གྱུར་པས། དོན་ལ་རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བདུན་བཞེངས་ཡོད་པ་རེད། རྗེ་སྐུ་བཀྲ་ཤིས་དོ་ཁ་མ་དེ་དག་གང་དུ་བཞུགས་པ་ལ།    ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་རྗེའི་རྣམ་ཐར་ན། འཇམ་དབྱངས་བཞད་པས་མཛད་པ་རྗེའི་རྣམ་ཐར་དུ། བཀྲ་ཤིས་དོ་ཁ་མར་གྲགས་པའི་སྐུ་བྱིན་རླབས་ཅན་དེ་ཡང་དེ་དུས་བྱུང་། ཞེས་པ་ནི་དེར་བཞུགས་སྐབས་རྗེ་ཉིད་ཀྱི་དབུ་ལོ་ཚར་བདུན་བྲེགས་པ་ལས་ཚར་རེ་ཚང་བར་གཞུག་པའི་རྗེའི་སྐུ་འདྲ་ཐོ་གང་ཙམ་བདུན་བཞེངས་པར་རྗེ་རང་གིས་རབ་གནས་མཛད་པར་གྲགས། པོ་ཏཱ་ལའི་ལོ་ཀི་ཤྭ་རའི་དྲུང་དུ་གཅིག། འབྲས་སྤུངས་ཀུན་དགའ་དབང་གཅིག བཀྲས་ལྷུན་ནང་རྟེན་དུ་གཅིག སྐུ་འདྲ་གཅིག་དགའ་ལྡན་བྱང་རྩེ་བླ་བྲང་དུ་མཆོད་གནས་སུ་བཞུགས་ཡོད།[15]ཅེས་གསུངས་པ་སྟེ། འདི་ལས་རྗེ་སྐུ་བཀྲ་ཤིས་དོ་ཁ་མའི་གྲངས་ཀ་བདུན་དང་། རེ་རེའི་གཟུང་གཞུག་ལ་དབུ་སྐྲ་ཚར་རེ་ཚང་བར་བཞུགས་པ་གསལ་བར་མ་ཟད། རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བདུན་གྱི་ནང་ཚན་སྐུ་འདྲ་བཞི་གང་དུ་བཞུགས་པའི་གནས་ཀྱང་གསལ་བོར་བཀོད་ཡོད། དུང་དཀར་ཚིག་མཛོད་ཆེན་མོ་ལས། བཀྲ་ཤིས་དོ་ཁ་མ་ངོ་སྤྲོད་ཀྱི་སྐབས་ན། འདྲ་སྐུ་འདི་དག་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་གྱི་དཀར་ཆག་དང་རོང་པོ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་བཅས་ལས་པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་གྱི་ཕྱག་བཟོ་ཡིན་པར་གསུངས། སྐུ་འདྲ་དེ་ཡི་གྲས་རྩེ་པོ་ཏཱ་ལ་དང་། བཀྲ་ཤིས་ལྷུན་པོ། འབྲས་སྤུངས། བཀྲ་ཤིས་འཁྱིལ། སྐུ་འབུམ། གསེར་ཁོག བྱ་ཁྱུང་བཅས་སུ་ཡོད། ཅེས་གསུངས་པ་འདི་ལས། བཀྲ་ཤིས་འཁྱིལ་ཞེས་པའི་གནས་དེ་ནི། རོང་པོ་ཆོས་པ་ཡབ་སྲས་རྣམ་གཉིས་ཀྱི་སྒྲུབ་བརྒྱུད་བསྟན་པའི་གདན་ས་རེབ་གོང་དུ་ཡོད་པའི་སྒྲུབ་གནས་བཀྲ་ཤིས་འཁྱིལ་བསྟན་པ་རེད། ཅིའི་ཕྱིར་ཞེ་ན། ལུང་ཚིག་ན་རོང་པོ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་བཅས་ལས་དྲངས་གསུངས་པ་དང་། རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་ན་སྒྲུབ་གནས་བཀྲ་ཤིས་འཁྱིལ་ཡིན་པ་གསལ་བོར་གསུངས་ཡོད་ལ། ཞིབ་ཏུ་འོག་ནས་འཆད་པར་བྱའོ། །

བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་གསུངས་དེ་ནའང་། གང་ལྟར་རྗེ་ཙོང་ཁ་པའི་སྐུ་བརྙན་བཀྲ་ཤིས་གདོང་ཁ་མའམ་ཟུར་ཆགས་པས་བཀྲ་ཤིས་དོ་ཁ་མ་བརྒྱད་ཀྱི་ནང་ཚན་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཐུགས་དམ་རྟེན་སྡེ་བ་ལྷ་རྒྱ་རི་བ་ནས་རིམ་པར་བརྒྱུད་དེ་འོང་བའི་ལོ་རྒྱུས་ཁ་བྱང་ཞབས་སུ་བྲིས་ཡོད་པ་ཞིག་སྔར་བཀྲ་ཤིས་འཁྱིལ་རིགས་གྲྭའི་རྟེན་མཇལ་གྲས་སུ་བཞུགས་ཀྱང་ཕྱིས་བླང་བ་གཅིག 1 གཞན་པོ་ཏ་ལའི་བླ་མ་ལྷ་ཁང་གི་རྟེན་གཙོར་བཀྲ་ཤིས་དོ་ཁ་མ་གཅིག 2. རྒྱལ་དབང་སྐལ་བཟང་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་གྱི་བུམ་པའི་གཟུངས་གཞུག་ཏུ་རྒྱལ་བ་ན་རིམ་གྱི་ཐུགས་དམ་རྟེན་རྗེ་བཀྲ་ཤིས་དོ་ཁ་མ་བྱིན་རླབས་ཀྱི་གཟི་འོད་འབར་བ་གཅིག 3. དེའི་ཕྱིས་སུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་རྒྱལ་དབང་འཇམ་དཔལ་རྒྱ་མཚོར་ལམ་རིམ་ཆེན་མོའི་ཞལ་ལུང་ཕུལ་བའི་མཇུག་སེམས་བསྐྱེད་མཆོད་པའི་སྐབས་ཀྱང་རྒྱལ་བའི་ཐུགས་དམ་རྟེན་བཀྲ་ཤིས་དོ་ཁ་མ་སྤྱན་དྲངས་པར་གསུངས། 4. དགའ་ལྡན་བྱང་རྩེའི་གཟིམ་ཁང་དུ་གཅིག 5. བྱ་ཁྱུང་དགོན་པར་ཁྲི་ངག་དབང་སྙན་གྲགས་པས་བཞེངས་པའི་སྐུའི་གཟུངས་གཞུག་ཏུ་རྗེ་དེ་ཉིད་ཀྱི་ཁུ་བོ་ཁྲི་ངག་དབང་ཆོས་གྲགས་པའི་ཐུགས་དམ་རྟེན་བཀྲ་ཤིས་དོ་ཁ་མ་གཅིག 6.  པྲ་སྟི་སྒྲོལ་མ་གསུང་བྱོན་མའི་ལྷ་ཁང་དུའང་རྗེ་བཀྲ་ཤིས་དོ་ཁ་མ་སོགས་རྟེན་སྣ་སྟོང་བཞུགས་ཞེས་ཐོས། 7 ཞེས་གསུངས་པ་སྟེ། ཐོས་ཞེས་ཁོང་ཉིད་ཀྱིས་གོ་ཐོས་སུ་གྱུར་བ་གཞིར་བཟུང་ཏེ་བྲིས་བ་འདིར། སྐུ་འདྲ་བདུན་གྱི་བཞུགས་གནས་བཀོད་ཀྱང་། དང་པོ་དེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིགས་གྲྭའི་རྟེན་མཇལ་གྲས་སུ་བཞུགས་ཀྱང་ཕྱིས་བླང་གསུང་པ་དེ་ཡང་། ད་ལྟ་བཞུགས་མེད་པར་སྙམ་ལ་དེའི་གནས་ཚུལ་འདྲི་རྩད་བྱས་ཀྱང་གསལ་ཆ་མི་འདུག་པ་དང་། གཉིས་པ་དེ་རྒྱལ་བ་ན་རིམ་གྱི་ཐུགས་དམ་རྟེན་ཞེས་དང་གསུམ་པ་དེའང་རྒྱལ་བའི་ཐུགས་དམ་རྟེན་ཞེས་གསུངས་པས་དེ་གཉིས་གཅིག་ཡིན་མིན་དཔྱད། ད་དུང་གསུམ་པ་དེའང་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱིས་ཞལ་ལུང་ཕུལ་སྐབས་བཀྲ་ཤིས་དོ་ཁ་མ་སྤྱན་དྲངས་པར་བསྟན་པ་ལས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་ཕུལ་བར་གསུངས་མེད་པས་ན། སྐབས་དེར་སྤྱན་དྲངས་པའི་བཀྲ་ཤིས་དོ་ཁ་མ་གོང་གི་བཀྲ་ཤིས་ལྷུན་པོར་བཞུགས་ཞེས་པ་མིན་ཏེ། གོང་དུ་བཀྲ་ཤིས་ལྷུན་པོའི་ནང་རྟེན་དུ་བཞུགས་ཞེས་པ་དེ་ནི། པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་གྱིས་བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་གྱི་དཀར་ཆག་ན་གསུངས་པའི་བཀྲ་ཤིས་དོ་ཁ་མ་དེ་ཡིན་པར་འདོད། དེ་ནི་དཀར་ཆག་གི་མགོ་ན་མཆོད་རྟེན་གྱི་གཟུངས་གཞུག་སྐོར་ངོ་སྤྲོད་དང་རྗེས་སུ་བཀྲ་ཤིས་ལྷུན་པོའི་རྟེན་གཙོ་བོ་རྣམས་ངོ་སྤྲོད་བྱས་ཡོད་པའི་ཁྲོད་དུ་བཀྲ་ཤིས་དོ་ཁ་མ་ཡང་རྟེན་གཙོའི་ཁྲོད་མཚམས་སྦྱོར་གནང་ཡོད། དེ་མིན་པཎ་ཆེན་སྐུ་ཕྲེང་བཞི་བ་དང་སྐུ་ཕྲེང་དྲུག་པ་གཉིས་ཀྱི་བར་ལོ་ཚིགས་མང་པོ་ཞིག་སོང་ཡོད་པ་ལས་ཀྱང་དཔགས་ཐུབ་བོ། །

གོང་དུ་དྲངས་པའི་བཞུགས་གནས་རྣམས་འདིར་བཀོད་ན།

མཁས་པ།                               རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བཞུགས་གནས།

དོན་གྲུབ་བསྟན་པ་ཚང་།            1. པོ་ཏཱ་ལ། 2. འབྲས་སྤུངས།   3. བཀྲ་ཤིས་ལྷུན་པོ། 4. དགའ་ལྡན།

དུང་དཀར་ཚང་།                     1.པོ་ཏཱ་ལ། 2. བཀྲ་ཤིས་ལྷུན་པོ། 3.འབྲས་སྤུངས། 4. བཀྲ་ཤིས་འཁྱིལ། (རེབ་གོང)5.   སྐུ་འབུམ།   6.གསེར་ཁོག  7. བྱ་ཁྱུང་།

བླ་བྲང་ཨ་ཁུ་ཚང་།                  1. བླ་བྲང་། 2.པོ་ཏཱ་ལ། (བླ་མ་ལྷ་ཁང་གི་རྟེན་གཙོ)3.རྒྱལ་དབང་བདུན་པའི་སྐུ་གདུང་ནང་། (པོ་ཏཱ་ལ )4. རྒྱལ་བ་ན་རིམ་གྱི་ཐུགས་དམ་རྟེན།(པོ་ཏཱ་ལ )5.དགའ་  ལྡན།  6.བྱ་ཁྱུང་། 7. པྲ་སྟི་སྒྲོལ་མ་ལྷ་ཁང་།

ལོ་རྒྱུས་ཡིག་ཚང་འདི་དག་ཕན་ཚུན་བསྡུར་ན་རྗེ་སྐུ་བཀྲ་ཤིས་དོ་ཁ་མའི་བཞུགས་གནས་ཐད་མཐུན་དང་མི་མཐུན་གཉིས་ཀ་ཡོད་པ་དང་། དེ་ནི་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་མཐུན་པ་ཞིག་སྟེ། །སྐྱེས་བུ་དམ་པ་གང་ཞིག་ལ་ཡུལ་ཕྱོགས་དེར་བསྟན་པ་དར་ཞིང་རྒྱས་པའི་སྨོན་རྟེན་དུ་གནང་པའང་ཡོད་པས་ན། རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བཞུགས་སའི་གནས་འགའ་ཞིག་ལ་དགོས་དབང་གིས་འགྱུར་བ་བྱུང་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད།

3.རྗེ་སྐུ་བཀྲ་ཤིས་དོ་ཁ་མའི་གནའ་རྫས་རིན་ཐང་།

སྤྱིར་ན་གནའ་རྫས་རིག་པའི་རིན་ཐང་དཔྱད་བརྗོད་ཐད་ནས་བལྟས་ན། དངོས་པོ་གང་ཞིག་དུས་རབས་དང་ལོ་རབས་གང་རུང་ཞིག་ཏུ་བྱུང་བ་དེ་ཐོག་མའི་དཔྱད་བྱ་ཡིན་ལ། དུས་རབས་དང་ལོ་རབས་ཅི་ཙམ་སོང་བ་མང་ན། དེ་བཞིན་དུ་གནའ་རྫས་ཀྱང་རིན་ཐང་ཇེ་མཐོར་འགྲོ་བར་མ་ཟད། དངོས་པོ་དེ་རིག་གནས་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ག་འདྲ་ཞིག་གི་འོག་ཏུ་བྱུང་བ་དེའང་གནད་ཆེ་བ་ཞིག་ཏུ་གྱུར་ཡོད། དེ་ལྟར་རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བཞེངས་པའི་ལོ་ཚིགས་ནི་རབ་བྱུང་བདུན་པའི་ཤིང་རྟ་ལོ་སྟེ། རྗེ་ཉིད་དགུང་ལོ་ང་བརྒྱད་དུ་ཕེབས་པ་སྤྱི་ལོ(1414)ཡིན་ལ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དང་དམིགས་བསལ་ཀྱི་དགོས་པ་ལ་བརྟེན་ནས་བཞེངས་པ་ཞིག་ཡིན་པས། རྗེའི་རྣམ་ཐར་སོགས་ན། སྐུ་བྱིན་རླབས་ཅན་དང་། ལྷ་སྐུ་བྱིན་རླབས་ཅན། སྐུ་བརྙན་བྱིན་ཅན། སྐུ་བརྙན་བྱིན་རླབས་ཅན། བྱིན་རླབས་ཀྱི་གཟི་འོད་འབར་བ། བྱིན་རླབས་ཀྱི་ཚན་ཁ་འབར་བ། བྱིན་རླབས་ཀྱི་ཚན་ཁ་འགྲན་ཟླ་མེད་པ། སོགས་རྟེན་བྱིན་ཅན་གྱི་ཐ་སྙད་མང་པོ་ཞིག་སྦྱར་ཡོད་པ་རེད། རྗེ་ཙོང་ཁ་པ་ཆེན་པོ་སྐུ་བཞུགས་དུས་སུ་ཁོང་གི་དབུ་སྐྲ་དང་ན་བཟའ་སོགས་ཀྱི་རྟེན་གང་རུང་གཟུངས་གཞུག་ཏུ་བྱས་པའི་སྐུ་བརྙན་དང་། འདྲ་ཐང་འགའ་ཞིག་བཞེངས་ཡོད་པ་ལས་མང་པོ་ཞིག་བཞེངས་མེད་པ་དང་། སྐུ་འདྲ་དེ་དག་ལ་རྗེ་ཉིད་ཀྱིས་ཕྱག་གི་མེ་ཏོག་དངོས་སུ་གཏོར་དང་མ་གཏོར་བའི་སྐུ་རྟེན་རྣམས་ལས། བཀྲ་ཤིས་དོ་ཁ་མ་ལ་བྱིན་རླབས་ཀྱི་ཐ་སྙད་མང་པོ་ཞིག་སྦྱར་ནས་དམིགས་བསལ་གྱིས་མཚམས་སྦྱོར་གནང་བ་དེ་ཡང་། རྗེ་སྐུ་བཀྲ་ཤིས་དོ་ཁ་མ་ནི་རྗེ་ཙོང་ཁ་པ་ཆེན་པོ་དགུང་གྲངས་ང་བརྒྱད་བཞེས་པའི་སྐབས་བཞེངས་པ་སྟེ། དུས་དེ་ནི་རྗེ་བླ་མས་མཁས་པ་མང་པོ་ལ་བསྟེན་ནས་མདོ་སྔགས་ཀྱི་གཞུང་རྣམས་རིང་དུ་སྦྱངས་པ་དང་སྒྲུབ་པ་ཟུང་དུ་སྦྲེལ་བ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་རླབས་པ་བཅས་ལ་བརྟེན་ནས། རྒྱ་གར་པཎ་གྲུབ་རྣམས་ཀྱི་དགོངས་པ་དང་ཟབ་མོ་ལྟ་བའི་གནད་མཐའ་དག་ཇི་བཞིན་དུ་རྟོགས་ཏེ། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་བརྩམས་ཟིན་པ་དང་། སློབ་མ་མང་པོས་ཀྱང་བསྟན་བཅོས་དེ་དག་གི་དགོངས་དོན་ལ་སློབ་གཉེར་དང་ཉམས་ལེན་བྱེད་བཞིན་པ་དང་འབྲེལ་ནས། རྗེ་བླ་མའི་དགོངས་པ་དང་རང་ལུགས་དེ་ཕྱོགས་བཅུར་ཁྱབ་པའི་འགོ་ཚུགས་པ་དང་། ཁྱད་པར་དུ་དགེ་ལུགས་པའི་བུ་དགོན་འབྲས་སྤུངས་དགོན་པ་འདེབས་པར་བསྐུལ་བ་འདི་ལས། སྐབས་དེར་རྗེ་བླ་མའི་རང་ལུགས་དེ་རྩ་འཛུགས་དང་སྒྲིག་གཞི་ཡོད་པའི་དགོན་སྡེའི་ལམ་ལུགས་ལ་བརྟེན་ནས་ཕྱོགས་བཅུར་སྤེལ་བས་འགོ་ཚུགས་ཟིན་པ་ཤེས་ཐུབ། དམིགས་བསལ་གྱི་དུས་དེར་དགོས་པ་ཁྱད་པར་ཅན་ལ་དགོངས་ནས་རྗེ་བླ་མས་ཉིན་གཅིག་ལ་ཁོང་གི་སྐུ་བརྙན་བདུན་བཞེངས་སུ་བཅུག་སྟེ། སྐུ་བརྙན་དེ་དག་གི་གཟུངས་ལ་ཉིན་དེར་ཁོང་གིས་ཀྱང་ཆེད་དུ་དབུ་སྐྲ་ལན་བདུན་བསིལ་ཏེ་བུབས་ཚང་རེར་ཕུལ་རྗེས། ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་པོ་ཞིག་གིས་དམིགས་པ་གཏད་ནས་ཕྱག་གི་མེ་ཏོག་གཏོར་ཏེ་བྱིན་གྱིས་བརླབས་པ་ཡིན་པས། རྗེ་སྐུ་བཀྲ་ཤིས་དོ་ཁ་མའི་རིན་ཐང་ནི། སངས་རྒྱས་ཀྱི་བསྟན་པ་དང་སྒོས་སུ་དགེ་ལུགས་པའི་བསྟན་པའི་སྒོར་ཞུགས་པའི་དད་ལྡན་པ་རྣམས་ཀྱི་ངོས་ནས་བལྟས་ན། གསེར་དངུལ་དང་རིན་ཆེན་སྣ་ཚོགས་སྤུངས་པའི་ཕུང་པོ་དུ་མ་ལས་རིང་དུ་བརྒལ་བའི་གནའ་རྫས་བྱིན་ཅན་ཏེ། འཇིག་རྟེན་འདིར་ཆེས་དཀོན་པའི་རྗེ་སྐུ་བྱིན་ཅན་ཞིག་ཡིན་པས་ན། འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་རྗེའི་རྣམ་ཐར་ནའང་། རྗེ་བདག་ཉིད་ཆེན་པོས་ཀྱང་རྫུ་འཕྲུལ་གྱིས་ཉིན་གཅིག་པོ་དེ་རང་ལ་དབུ་སྐྲ་ལན་བདུན་བསིལ་བའི་དབུ་ལོ་བུབ་རེ་རེ་ནང་ཞུགས་སུ་འབུལ་བར་མཛད་པས་བྱིན་རླབས་ཀྱི་ཚན་ཁ་འགྲན་ཟླ་མེད་པ་ཉིད་དུ་ངེས་པ་ཡིན་ནོ། ། [16]ཞེས་གསུངས་པ་ལྟར་རོ། ། 

བཞི་བ། སྒྲུབ་པའི་གནས་མཆོག་བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་མདོར་བསྡུས།

 རེབ་གོང་དུ་སྒྲུབ་སྡེ་བཅོ་བརྒྱད་དང་དགོན་མ་ལག་སུམ་ཅུ་སོ་ལྔར་གྲགས་པའི་ཐོག་མ་གནས་མཆོག་བཀྲ་ཤིས་འཁྱིལ་ཞེས་པ་འདི་ནི། རོང་བོ་དགོན་ཆེན་གྱི་ནུབ་ཕྱོགས་སུ་སྤྱི་ལེ་ཉེར་ལྔའི་མཚམས། ད་ ལྟའི་རེབ་གོང་ཐུན་རིན་རྫོང་ཧོར་སྙན་བཟང་ཞང་གི་ལྷོ་ཕྱོགས་སུ་ཡོད། སྤྱི་ལོ1333ལོའི་བོད་རབ་བྱུང་དྲུག་པའི་བགྲང་བྱ་བདུན་པའི་ཆུ་བྱ་ལོར་དབུས་ཀྱི་བྱང་རྭ་སྒྲེང་དགོན་པ་ནས་ཕེབས་པའི་བཀའ་གདམས་པའི་སྒོམ་ཆེན་པ་བཀྲ་ཤིས་བརྩོན་འགྲུས་དང་། བྱང་ཆུབ་འབྱུང་གནས། འཇམ་དབྱངས་ཐུབ་བསྟན་གསུམ་སྔ་རྗེས་སུ་ཕེབས་ནས་གནས་འདིར་གཞི་བཟུང་སྟེ་སྒོམ་སྒྲུབ་གནང་། རྗེས་སུ་རིམ་བཞིན་སྒོམ་ཆེན་པ་བཅུ་ཕྲག་ལྷག་བྱུང་བར་བརྟེན། སྦྱིན་བདག་གར་རྩེད་གདོང་རྒྱལ་མཚན་ནོར་བུ་གཙོ་མཛད་པའི་གར་རྩེད་ གདོང་དང་། ཉེ་འདབས་ཀྱི་ཧོར་སྙན་བཟང་གི་སྡེ་བ་རྣམས་ཀྱིས་རོགས་རམ་ལ་བརྟེན་ནས་བཀའ་ གདམས་ཕོ་བྲང་ཞེས་པའི་འདུ་ཁང་ཀ་བ་བརྒྱད་ཅན་ཞིག་གསར་བཞེངས་མཛད། དེ་ནས་བཟུང་རི་ཁྲོད་པ་རྣམས་མཉམ་དུ་ཚོགས་པའི་སྲོལ་བྱུང་། དེ་ནས་ཁོང་རྣམ་གསུམ་གྱིས་ཆོས་ལྷ་སྒང(ད་ལྟའི་དགོན་གནས་འདི་ཡིན)དང་། ལྕང་ར་ཤར། ཤར་གདོང་ངོ་གསུམ་ནས་མཚམས་ཁང་རེ་བརྩིགས་ཏེ་སྒོམ་སྒྲུབ་བྱས། ཟླ་རེར་ཡར་ངོའི་ཚེས་བཅུ་དང་མར་ངོའི་ཚོགས་འཁོར་སྐབས། མི་རྐང་གི་གླིང་བུ་ཐེངས་གསུམ་བུས་ཚེ་ཁོང་རྣམ་གསུམ་ཆོས་ལྷ་སྒང་གི་བཀའ་གདམས་ཁང་བ་ཀ་བ་བརྒྱད་ཅན་གྱི་ནང་དུ་ཚོགས་འཁོར་བསྐོར་བར་ཕེབས་དགོས་པའི་སྲོལ་ཆགས། རྗེས་སུ་སྒོམ་ཆེན་བཅུ་ཕྲག་གཉིས་ལྷག་ཙམ་འདུས་པར་ཐོག་མར་ཚོགས་དུང་བུས་ཏེ་ནང་བརྡ་བཏང་རྗེས་མཁར་རྔའི་བརྡ་གཏོང་དགོས་པའི་སྲོལ་དེ་ལྟར་ཆགས།

དེ་ནས་བཀའ་གདམས་པའི་སྒོམ་ཆེན་པ་རྣམས་རིམ་གྱིས་སྐུའི་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟེ་རྗེས་འཇུག་སློབ་མ་གྲྭ་རྒྱུན་སོགས་བསྡུ་བའི་སྲོལ་མ་བྱུང་སྟབས། རབ་བྱུང་བརྒྱད་པའི་མཇུག་ནས་རབ་བྱུང་དགུ་བའི་མཇུག་གི་བར་ལོ་ངོ་བདུན་ཅུ་ལྷག་ཙམ་ལ་དགོན་པ་དེའི་གནས་སྟོང་བ་ལྟ་བུའི་ཉམས་ཆག་ཏུ་གནས་པའི་སྐབས་སུ། ཕལ་ཆེར་རབ་བྱུང་དགུ་བའི་སྨད་ཙམ་དུ་ནང་སོ་གུ་རུ་དཔལ་ལྡན་གྱི་ཕུ་བོ་རོང་བོ་བླ་མ་བསམ་གྲུབ་རིན་ཆེན་གྱིས། སྒོམ་ཆེན་འགའ་རེ་གནས་མཆོག་དེར་བསྡུས་ནས་ཉམས་གསོ་མཛད་ཀྱང་དར་རྒྱས་མ་བྱུང་།

སྤྱི་ལོ1625ལོའི་བོད་རབ་བྱུང་བཅུ་བའི་བགྲང་བྱ་ང་དགུ་བ་ཤིང་གླིང་ལོར། གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན(1581-1659)དགུང་ལོ་ཞེ་ལྔ་བ་ཤིང་གླིང་ལོར་གནས་མཆོག་བཀྲ་ཤིས་འཁྱིལ་ཞེས་པའི་དགོན་མིང་བཏགས་ཏེ་གནས་གཞི་བཟུང་། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ(1607-1677)དགུང་ལོ་སོ་གཅིག་པར་གྲུབ་ཆེན་ཆོས་པ་རིན་པོ་ཆེ་ཡིས་བཀྲ་ཤིས་འཁྱིལ་དུ་བྱམས་སྐུ་མཐོང་བ་དོན་ལྡན་རྟེན་དང་བརྟེན་པར་བཅས་པ་བཞེངས་ཏེ་ཁོང་སྐུ་མཆེད་གཉིས་ཀྱིས་གཙོས་མཁས་གྲུབ་མང་པོས་ལྔ་མཆོད་ཆེན་མོའི་དུས་ཆེན་ཉིན་བྱམས་ཁང་ལ་རབ་གནས་མཛད། ཡབ་རྗེ་དགུང་ལོ་སོ་གསུམ་པར་བཀྲ་ཤིས་འཁྱིལ་གྱི་སྒྲུབ་ཁང་ཤར་རབ་དགའ་བཞུགས་སྐབས། གསུང་ལས། ངས་དབེན་པ་བརྒྱ་བསྟེན་སྟོང་བསྟེན་ལས། །གནས་བཀྲ་ཤིས་འཁྱིལ་འདི་དགའ་བ་བྱུང་། །ཞེས་གསུངས་པ་ལྟར་རི་མཐོ་ཞིང་ས་གཙང་ལ་མེ་ཏོག་བཀྲ་བའི་སྤང་ལྗོངས་དང་གཡུ་ལོ་ལྡེམ་པའི་ལྗོན་ཤིང་ཚར་དུ་དངར་བ་སོགས་ཡིད་དུ་འོང་བའི་གནས་དེར་སླེབས་པ་ཙམ་གྱིས་ངང་སྤྲོ་ལ་ཉམས་རྟོག་འཕེལ་བ་དབེན་གནས་བཀྲ་ཤིས་འཁྱིལ་དུ་ཤས་ཆེར་བཞུགས་པའི་སྒོ་བཏོད་དོ། །ཞེས་རྗེ་འཇིགས་མེད་དམ་རྒྱ་མཚོས་གནས་དེའི་མཛེས་ལྗོངས་ཀྱང་མཚམས་སྦྱོར་གནང་ཡོད་པ་ལྟར་དང་། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོར་ས་དང་པོ་ཐོབ་པའི་གནས་ཡིན་པས་སྒྲུབ་ཁང་དེར་ཤར་རབ་དགའ་ཞེས་ཐོགས་པ་རེད། ཡབ་རྗེ་དགུང་ལོ་ཞེ་གསུམ་པ་ས་གླང་ལོར། གནས་མཆོག་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ནི་སྔོན་ཆོས་ལྷ་སྒང་གི་བཀའ་གདམས་ཕོ་བྲང་ཞེས་པའི་ཤུལ་དུ་བཞེངས། གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དགུང་ལོ་དོན་དགུ་བཞེས་པ་ས་ཕག་ལོར་སྐུའི་གཅུང་པོ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོར་རོང་བོ་ཐོས་གསུམ་རྣམ་པར་རྒྱལ་བའི་གླིང་དང་སྒྲུབ་གནས་བཀྲ་ཤིས་འཁྱིལ་གཉིས་གཏད་གཉེར་མཛད་དེ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།

ཡབ་རྗེ་བླ་མས་སྒྲུབ་གནས་དེར་བཞུགས་པའི་བྱ་བཏང་རྣམས་ལོ་མཚམས་དང་། ཟླ་མཚམས། ངག་མཚམས་སོགས་ཀྱི་སྒོ་ནས་མདོ་སྔགས་ཀྱི་ལམ་ལ་མྱོང་འདོན་ཤར་སྒོམ་རྒྱུན་མར་བྱེད་པ་སོགས་ཀྱི་སྲོལ་བཙུགས། དུས་དེ་ནས་བཟུང་སྒྲུབ་གནས་དེར་རེབ་གོང་གི་བཤད་གྲྭ་རྣམས་དང་། ཁྱད་པར་རོང་བོ་གྲྭ་ཚང་ཐོས་བསམ་གླིང་ནས་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་སྔོན་དུ་སོང་བའི་མཁས་དབང་རྣམས་ཀྱིས་མདོ་རྒྱུད་ཀྱི་དགོངས་དོན་མ་ལུས་པ་སྟན་ཐོག་གཅིག་ནས་ཉམས་སུ་ལེན་སའི་སྒྲུབ་པའི་གནས་མཆོག་ཞིག་ཏུ་གྱུར། རོང་བོ་གྲྭ་ཚང་དང་འདི་གཉིས་བཅའ་ཡིག་གཅིག་གི་མངའ་འོག་དང་སྔོན་ཆད་གསོ་སྦྱོང་གི་སྟོན་པ་ཡང་གཅིག་ཡིན་པར་བཤད།

དབེན་གནས་འདིར་སྔོན་ཆད་མདོ་སྔགས་ཀྱི་ལམ་ལ་སྦྱངས་པ་མངོན་དུ་སོང་བའི་བྱ་བཏང་བ་ཤ་སྟག་བཞུགས་ལ། རྗེས་སོར་དགོས་དབང་གིས་རིམ་གྱིས་འགྱུར་ཏེ་གྲྭ་བ་གསར་རྙིང་རྒན་གཞོན་ཁྱད་མེད་ཚོགས་སུ་ཞུགས་རྒྱུའི་སྲོལ་དར། དེ་ལྟར་ཡབ་རྗེ་བླ་མ་སྐུ་ཕྲེང་རིམ་བྱོན་དང་། གྲུབ་ཆེན་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གཙོས་རེབ་གོང་ཕྱོགས་ཀྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྒྲུབ་སྡེ་འདི་ཉིད་ཆོས་སྲིད་གཉིས་ཆར་ནས་བདག་སྐྱོང་གནང་། སྤྱི་ལོ1958 ལོའི་ཡར་སྔོན་དུ་དགོན་པ་ཧ་ཅང་དར་བའི་སྐབས་དགོན་པ་འདིར་རྒྱུན་བཞུགས་ཀྱི་བླ་མ་རེ་ཟུང་དང་། ཁྲིམས་ལྡན་ངུར་མིག་འཛིན་པའི་དགེ་འདུན་པ་སུམ་བརྒྱ་ལྷག་བཞུགས་པ་ཡིན་ནོ། །

ལྔ་བ། སྒྲུབ་གནས་བཀྲ་ཤིས་འཁྱིལ་གྱི་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ།

༡ རེབ་གོང་ཡུལ་དུ་ཇི་ལྟར་བྱུང་བ།

དུས་ཡུན་རིང་བོར་ཕྱིན་པའི་ལོ་རྒྱུས་ཤིག་གླེང་བརྗོད་དང་དཔྱད་ཞིབ་བྱེད་དགོས་ན། ལོ་རྒྱུས་ཡིག་ཚང་དང་། ངག་རྒྱུན། གནའ་རྫས་རྟག་དཔྱོད་བཅས་ཀྱི་དཔྱད་ཐབས་གང་རུང་ལ་བརྟེན་ནས། ལོ་རྒྱུས་གང་དེའི་དོན་དངོས་གསལ་བཤད་དང་། ངོ་བོ་ངོས་འཛིན་བྱེད་པས་ན། འདིར་ལོ་རྒྱུས་ཡིག་ཚང་གཞིར་བཟུང་སྟེ། རེབ་གོང་ཡུལ་དུ་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་ཇི་ལྟར་བྱུང་བ་ནི། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ་ན། སྔོན་རྗེ་ཐམས་ཅད་མཁྱེན་པ་དགུང་ལོ་ང་བདུན་པའི་སྟེང་འོན་གྱི་བཀྲ་ཤིས་དོ་ཁར་ཕེབས་སྐབས། པཎ་ཆེན་བྱམས་པ་གླིང་པས་ཉིན་གཅིག་ལ་རྗེ་སྐུ་བདུན་ཕྱག་བཟོ་མཛད། རྗེ་རང་གིས་ཉིན་དེ་ལ་དབུ་སྐྲ་བདུན་བསལ་ནས་སྐུ་དེ་དག་གི་གཟུངས་གཞུག་མཛད་ཅིང་རབ་གནས་གནང་བའི་ནང་ཚན་གཅིག་ཁྲི་ཆེན་སྟག་ལུང་བློ་གྲོས་རྒྱ་མཚོས་ཆོས་པ་རིན་པོ་ཆེ་ལ་ཐུགས་དམ་གྱི་རྟེན་དུ་སྩལ་བ་ཡིན་ལ་དུས་བཟང་དང་སྒེར་ཆོས་ཀྱི་སྐབས་སུ་དྲི་བཟང་དང་བདུད་རྩི་འབྱུང་བ་སོགས་ཀྱི་ངོ་མཚར་དུ་མ་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་རྣམ་ཐར་ལས་གསུངས་པ་ལྟར་ལ།[17]ཞེས་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་རྣམ་ཐར་ལས་ལུང་དྲངས་ཏེ་གསལ་བར་བཀོད་པ་འདི་ལས། ཁྲི་ཆེན་སྟག་ལུང་བློ་གྲོས་རྒྱ་མཚོས་ཆོས་པ་རིན་པོ་ཆེ་ལ་ཐུགས་དམ་གྱི་རྟེན་དུ་སྩལ་བར་གསུངས་ཡོད། ཁྲི་ཆེན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ(1546-1618)དང་ཆོས་པ་རིན་པོ་ཆེ་རྣམ་གཉིས་ཀྱི་བར་བླ་སློབ་གྱི་འབྲེལ་བ་ཇི་ལྟར་བྱུང་ཞེ་ན། གྲུབ་ཆེན་ཆོས་པ་བློ་བཟང་བསྟན་པའི་རྒྱལ་མཚན་དགུང་ལོ་ཉེར་གསུམ་བཞེས་པ་ཆུ་མོ་ཡོས་ལོ་ལ། རྒྱལ་དབང་སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཚོའི་ཞབས་ཕྱིར་འབྲངས་ནས་དབུས་སུ་ཕེབས་ཏེ། སེ་འབྲས་དགེ་གསུམ་ལ་མང་འགྱེད་བཏང་མཐར། བླ་མ་དང་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་ལོ་ངོ་ལྔའི་རིང་ལ་མདོ་སྔགས་ཀྱི་གཞུང་དང་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་བྲི་ཐིག་སོགས་ལ་སྦྱང་བ་དང་། བཀའ་ཆོས་དང་དབང་ལུང་མན་ངག་གི་སྐོར་མང་དུ་གསན་པ་རེད། དུས་དེར་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་དང་ཆོས་འབྲེལ་བྱུང་བ་ནི། གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་མཛད་པའི«རྣམ་འབྱོར་གྱི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་འདྲེན་བྱེད»ལས། (རྣམ་ཐར་འདི་ནི་ཡབ་རྗེ་དགུང་ལོ་སོ་གསུམ་པར་བཀྲ་ཤིས་འཁྱིལ་དུ་བརྩམས་པ་རོང་བོ་དགོན་ཆེན་གྱི་གདན་རབས་ན་གསལ།) “རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱི། །རྣམ་སྤྲུལ་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན། །མཚུངས་མེད་ཆོས་རྗེ་བློ་གྲོས་རྒྱ་མཚོ་ལ། །དཔལ་ལྡན་འདུས་པའི་རིམ་ལྔའི་དམར་ཁྲིད་ནི། །ལེགས་པར་ཞུས་ནས་ཟླ་བ་ཕྱེད་གཉིས་རིང་། །ཁྲིད་ཀྱི་ཐུན་བཞིའི་རྣལ་འབྱོར་ལ་ཞུགས་ནས། །ཐུགས་ཉམས་བསྟར་བས་ཉམས་རྟོག་ཆེས་ཆེར་འབར། །གཞན་ཡང་བླ་མ་མཆོག་དེའི་སྤྱན་སྔ་རུ། །བཀའ་གདམས་གླེགས་བམ་འདུལ་བའི་བསླབ་བྱ་དང་། །རྩ་ལྟུང་རྣམ་བཤད་བྱང་ཆུབ་གཞུང་ལམ་དང་། །བདེ་མཆོག་བསྐྱེད་རིམ་རྗེ་ཡི་གསུང་འབུམ་དང་། །མཁས་གྲུབ་བཀའ་འབུམ་བླ་མ་ལྔ་བཅུ་བ། །བདེ་མཆོག་འདོད་འཇོ་རྫོགས་རིམ་རྣལ་འབྱོར་ཆེ། །འཇིགས་བྱེད་ཁྲིད་ཡིག་ལ་སོགས་ལུང་རྗེས་གནང་། །གང་འདོད་ཞུས་པས་དགྱེས་པའི་ངང་ནས་གནང་། །[18]ཞེས་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོས་མདུན་ནས་མདོ་སྔགས་ཀྱི་གཞུང་མང་པོ་དམར་ཁྲིད་ དང་དབང་ལུང་རྗེས་གནང་མང་པོར་གསན་དེ་བླ་མའི་གཙོ་བོར་གྱུར།  དགུང་ལོ་ཉེར་བརྒྱད་བཞེས་པའི་ས་ཕོ་སྤྲེའུ་ལོ་ལ། ཕྱིར་ཕ་ཡུལ་དུ་ཕེབས་ཁར་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོས་མདུན་ནས་སླར་ཡང་བསྙེན་རྫོགས་སྒྲུབ་པ་ནི། རྣམ་ཐར་དེ་ལས། ཉེར་བརྒྱད་བཞེས་པའི་ས་ཕོ་སྤྲེའུ་ལོ་ལ། །ཡུལ་དུ་ཕེབས་ཁར་བྱང་རྩེའི་གཟིམ་ཁང་དུ། །ཆོས་རྗེ་སྟག་ལུང་གྲགས(བྲག)པའི་མཁན་པོ་དང་། །རྒྱལ་དབང་ཚུལ་ཁྲིམས་ཆོས་འཕེལ་ལས་སློབ་དང་། །(ངག་དབང་དགེ་འདུན་གྱིས་མཛད་པའི་གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱི་འཁྲུངས་རབས་རྣམ་ཐར་ན། རྗེ་ཚུལ་ཁྲིམས་ཆོས་འཕེལ་ཞེས་གསུངས་ཡོད།)བྱ་བཏང་བསོད་ནམས་ཉི་མས་གསང་སྟོན་རྣམས། །ལེགས་པར་མཛད་ནས་སླར་ཡང་བསྙེན་རྫོགས་བསྒྲུབས། །ཉེ་བར་འཁོར་ལྟར་ཉེས་ལྟུང་ཕྲ་མོ་ལའང་། །སྒོ་གསུམ་བསྡམས་པས་ཚུལ་ཁྲིམས་དྲི་ངད་ལྡང་། །ལོ་དེའི་སྟོན་དུས་རེབ་གོང་ཡུལ་ཕྱོགས་སུ། །ཕེབས་ནས་རང་གི་ཐུགས་དམ་འཆག་མེད་དང་། གཞན་ལ་ཆོས་ཀྱི་སྦྱིན་པ་གཏོང་བ་གཉིས། ། [19]ཞེས་གསུངས་པ་སྟེ། དམ་པ་གང་དེའི་སླར་ཡང་བསྙེན་རྫོགས་བསྒྲུབས་སའི་གནས་ནི་དགའ་ལྡན་བྱང་རྩེའི་གཟིམ་ཁང་དང་། བསྙེན་རྫོགས་མཁན་པོ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་ཡིན་ལ། ལོ་དེའི་སྟོན་དུས་ཕྱིར་ཕ་ཡུལ་རེབ་གོང་དུ་ཕེབས་པ་ཡིན་ནོ། །

དགུང་ལོ་སོ་བདུན་དུ་ཕེབས་པ་མེ་སྦྲུལ་སྤྱི་ལོ༡༦༡༧ལོར་སྐུའི་གཅུང་པོ་རྣམ་འདྲེན་བླ་མ་སྐལ་ལྡན་རྒྱ་མཚོ་དེ་ཉིད(ཡབ་གཅིག་ལ་ཡུམ་མི་གཅིག་པའི་མཆེད་དུ་སྐུ་འཁྲུངས)དགུང་ལོ་བཅུ་གཅིག་པ་ལ་བསྟན་པ་རིན་པོ་ཆེས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་པའི་ཆོས་ཀྱི་རྒྱལ་པོར་མངའ་བསྒྱུར་བའི་ཆེད་དུ་སླར་ཡང་དབུས་གཙང་དུ་ཕེབས་ཏེ་ཁྲི་ཆེན་སྟག་ལུང་བྲག་པ་དང་མཇལ་བ་ནི། གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་མཛད་པའི་རྣམ་ཐར་ན། སོ་བདུན་བཞེས་པའི་དམར་སེར་མེ་སྦྲུལ་ལ། །དབུས་སུ་བྱོན་ནས་འབྲོག་རི་དགེ་ལྡན་དུ། །རིགས་ཀྱི་ཅོད་པན་བློ་གྲོས་རྒྱ་མཚོ་པར། །མཇལ་ནས་བཀའ་ལུང་མང་དུ་གནང་བའི་ཚེ། །ཁོ་བའི་སློབ་མ་ཀུན་གྱི་ནང་ན་ཡང་། །བསླབ་འབྲས་མིག་འབྲས་ལྟ་བུར་བསྲུང་པ་ལ། །ཁྱོད་རང་ལྷག་པས་ང་ཡི་དགེ་སྦྱོར་རྟེན། །རྗེ་བཙུན་བླ་མའི་སྐུ་གཟུགས་འདི་ཁྱེར་ལ། །ང་དང་དབྱེར་མེད་མཆོད་པ་ལེགས་པར་ཕུལ། །  [20]ཞེས་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོས་ཆོས་པ་བློ་བཟང་བསྟན་པའི་རྒྱལ་མཚན་ལ་རྗེ་སྐུ་ཞིག་གནང་བ་དང་ཇི་ལྟར་གནང་བའི་སྐོར་གསུངས་པ་དང་། དཀའ་བཅུ་བ་དགེ་འདུན་བསྟན་ འཛིན་གྱིས་མཛད་པའི«རོང་བོ་ཆོས་པ་རིན་པོ་ཆེའི་རྣམ་ཐར་དད་ལྡན་ཡིད་ཀྱི་དགའ་སྟོན»ལས། ཆོས་པ་རིན་པོ་ཆེ་དགུང་ལོ་སོ་བདུན་བཞེས་པ་མེ་སྦྲུལ་ལ་སླར་ཡང་ལྷ་ལྡན་དུ་ཆས། སྐུ་མཆེད་ཉི་ཟླ་ཟུང་འབྲོག་རི་བོ་དགའ་ལྡན་དུ་ཐོག་མར་ཕྱག་བཏེགས། རྒྱལ་ཚབ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོའི་ཞལ་གྱི་དཀྱིལ་འཁོར་མཇལ། ཞབས་སྤྱི་བོར་བླངས། གཅུང་རིན་པོ་ཆེ་དགེ་ཚུལ་མཛད་དེ། འདི་མ་འོངས་པ་ན་སྐལ་ལྡན་གྱི་སློབ་མ་རྒྱ་མཚོ་ལྟ་བུ་འདུ་བས། སྐལ་ལྡན་རྒྱ་མཚོ་གྱིས་ཞེས་མཚན་གྱི་མེ་ཏོག་མངོན་པར་ཕོག ཐུགས་མཉེས་པའི་བཀའ་གསུང་མང་དུ་བསྩལ། ཁྱད་པར་དུ་བསྟན་པའི་རྩ་ལག་ཏུ་འགྱུར་བར་དགོངས་ཏེ། རྗེའི་སྐུ་འདྲ་པཎ་ཆེན་བྱམས་པ་གླིང་བའི་ཕྱག་བཟོ་རྗེ་རིན་པོ་ཆེའི་དབུ་ལོ་བུབས་ཚང་ནང་རྟེན་དུ་བཞུགས་པའི་བཀྲ་ཤིས་དོ་ཁ་མར་གྲགས་པའི་བྱིན་རླབས་ཀྱི་ཚན་ཁ་འབར་བ་དེ་ཆོས་པ་རིན་པོ་ཆེ་ལ་གནང……།[21]ཞེས་པའི་གསུང་ཚིག་འདི་དག་བསྡུར་ན་ཁྲི་ཆེན་སྟག་ལུང་བྲག་པའི་དགེ་སྦྱོར་གྱི་རྟེན་ཁྱད་པར་ཅན་རྗེ་སྐུ་བཀྲ་ཤིས་དོ་ཁ་མ་དེ་གྲུབ་ཆེན་ཆོས་པ་རིན་པོ་ཆེ་ལ་ཐུགས་དམ་གྱི་རྟེན་དུ་གནང་བ་ཡིན་པར་ཤེས་ཐུབ། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་ཐུགས་སྲས་བྱང་ཆུབ་མི་ལ་ངག་དབང་བསོད་ནམས་ཀྱིས་མཛད་པའི«རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར»ལས། ཆོས་པ་རིན་པོ་ཆེ་ལ་གནང་དུས་སྐུ་འདི་དང་། ང་དང་རྗེ་བླ་མ་གསུམ་དབྱེར་མེད་དུ་གསོལ་བ་ཐོབ་དང་བསྟན་པ་ལ་ཕན་ཐོགས་ཡོང་གསུང་བ་ཡིན།[22]ཞེས་གསུངས་པ་འདི་ལས་གྲུབ་ཆེན་ཆོས་པ་རིན་པོ་ཆེ་ལ་གནང་བས་དགོས་པ་གང་ཡིན་བསྟན་པ་རེད།

ཁྲི་ཆེན་སྟག་ལུང་བྲག་པའི་ཤེས་རབ་ནི་སྐབས་དེར་གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར་པ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི«ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་པ་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ»ལས། རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་འཕྲུལ་རྒྱ་གར་ཆུ་བོ་ གངྒཱ་ཚུན་ན་མཁས་པའི་རྩེར་སོན་པ་ཁྲི་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོས་ཁྲི་ཁུར་བཞེས་པའི་སྐབས་ཡིན་པས་དེ་ཉིད་ཀྱི་ཞབས་པད་དུ་བདོག་པ་ངོས་གཙང་དང་བཅས་མཇལ།[23]ཞེས་གསུངས་པ་སྟེ། ཆོས་པ་ཡབ་སྲས་དབུས་སུ་ཕེབས་པའི་དུས་དེར་ཁྲི་ཆེན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོས་དགའ་ལྡན་གསེར་ཁྲི་ཆེན་པོའི་འགན་བཞེས་པའི་སྐབས་ཡིན་ལ། ཁྲི་རབས་སུམ་ཅུ་པ་ཡིན་ཞེས་དགའ་ལྡན་ཁྲི་རབས་རིམ་བྱོན་གྱི་ལོ་རྒྱུས་སུ་གསལ། བོད་ཀྱི་གཏམ་དཔེ་ལ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་གསེར་ཁྲིར་བདག་པོ་མེད་ཅེས་པ་ལྟར། དགའ་ལྡན་གསེར་ཁྲི་ནི་བླ་སྤྲུལ་གཞན་ལྟར་སྐྱེ་སྤྲུལ་ངོས་འཛིན་ཞུས་ཏེ་བསྐོས་པ་ཞིག་མིན་ཞིང་། གྲྭ་རྐྱང་གི་ཐོག་ནས་དཀའ་སྤྱད་དུ་མས་སྦྱངས་བརྩོན་མཛད་དེ་མདོ་སྔགས་གཞུང་ལུགས་ཀུན་ལ་མཁྱེན་པ་ཕུལ་དུ་ཕྱིན་ནས་ཁྲི་བར་ཕེབས་པ་ཤ་སྟག་ཡིན་པས།  དགེ་ལུགས་པའི་ཆེས་མཐོ་བའི་བསླབ་གནས་ཀྱི་རིམ་པ་འདིར་བརྟེན་ནས་ནང་བསྟན་ཤེས་རིག་དེ་གཞན་ལས་ལྷག་པའི་འཕེལ་རྒྱས་དང་གཏིང་ཟབ་དུ་ཕྱིན་པ་རེད། དེའི་ཕྱིར་དགའ་ལྡན་གསེར་ཁྲི་ནི་རི་བོ་དགེ་ལུགས་པའི་བསྟན་འཛིན་ཀུན་གྱི་གཙོ་བོ་ཡིན་ལ། སྐྱབས་ཞུ་སོགས་ཀྱི་འགོ་བརྗོད་དུའང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཞེས་འགོད་སྲོལ་ཡོད་པ་ལྟར་རེད། དེ་ལྟར་ཁྲི་ཆེན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོའི་དབང་ནུས་མཁྱེན་གསུམ་ནི་དགའ་ལྡན་གསེར་ཁྲིར་བཞུགས་ཡོད་པ་འདི་ལས་ར་སྤྲོད་ཐུབ་ལ། ཁྲི་ཆེན་ཁོང་གི་སློབ་མའི་ནང་ནས་གྲུབ་ཆེན་ཆོས་པ་བློ་བཟང་བསྟན་པའི་རྒྱལ་མཚན་ནི་འདུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་བའི་སྙན་གྲགས་ཆེ་བ་དང་། ཁྱད་པར་དུ་བསྟན་པའི་བདག་པོར་འགྱུར་བར་དགོངས་ཏེ། རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་ཐུགས་དམ་གྱི་རྟེན་དུ་གནང་བ་གོང་དུ་བཀོད་པ་ལྟར་དང་། སྐབས་དེར་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་གནང་སའི་ཡུལ་ནི་དགའ་ལྡན་དགོན་པ་ཡིན་པས། གོང་དུ་དྲངས་པའི་ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་དང་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་གསུངས་ན། དགའ་ལྡན་བྱང་རྩེའི་བླ་བྲང་ན་གཅིག་བཞུགས་ཞེས་པ་དེ་ཡིན་མིན་གསལ་བོ་མི་ཤེས་ ཀྱང་། གནང་བ་བོའི་དབང་ནུས་མཁྱེན་གསུམ་དང་། གནང་ཡུལ་གྱི་འདུལ་འཛིན་མཉམ་གཞག་གི་ཡོན་ཏན། གནང་བའི་དགོས་པ། གནང་དུས་ཀྱི་གསུངས་ཚིག ལུང་ཁུངས་ཀྱི་ལོ་རྒྱུས་ཡིག་ཚང་། ལོ་ཚིགས་གང་གི་ཐད་ནས་དཔྱད་ཀྱང་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་དངོས་ཀྱི་ནང་ཚན་གཅིག་ཡིན་པ་ནི་ཐེ་ཚོམ་མེད་པ་ཞིག་ཡིན་ནོ། །

༢ སྒྲུབ་གནས་བཀྲ་ཤིས་འཁྱིལ་དུ་བཞུགས་པའི་དགོས་པ།

གྲུབ་ཆེན་ཆོས་པ་རིན་པོ་ཆེའི་སྐུ་ཚེའི་སྨད་དུ་གསང་སྔགས་ཉམས་ལེན་བྱེད་པ་གཙོ་བོར་མཛད་དེ། སྒྲུབ་གནས་བཀྲ་ཤིས་འཁྱིལ་དུ་མེ་ཏོག་བཅུད་ལེན་མཛད་ནས་ཡུན་རིང་ཐ་མལ་བའི་ཁ་ཟས་བཅད་ནས་བཞུགས་པ་དང་། སྐུ་མཚམས་ཀྱི་ངང་ལ་མཚན་བཅས་མཚན་མེད་ཀྱི་ཐུགས་དམ་ཡུན་རིང་བསྐྱངས་གསུངས་པ་ལྟར་དང་། གཞན་ཡང་། དུས་སྔ་མོ་ཞིག་ནས་རྣམ་འདྲེན་ཆོས་ཀྱི་རྒྱལ་པོ་ཕྱག་ན་པད་དཀར་འཛིན་པ་སྐལ་ལྡན་རྒྱ་མཚོ་ལ་བཀྲ་ཤིས་འཁྱིལ་དུ་སྒྲུབ་བརྒྱུད་ཀྱི་བསྟན་པའི་ཆུ་འགོ་ཚུགས་པ་ཞིག་མཛད་དགོས་པའི་ཞལ་ཏ་རིམ་པར་ཕེབས་ཤིང་།[24]ཞེས་པ་དང་། སྐུའི་དགོངས་པ་རྫོགས་ཁར་རི་ཁྲོད་པ་རྣམས་ལ་ཚེ་འདིའི་འཇིག་རྟེན་གྱི་རྒྱུ་ནོར་སོགས་ལ་མ་ཆགས་པར་དབེན་གནས་བཀྲ་ཤིས་འཁྱིལ་བ་སོགས་པར་སྒྲུབ་པ་གང་ནུས་གྱིས་ཤིག་གསུངས།[25]ཞེས་པ་འདི་དག་ལས།  གྲུབ་ཆེན་ཆོས་པ་རིན་པོ་ཆེས་སྒྲུབ་གནས་བཀྲ་ཤིས་འཁྱིལ་ལ་ཐུགས་བཞེས་དང་གདེང་འཇོག་ག་འདྲ་གནང་ཡོད་པ་ཤེས་ཐུབ། དེའི་ཕྱིར་དམ་པ་ཁོང་གི་ཐུགས་དམ་གྱི་རྟེན་རྗེ་སྐུ་བཀྲ་ཤིས་དོ་ཁ་མ་དེ་སྒྲུབ་གནས་བཀྲ་ཤིས་འཁྱིལ་དུ་བཞུགས་སུ་གསོལ་བ་རེད།

ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་དགུང་ལོ་བདུན་ཅུ་བར་ཞལ་ནས། ངས་ལོ་རྗེས་མ་སྦྲུལ་གྱི་ལོ་ནས་ལོ་གསུམ་གྱི་རིང་ལ་མཚམས་སྡོམ་རྒྱུ་ཡིན་པས། དེའི་རིང་ལ་སྦྱིན་བདག་ཚོ་དང་མཇལ་འཕྲད་མི་ཡོང་ གསུངས་ནས་རེབ་གོང་སྟོད་སྨད་བར་གསུམ་དུ་ཞབས་ཀྱིས་བཅགས་ཏེ། སྐྱེ་བོ་རྒན་གཞོན་ཐམས་ཅད་ལ་དབང་ལུང་སོགས་ཀྱི་ཆོས་སྦྱིན་རྒྱ་ཆེར་མཛད་དེ་ང་ཁྱོད་ཚོ་ལ་ཐུག་ཏུ་ཡོང་བ་ཡིན་གསུངས། ལོ་དེར་ཆར་ཤིན་ཏུ་དཀོན་པས་ལམ་ཞོར་ལ་ཚོ་བཞིར་བྱོན་ནས་མཚོ་ཁའི་ཆུ་མགོར་ཞག་བཞུགས་མཛད་པས་ཆར་ ཤིན་ཏུ་ཆེན་པོ་བབས་བྱུང་། དེ་ནས་སླར་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སྒང་འདིར་ཆོས་པ་རིན་པོ་ཆེའི་སྐུ་ཞིག་བཞེངས་དགོས་གསུངས་ནས་རྗེ་སྐུ་བྱིན་ཅན་དེར་ཚད་བླངས་ཏེ། ཐུགས་སྲས་ཤེས་རབ་བཀྲ་ཤིས་ལ་བཞེངས་ཏུ་བཅུག ཐུགས་སྲས་པས་ཀྱང་དེ་སྔ་འབུར་སྐུ་བཞེངས་མ་མྱོང་བ་ལ་བྱོན་ཤིན་ཏུ་གཙང་བ་ཞིག་ཕེབས་པ་ཡབ་སྲས་གསུམ་གའི་བྱིན་རླབས་ཀྱི་སྟོབས་སུ་གླེང་། རབ་གནས་ཐེངས་གསུམ་མཛད་པའི་ཡེ་ཤེས་པ་སྤྱན་འདྲེན་སྐབས་རྒྱ་མཐོངས་ནས་ཉི་འོད་སྐུ་ལ་ཕོག་པས་ཐུགས་ཤིན་ཏུ་མཉེས་ཤིང་། འདི་ཆོས་པ་རིན་པོ་ཆེའི་སྐུ་དངོས་དང་ཁྱད་མེད། ལྷོ་བྲག་གསེས་མཁར་གྱི་མི་ལ། རིན་ཆེན་སྒང་གི་ནོར་བཟང་། ཀུན་བཟང་ནགས་ཀྱི་ཕག་གྲུའི་སྐུ་གསུམ་དང་འདི་བཞི་བྱིན་རླབས་མཉམ། ཞེས་བཀའ་བསྩལ་བ་རྣམ་ཐར་ན་གསལ་བ་ལྟར་དང་། ཡབ་རྗེ་བླ་མའི་ཐུགས་སྲས་བྱང་ཆུབ་མི་ལ་ངག་དབང་བསོད་ནམས་ཀྱིས་མཛད་པའི«རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར»ལས། མ་ཡིག་གི་རྗེ་སྐུ་འདི་ནི་འཇམ་དབྱངས་སྟག་ལུང་གྲགས་(བྲག)པས་ཆོས་པ་རིན་པོ་ཆེ་ལ་གནང་དུས། ང་དང་རྗེ་བླ་མ་གསུམ་དབྱེར་མེད་དུ་གསོལ་བ་ཐོབས་དང་བསྟན་པ་ལ་ཕན་ཐོགས་ཡོང་གསུང་བ་ཡིན། འདི་པཎ་ཆེན་བྱམས་པ་གླིང་བའི་ཕྱག་བཟོ་དང་རྗེའི་དབུ་ལོ་བུབས་གཅིག་ནང་བཞུགས་དང་། རྗེའི་ཕྱག་གི་མེ་ཏོག་གཏོར་བ་ཇོ་བོ་རྣམ་པ་ཚོ་དང་བྱིན་རླབས་མཉམ་པ་བདུད་རྩི་བྱུང་བ་ཡིན་ཞེས་སྤྱི་བཤད་ལ་རྒྱུན་དུ་གསུང་སྟེ……།[26]ཞེས་མ་ཡིག་གི་སྐུ་དེ་རྗེ་སྐུ་བཀྲ་ཤིས་དོ་ཁ་མ་ཡིན་པར་གསལ་ལ། སྤྱི་བཤད་ལ་རྒྱུན་དུ་གསུང་སྟེ་ཞེས་པའི་ཚིག་འདི་ལས་ཡབ་རྗེ་བླ་མའི་ཞལ་གསུངས་ལྟར་བྲིས་པ་ཡིན་པར་མ་ཟད། ཡབ་རྗེ་བླ་མ་ཁོང་གིས་སློབ་མ་རྣམས་ལ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མའི་ལོ་རྒྱུས་ཞལ་གསུང་མང་པོའི་སྐབས་སུ་རྒྱུན་དུ་གསུང་གིན་ཡོད་པའང་རྟོགས་ནུས་སོ། །

རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི«ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་པ་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ»ལས། དེ་ནས་ལོ་གསུམ་གྱི་རིང་འདི་ཚོ་འཆོས་པ་མི་ཡོང་ཞེས་བཀྲ་ཤིས་འཁྱིལ་གྱི་མཁར་ཁ་བསྟོད་པ་དང་། ཤར་གྱི་གཟིམ་ཁང་འཆོས་པ་དང་། ཕྱག་དཔེ་ལས་སྐོར་གཅིག་དང་ཆོས་པ་རིན་པོ་ཆེའི་ཐུགས་དམ་རྟེན་རྗེ་སྐུ་སོགས་རོང་བོར་བསྐྱལ་བར་རྗེ་སྐུ་ལས་བདུད་རྩི་བབས་པ་དང་འོད་འཕྲོ་བ་སོགས་བྱུང་བ་ལ་དགྱེས་པའི་རྩེར་སོན།[27]ཞེས་གསུངས་པ་ལྟར། ལོ་དེར་བཀྲ་ཤིས་འཁྱིལ་གྱི་མཁར་ཁ་བསྟོད་པ་དང་ཤར་གྱི་གཟིམ་ཁང་ཞིག་གསོ་བྱེད་དུས། ཁོང་གི་ཕྱག་དཔེ་སྐོར་ཞིག་དང་ཆོས་པ་རིན་པོ་ཆེའི་ཐུགས་དམ་རྟེན་རྗེ་སྐུ་སོགས་རེ་ཞིག་རོང་བོར་བསྐྱལ་དུས་རྗེ་སྐུ་ལས་བདུད་རྩི་བབས་པ་དང་འོད་འཕྲོ་བ་སོགས་བྱུང་བས་ཡབ་རྗེ་བླ་མ་ཐུགས་ཤིན་ཏུ་དགྱེས་པར་བསྟན་པ་འདི་དང་།  ཐུགས་སྲས་བྱང་ཆུབ་མི་ལའི་གསུངས་ན། ཆོས་པ་རིན་པོ་ཆེའི་སྐུ་ཞིག་ཇི་ལྟར་བཞེངས་པ་དང་དེའི་མ་ཡིག་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་མ་ངོ་སྤྲོད་ཀྱི་ཚུལ་དུ་གསུངས་པ་འདི་གཉིས་ལས་སྐབས་དེར་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་ནི་སྒྲུབ་གནས་བཀྲ་ཤིས་འཁྱིལ་དུ་བཞུགས་ཡོད་པ་མཚོན་ནོ། །

དེ་ནས་ཡབ་རྗེ་བླ་མ་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོ(1678-1739)ཡི་སྐུ་དུས་སུ་རེབ་གོང་ལ་ནད་ཡམས་ཆེན་པོ་ཞིག་བྱུང་བས། ཡབ་རྗེ་བླ་མ་ངག་དབང་འཕྲིན་ལས་རྒྱ་མཚོས་པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས(1663-1737)ལ་སྙན་ཞུ་ཕུལ་བ་ན། པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་གིས་ཁོང་གི་ཆོས་གོས་ཞིག་གནང་སྟེ་འདི་རེབ་གོང་གི་ས་མཐོ་ས་ཞིག་ཏུ་བཞག་ན་ནད་ཡམས་དེ་ཆོད་པ་ཡིན་ཞེས་པའི་བཀའ་གསུངས་ལྟར། བཀྲ་ཤིས་འཁྱིལ་དགོན་པའི་སྐོར་མཐའི་བྱང་ཕྱོགས་སུ་མཆོད་རྟེན་ཞིག་བཞེངས་ཏེ་དེའི་གཟུངས་ཏུ་བཞུགས་པར་གསོལ་བ་ཡིན་པའི་ངག་རྒྱུན་ཞིག་ཡོད་ཅེས་བཀྲ་ཤིས་འཁྱིལ་གྱི་ཨ་ཁུ་རྒན་པ་དགེ་འདུན་དར་རྒྱས་དང་། ལྷ་མཁར་རྒྱལ། དཔལ་འབྱོར། ལྷ་མགོན་རྒྱལ་བཅས་ཀྱིས་གསུངས་པ་དང་། ངག་རྒྱུན་དུ་ཁྱབ་པའི་བཤད་ཚུལ་དེ་ནི་བདག་གིས་མཇལ་བས་ཡབ་རྗེ་བླ་མ་སྐུ་ཕྲེང་གཉིས་པའི་རྣམ་ཐར་ནང་རྙེད་མ་བྱུང་།

དུས་དེར་རེབ་གོང་དུ་བྱུང་བའི་ནད་ཡམས་དེ་བཟློག་ཕྱིར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཆོས་ གོས་ལས་གཞན་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་དང་བཅས་པའི་རེབ་གོང་གི་རྟེན་གཙོ་འགའ་གཟུངས་ གཞུག་ཏུ་ཕུལ་བ་ནི། «རོང་བོ་དགོན་ཆེན་གྱི་གདན་རབས»ལས། སྐོར་མཐའི་མཆོད་རྟེན་གྱི་ནང་བཞུགས་སུ། རྗེ་དོ་ཁ་མ། སློབ་དཔོན་པདྨའི་ཕྱག་བསྣམས་རྡོ་རྗེ་འཁྲུལ་མེད། གསེར་གྱིས་བཞེངས་པའི་ཏིང་འཕགས་བསྐལ་གསུམ་དང་ལམ་བསྔགས་སོགས་ཀ་རྟ་ཚེག་ལུག་ཏུ་གྲགས་པའི་རིན་ཐང་ཅན་དང་ལོ་རྒྱུས་ཁུངས་དག་ཅན་གྱི་བྱིན་རྟེན་གཞན་ཡང་སྒམ་ཆེན་པོ་གཅིག་བཞུགས། བླ་མ་རྡོ་རྗེ་འཆང་གི་ཞལ་སྔ་ནས། ཁྱོད་ཚོས་འདུ་ཁང་སྲུང་བ་ལས་སྐོར་མཐའི་མཆོད་རྟེན་སྲུང་དགོས་མོད། ཁྱེད་ཅག་གིས་རྒྱུ་མཚན་ཤེས་མེད་ཚོད་རེད། ཅེས་གསུངས་པ་ལྟར་རོ། །[28]ཞེས་བླ་མ་རྡོ་རྗེ་འཆང་གི་གསུངས་ཚིག་དྲངས་ནས་གསལ་བཤད་གནང་ཡོད་པ་དང་། «མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ»ལས། བཀྲ་ཤིས་འཁྱིལ་དགོན་པའི་བྱང་ཕྱོགས་སུ་བྱང་སྐྱོར་མཆོད་རྟེན་དུ་གྲགས་པ་དེའི་ནང་བཞུགས་སུ་རྗེ་དོ་ཁ་མ་དང་སློབ་དཔོན་པདྨ་མའི་དངོས་སུ་བསྣམས་མྱོང་བའི་ཕྱག་རྡོར་བྱིན་ཅན། ཆོས་པ་རིན་པོ་ཆེའི་ཕྱག་བྲིས་གསང་འདུས་རྩ་རྒྱུད་གསེར་བྲིས་མ་སོགས་བཞུགས་སུ་གསོལ། གསང་འདུས་རྩ་རྒྱུད་དེ་ལ་ཡོངས་གྲགས་སུ་ཀ་རྟ་ཚེག་ལུག་མ་ཟེར། དེའི་རྒྱུ་མཚན་ནི་ཡི་གེ་ཀ་རེ་ལ་རྟ་རེ་དང་ཚེག་རེ་ལ་ལུག་རེའི་རིན་ཐང་ཡོད་ཟེར། དུས་རབས་ཉི་ཤུ་བའི་ནང་སྐབས་ཤིག་རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོ་བཀྲ་ཤིས་འཁྱིལ་དགོན་པར་ཕེབས་ནས་དགོན་པའི་རྟེན་རྙིང་སོགས་ཀྱི་དཀར་ཆག་ལ་གཟིགས་པས། ཁོང་གིས་གསུང་པར། བཀྲ་ཤིས་འཁྱིལ་གྱི་བླ་རྒན་ཚོས་དགོན་པའི་མཛོད་ཁང་སྲུང་བ་ལས་ཉིན་མཚན་མེད་པར་མཆོད་རྟེན་འདི་སྲུང་ན་བཟང་། རེབ་ གོང་ན་མཆོད་རྟེན་འདི་ལས་ལྷག་པའི་རྩ་ཆེ་བ་ཞིག་མེད་པ་རེད་ཅེས་གསུངས།[29]ཞེས་མཆོད་རྟེན་གྱི་རིན་ཐང་དེ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུངས་དྲངས་ནས་གསལ་བཤད་གནང་ཡོད་པ་འདི་གཉིས་ལས། ཀ་རྟ་ཚེག་ལུག་མ་ཟེར་བའི་ཆོས་དཔེ་དེ་ངོས་འཛིན་ལུགས་ལ། གདན་རབས་ལས། ཏིང་འཕགས་བསྐལ་གསུམ་དང་ལམ་བསྔགས་སོགས་ཀྱི་ཆོས་དཔེ་ལ་གོ་བ་ལས་དེ་འབྲི་མཁན་ནམ་དམ་པ་གང་གི་ཕྱག་བྲིས་ཡིན་པ་མི་གསལ་བ་དང་།  ལོ་རྒྱུས་ཆེན་མོ་ལས། གསང་འདུས་རྩ་རྒྱུད་དང་ཆོས་པ་རིན་པོ་ཆེའི་ཕྱག་བྲིས་ཡིན་པར་བསྟན་ཡོད། བཀྲ་ཤིས་འཁྱིལ་གྱི་ཨ་ཁུ་རྒན་པ་རྣམ་བཞི་ཡིས་གསུངས་པ་ལྟར་ན། སྔོན་གྱི་བླ་རྒན་རྣམས་ཀྱི་ངག་རྒྱུན་དུ་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་ཕྱག་བྲིས་དང་འཕགས་པ་ཀ་རྟ་ཚེག་ལུག་ཟེར་བས་བཤད་སྲོལ་ཡོད་མོད། བསྟན་པ་ཡང་དར་གྱི་སྐབས་ཁོ་ཚོས་མཐོང་བས་ཆོས་དཔེ་གསེར་བྲིས་མ་དེའི་མཐུག་ཚད་ནི་འཕགས་པ་བརྒྱད་སྟོང་བ་ལྟ་བའི་མཐུག་པོ་ཞིག་མ་རེད། གསེར་བྲིས་མ་ཡིན་པས་སྐབས་དེར་བླ་རྒན་ཚོས་ཁོ་ཚོ་ལ་ཆོས་དཔེའི་ཁ་ཕྱེས་ནས་བལྟ་རུ་བཅུག་མ་མྱོང་ཟེར། མཆོད་རྟེན་གྱི་རྟེན་གཙོ་ལས། རྗེ་སྐུ་བཀྲ་ཤིས་དོ་ཁ་མ་དང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཆོས་གོས། སློབ་དཔོན་པདྨ་མའི་ཕྱག་གི་རྡོ་རྗེ། གྲུབ་ཆེན་ཆོས་པ་རིན་པོ་ཆེའི་ཕྱག་བྲིས་ཀ་རྟ་ཚེག་ལུག་གི་ཆོས་དཔེ་གསེར་བྲིས་མ་བཞི་ནི་ཆེས་གཙོ་བོ་ཡིན་[30] པར་གསུངས་པ་དང་། མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོའི་རྩོམ་པ་པོར་དྲིས་ན། གསང་འདུས་རྩ་རྒྱུད་གསེར་བྲིས་མ་ལ་ཟེར་བ་རེད། གསང་འདུས་རྩ་རྒྱུད་གསེར་བྲིས་མ་དེ་ཁྱུང་བོ་སྡེ་བའི་ཨ་ཁུ་ཤོར་མ་ཁོང་གིས་ཉར་ཚགས་བྱས་ཡོད་པ་ཁོ་བོས་ཀྱང་དངོས་སུ་མཇལ་མྱོང་བ་དང་། དེ་དུས་ཨ་ཁུ་ལགས་ཀྱིས་ཀ་རྟ་ཚེག་ལུག་ཟེར་བའི་ཆོས་དཔེ་རྩ་ཆེན་དེ་འདི་ཡིན་ཞེས་ཁོ་རང་ལ་དངོས་སུ་གསུངས་པ་ཡིན་ཟེར་རོ། །

རིག་གནས་གསར་བརྗེ་ཞེས་པའི་གཡོ་འགུལ་ཆེན་པོའི་ཁྲོད། དགོན་པ་སོ་སོའི་ལྷ་རྟེན་ཆོས་གསུམ་སོགས་རྨོངས་དད་དང་གདོན་བགེགས་སུ་བརྩིས་ནས་མེད་པར་གཏོང་སྐབས། བཀྲ་ཤིས་འཁྱིལ་གྱི་དགོན་པ་དང་ནང་རྟེན་རྣམས་ཀྱང་འཇིག་པའི་སྐབས་སུ། རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་སྲུང་སྐྱོབ་ཐུབ་པ་ནི། «མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ»ལས། བདག་གི་མ་ཡུམ་གྱི་ཞང་པོ་བོད་མོ་ཨ་ཁུ་ཤ་བོ་སྐྱབས་ལགས་ནས། རང་གི་སྲོག་ལའང་མ་འཛེམ་པར་མཚན་མོ་ཞིག་ལ་མཆོད་རྟེན་གྱི་བུམ་པའི་སྒོ་རྒྱན་བཀོག་ནས་ནང་བཞུགས་རྗེ་དོ་ཁ་མ་དང་སློབ་དཔོན་པདྨའི་ཕྱག་རྡོར་བྱིན་ཅན་སོགས་ནང་རྟེན་རྣམས་ཁྱེར་ནས་སྦས།[31]ཞེས་པ་དང་། བདག་གིས་ཕུ་བོ་འཇིགས་མེད་བསམ་གྲུབ་ལ་རྗེ་དོ་ཁ་མའི་སྐོར་ཁ་པར་གྱི་ལམ་ནས་དྲིས་པ་ན། ཁོས་བཤད་རྒྱུར། ཨ་ཁུ་ཤ་བོ་སྐྱབས་ཀྱིས་བཤད་པ་ལྟར་ན། སྐབས་དེར་བཀྲ་ཤིས་འཁྱིལ་གྱི་དགོན་པ་བཤིག་ཟིན། འོན་ཀྱང་སྐོར་མཐའི་མཆོད་རྟེན་ད་དུང་བཤིག་མེད་པར་ལུས་ཡོད། ཉིན་ཞིག་མགྲོན་ལུང་གི་མི་ཞིག(འཇིགས་མེད་བསམ་གྲུབ་ཀྱིས་མི་དེའི་མིང་ད་ལྟ་ཁོའི་ཡིད་ན་མི་འདུག་ཟེར)དང་ཁོ་གཉིས་ཀྱིས་མཆོད་རྟེན་ལ་ལག་འཇོག་རྒྱུ་གྲོས་བྱས་ཏེ། ནམ་གུང་ཡོལ་བའི་དུས་ཙམ་ཞིག་ལ་ཨ་ཁུ་ཤ་བོ་སྐྱབས་ཀྱིས་མཆོད་རྟེན་གྱི་སྒོ་རྒྱན་བཀོག་ནས་ནང་དུ་བལྟས་པ་ན། རྗེ་དོ་ཁ་མའི་ཞལ་འཛུམ་པ་དང་འོད་འཕྲོ་བའི་རྣམ་པ་ཧ་ཅང་ངོ་མཚར་བ་ཞིག་དངོས་སུ་མཐོང་བ་དང་། ངོ་མཚར་བའི་རྣམ་པ་དེ་ད་དུང་ཁོའི་ཡིད་ན་གསལ་བོར་འདུག་ཅེས་ཡང་ནས་ཡང་དུ་བརྗོད་པ་དང་། རྗེ་སྐུ་ཁྱེར་ནས་ཕྱི་ལ་ཡོང་བ་ན་སྒོ་རྒྱན་ནང་མཐོང་བའི་ངོ་མཚར་བའི་རྣམ་པ་དེ་མི་འདུག་ཟེར་བ་དང་། ཁོས་རྗེ་དོ་ཁ་མ་དམིགས་ནས་སོང་བ་ཡིན་པས་རྗེ་དོ་ཁ་མ་ཁོས་ཁྱེར་ཡོང་བ་དང་། སློབ་དཔོན་གྱི་ཕྱག་གི་ཕུར་བུ་དང་གཞན་རྣམས་མགྲོན་ལུང་གི་མི་དེའི་ཁྱེར་སོང་བ་ཡིན། སྐབས་དེར་ཁོ་རང་ཡང་གྲོང་བར་ལོག་ཟིན་པས་རྗེ་དོ་ཁ་མ་བདག་གཉེར་དོ་དམ་བྱེད་པར་སྟབས་དེ་འདྲའི་བདེ་བོ་ཞིག་མིན་སྙམ་ནས། སྟོང་ཆེ་སྡེ་བའི་དབུ་མཛད་སྙིང་ལྕགས་ལ་ལྐོག་ནས་བཅོལ་བ་ཡིན་ཟེར།[32]ཞེས་སྐབས་དེར་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་སྲུང་སྐྱོབ་ཐུབ་པའི་བརྒྱུད་རིམ་ཆ་ཚང་ཞིག་བོད་མོ་སྡེ་བའི་ཨ་ཁུ་ཤ་བོ་སྐྱབས་ཀྱིས་ཞལ་གསུང་ཇི་བཞིན་ངག་ནས་ངག་བརྒྱུད་དེ་འདིར་བཀོད་པ་ཡིན།

ཏང་གི་མི་རིགས་སྲིད་ཇུས་དངོས་འབེབས་དང་ཆོས་ལུགས་དད་མོས་ལ་རང་དབང་བྱིན་པའི་སྐབས་སུ། བོད་ཡུལ་དུ་འཇིག་ཟིན་པའི་དགོན་པ་སོ་སོར་བསྐྱར་གསོ་དང་ཆོས་སྒོ་འབྱེད་པའི་དུས་བཟང་དེར། སྲིད་ན་དཀོན་པའི་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་སླར་ཡང་སྒྲུབ་གནས་བཀྲ་ཤིས་འཁྱིལ་དུ་འབྱོར་བ་ནི། 1982ལོའི་དཔྱིད་ཀའི་འགོ་ཙམ་གྱི་ཉིན་ཞིག་ལ། སྟོང་ཆེ་སྡེ་བའི་རྒན་པོ་གྲས་ལ་དབང་བ་འགའ་ཞིག་གིས་ལྐོག་ནས་གྲོས་བྱས་ཏེ། དབུ་མཛད་སྙིང་ལྕགས་ཀྱིས་དོ་དམ་བགྱིས་པའི་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་དེ། གནམ་ཁོ་ཞེས་པའི་སྐྱེ་གཟུགས་མཛེས་ལ་གཞུང་རྒྱུད་དྲང་བ། ཆོས་དད་ཆེ་ཞིང་ཕན་སེམས་ལྡན་པ། སྙིང་རྗེ་ཆེ་ལ་གུས་ལུགས་ཡོད་པ། བུ་དང་བུ་མོ་མང་པོ་དང་བཟའ་མགོ་འཛོམས་པའི་བུད་མེད་བཞིན་བཟང་མ་ཞིག་ཡོད་པ་དེའི་གདན་དྲངས་ན་རྟེན་འབྲེལ་ལེགས་ཞེས་ཐག་གིས་བཅད་པ་ལྟར། ལོ་དེའི་དཔྱིད་འགོ་ཙམ་གྱི་ཉིན་ཞིག་ལ་ཨ་ཅེ་གནམ་ཁོ་ཡིས་བཀྲ་ཤིས་འཁྱིལ་དུ་རྗེ་སྐུ་བྱིན་ཅན་བཀྲ་ཤིས་དོ་ཁ་མ་གདན་དྲངས་པ་དང་། ལོ་དེའི་ཟླ7པའི་ཚེས7ཉིན(སྤྱིར་ཉིན་དེ་ནི་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་དགོངས་རྫོགས་ཀྱི་དུས་ཆེན་ཁྱད་པར་བ་ཞིག་ཡིན) དེར་གཏད་ནས་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོ་ཡང་བསྐྱར་ཕྱེ་བ་ཡིན་པས། དེའི་སྐབས་སུ་མཆོད་རྟེན་ནང་བཞུགས་པའི་རྟེན་གཙོ། སློབ་དཔོན་པདྨ་མའི་ཕྱག་གི་རྡོ་རྗེ་དང་། ཀ་རྟ་ཚེག་ལུག་ཏུ་གྲགས་པའི་ཆོས་དཔེ་གསེར་བྲིས་མ་གཉིས་ཀྱང་སྔ་ཕྱིར་འབྱོར་བྱུང་ཡང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཆོས་གོས་དེ་འབྱོར་མ་བྱུང་། གོ་ཐོས་སུ་རེབ་གོང་འཕྲང་ཡར་ནང་གི་ཁྱིམ་ཚང་ཞིག་ན་ཡོད་པར་བཤད་ལ། ད་ལྟའི་བར་ཕྱིར་འབྱོར་མ་བྱུང་ཞེས་བཀྲ་ཤིས་འཁྱིལ་གྱི་ཨ་ཁུ་རྒན་པ་རྣམ་བཞི་[33] ཡིས་གསུངས།

མདོར་ན་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུ་རྒྱུ་ཞིག་ནི། ཨ་ཁུ་ཤ་བོ་སྐྱབས་ལགས་གཙོ་བྱས་ཀྱི་འབྲེལ་ཡོད་མི་སྣ་འགའི་སྐུ་དྲིན་ལས་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བའི་རྗེ་སྐུ་བཀྲ་ཤིས་དོ་ཁ་མ་དེ་སྒྲུབ་གནས་བཀྲ་ཤིས་འཁྱིལ་དུ་འཇིག་རྟེན་དགེ་བའི་དཔལ་དང་ཡུལ་འདིའི་བསོད་ནམས་ཀྱི་རྟེན་དུ་ད་ལྟ་སྔར་བཞིན་བཞུགས་ཡོད་དོ། །


ལུང་འདྲེན་དཔྱད་ཡིག

[1]«རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས» (དེབ་དང་བོ) [M]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས2016ལོའི་ཟླ7པར་དུ་བཏབ།ཤ81སྟེང་གསལ།

[2]«རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས» (དེབ་བཞི་པ) [M]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས 2016ལོའི་ཟླ7པར་དུ་བཏབ། ཤ315སྟེང་གསལ།

[3]«རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས» (དེབ་གཉིས་པ)[M]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས 2016ལོའི་ཟླ༧པར་དུ་བཏབ། ཤ220སྟེང་གསལ།

[4]«དམིགས་བརྩེ་མའི་བེའུ་བམ་དོན་གཉེར་ཀུན་གྱི་སྤྱི་ནོར»(སྨད་ཆ)[M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་སྡུད་ཕྱོགས་སྒྲིག་ཁང་གིས། ཤ292སྟེང་གསལ

[5]«རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས» (དེབ་ལྔ་བ) [M]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས 2016ལོའི་ཟླ7པར་དུ་བཏབ། ཤ453སྟེང་གསལ།

[6]《རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས》 (དེབ་གཉིས་པ)[M]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས2016ལོའི་ཟླ༧པར་དུ་བཏབ། ཤ༢༢༢སྟེང་གསལ།

[7]《རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་སྐབས་གཉིས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》[M]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པའི་ཞིབ་འཇུག་གླིང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2017ལོའི་ཟླ7པར་དུ་བཏབ། ཤ116 སྟེང་གསལ།

[8]《པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱན་མཚན་གྱི་གསུང་པོད་བཞི་བ》[M] པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས2009ལོའི་ཟླ4པར་དུ་བཏབ། ཤ475 སྟེང་གསལ།

[9]《རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར》[M]ངག་དབང་བྱང་ཆུབ་བསོད་ནམས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1990ལོའི་ཟླ12པར་དུ་བཏབ། ཤ108སྟེང་གསལ།

[10]«དམིགས་བརྩེ་མའི་བེའུ་བམ་དོན་གཉེར་ཀུན་གྱི་སྤྱི་ནོར»(སྨད་ཆ)[M]སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་སྡུད་ཕྱོགས་སྒྲིག་ཁང་གིས། ཤ 293 སྟེང་གསལ།

[11]«བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས»(སྨད་ཆ)[M]ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས1998ལོའི་ཟླ5པར་ཐེངས་གཉིས་པ་པར་དུ་བཏབ། ཤ 309 སྟེང་གསལ།

[12]«དུང་དཀར་ཚིག་མཛོད་ཆེན་མོ»[Z]དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས2009ལོའི་ཟླ༩པར་ཐེངས་གཉིས་པ་པར་དུ་བཏབ། ཤ194 སྟེང་གསལ།

[13]«དམིགས་བརྩེ་མའི་བེའུ་བམ་དོན་གཉེར་ཀུན་གྱི་སྤྱི་ནོར»(སྨད་ཆ)[M]སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་སྡུད་ཕྱོགས་སྒྲིག་ཁང་གིས། ཤ 292སྟེང་གསལ།

[14]«རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས»(དེབ་བཞི་བ)[M]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས 2016ལོའི་ཟླ7པར་དུ་བཏབ། ཤ315སྟེང་གསལ།

[15]«རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས» (དེབ་གཉིས་པ)[M]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས2016ལོའི་ཟླ7པར་དུ་བཏབ། ཤ2223སྟེང་གསལ།

[16]«རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས»(དེབ་བཞི་བ)[M]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས 2016ལོའི་ཟླ7པར་དུ་བཏབ། ཤ316སྟེང་གསལ།

[17] «བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས»(སྨད་ཆ)[M]ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས1998ལོའི་ཟླ5པར་ཐེངས་གཉིས་པ་པར་དུ་བཏབ། ཤ 309 སྟེང་གསལ།

[18][19][20]«བིས་མདོ་དགོན་ཆེན་གྱི་གདན་རབས»[M]སྐལ་ལྡན་རྒྱ་མཚོ། འཇམ་དབྱངས་བློ་གྲོས། ངག་དབང་དགེ་འདུན་བཅས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1991ལོའི་ཟླ4པར་དུ་བཏབ། ཤ100 101 102བཅས་ཀྱི་སྟེང་་གསལ།

[21]《རོང་བོ་ཆོས་པ་རིན་པོ་ཆེའི་རྣམ་ཐར་དད་ལྡན་ཡིད་ཀྱི་དགའ་སྟོན》[M]དཀའ་བཅུ་བ་དགེ་འདུན་བསྟན་འཛིན་གྱིས་བརྩམས། པར་སྐྲུན་ཁང་དང་ཟླ་ཚེས་མི་གསལ་བ། ཤ54སྟེང་གསལ།

[22]«རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར»[M]ངག་དབང་བྱང་ཆུབ་བསོད་ནམས་(རྣམ་ཐར་ན་བྱང་ཆུབ་མི་ལ་ངག་དབང་བསོད་ནམས)ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1990ལོའི་ཟླ༡༢པར་དུ་བཏབ། ཤ༡༠༧སྟེང་གསལ།

[23]«ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་པ་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ»[M]རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་བརྩམས། སྣ་རིང་ལྕགས་པར་མ། ཤ157སྟེང་གསལ།

[24]«བིས་མདོ་དགོན་ཆེན་གྱི་གདན་རབས»[M]སྐལ་ལྡན་རྒྱ་མཚོ། འཇམ་དབྱངས་བློ་གྲོས། ངག་དབང་དགེ་འདུན་བཅས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1991ལོའི་ཟླ4པར་དུ་བཏབ། ཤ424སྟེང་གསལ།

[25]«བིས་མདོ་དགོན་ཆེན་གྱི་གདན་རབས»[M]སྐལ་ལྡན་རྒྱ་མཚོ། འཇམ་དབྱངས་བློ་གྲོས། ངག་དབང་དགེ་འདུན་བཅས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1991ལོའི་ཟླ4པར་དུ་བཏབ། ཤ427སྟེང་གསལ།

[26]«རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར»[M]ངག་དབང་བྱང་ཆུབ་བསོད་ནམས་(རྣམ་ཐར་ན་བྱང་ཆུབ་མི་ལ་ངག་དབང་བསོད་ནམས)ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1990ལོའི་ཟླ12པར་དུ་བཏབ། ཤ107སྟེང་་གསལ།

[27]«ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་པ་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ»[M]རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་བརྩམས། སྣ་རིང་ལྕགས་པར་མ། ཤ300 སྟེང་གསལ།

[28]«རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ»[M]འཇིགས་མེད་ཐེག་མཆོག་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1998ལོའི་ཟླ༥པར་དུ་བཏབ། ཤ416སྟེང་གསལ།

[29]«མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ་ངོ་མཚར་གཏམ་གྱི་བང་མཛོད»[M]རེབ་གོང་པ་འཇིགས་མེད་བསམ་གྲུབ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས2013ལོའི་ཟླ6པར་དུ་བཏབ། ཤ387སྟེང་གསལ།

[30]དགེ་འདུན་དར་རྒྱས། དགུང་ལོ59ཡིན། ལྷ་མཁར་རྒྱལ། དགུང་ལོ53ཡིན། དཔལ་འབྱོར། དགུང་ལོ53ཡིན། ལྷ་མགོན་རྒྱལ། དགུང་ལོ50ཡིན། དགེ་སློང་རྒན་པ་རྣམ་བཞི་ལ2017ལོའི་ལུགས་རྙིང་ཟླ12པའི་ཚེས18ཉིན་བཅར་འདྲི་བྱས་པ་ཡིན།

[31] «མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ་ངོ་མཚར་གཏམ་གྱི་བང་མཛོད»[M]རེབ་གོང་པ་འཇིགས་མེད་བསམ་གྲུབ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས2013ལོའི་ཟླ6པར་དུ་བཏབ། ཤ3སྟེང་གསལ།

[32]འཇིགས་མེད་བསམ་གྲུབ། 2017ལོའི་ལུགས་རྙིང་ཟླ12པའི་ཚེས23ལ། ཁ་པར་གྱི་ལམ་ནས་བཅར་འདྲི་བྱས།

[33]དགེ་འདུན་དར་རྒྱས། དགུང་ལོ59 ཡིན། ལྷ་མཁར་རྒྱལ། དགུང་ལོ53ཡིན། དཔལ་འབྱོར། དགུང་ལོ53 ཡིན། ལྷ་མགོན་རྒྱལ། དགུང་ལོ53ཡིན། དགེ་སློང་རྒན་པ་རྣམ་བཞི་ལ2017ལོའི་ལུགས་རྙིང་ཟླ12པའི་ཚེས18ཉིན་བཅར་འདྲི་བྱས་པ་ཡིན།


སྙན་བཟང་པ་ཀུན་བཟང་རྒྱལ། མཚོ་སྔོན་རེབ་གོང་གི་མི། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།

སངས་དགའ། ཀན་ལྷོ་གཙོས་གྲོང་ཁྱེར་གྱི་མི། གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་དགེ་རྒན་ཡིན།

དཔྱད་རྩོམ་འདི་ནི<<ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག>>2021ལོའི་དེབ་དང་པོའི་སྟེང་བཀོད་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།