ཀྲུང་གོ་བོད་ཀྱི་དྲ་བ།

བརྙན་འཕྲིན་གྱི་སྙན་སྒྲོན་པའམ་མགོ་འཛིན་པའི་གྱོན་ཆས་སྐོར་རགས་ཙམ་བརྗོད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྐལ་བཟང་སྒྲོལ་མ།   སྤེལ་དུས། : 2021-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བརྙན་འཕྲིན་སྙན་སྒྲོན་པའམ་མགོ་འཛིན་པར་མཚོན་ནས་བཤད་ན། ལེ་ཚན་ཁྲོད་གྱོན་གོས་འདེམ་སྐབས་ཐོག་མར་དེའི་རིག་གནས་མཚོན་རྟགས་ལ་དོ་སྣང་བྱ་དགོས་པས། གཤམ་དུ་ཕྱོགས་འགའ་ནས་གསལ་བཤད་རོབ་ཙམ་བྱ།

གཅིག བརྙན་འཕྲིན་གྱི་སྙན་སྒྲོན་པ་དང་མགོ་འཛིན་པར་མཚོན་ན། ལེ་ཚན་གྱི་ནང་དོན་གྱི་དགོས་དབང་དང་བསྟུན་ནས་གྱོན་གོས་དང་རྒྱན་ཆ་གདམ་དགོས་པ་ལས། མི་སྒེར་གྱི་དཔལ་འབྱོར་གོ་གནས་ངོམ་སོ་བྱེད་མི་ཆོག སྙན་སྒྲོན་པ་དང་མགོ་འཛིན་པའི་གྱོན་གོས་མི་འདྲ་བས་རྟག་པར་བསམ་བཞིན་དང་ཡང་ན་བསམ་བཞིན་མ་ཡིན་པར་ནང་དོན་མི་འདྲ་བའི་ཆ་འཕྲིན་བརྒྱུད་སྒྲོག་བྱེད་ཀྱིན་ཡོད་པས། ལེ་ཚན་བཤད་སྐབས་གྱོན་གོས་ཇི་ལྟར་འདེམ་པར་ཡང་བརྩི་བྱའི་རྩ་དོན་དང་དོ་སྣང་བྱ་དགོས་ས་མང་པོ་ཡོད། བརྙན་འཕྲིན་ཁང་གིས་བརྙན་ཕབ་ཁང་དུ་གློག་སྒྲོན་མང་པོའི་ཚ་འོད་ཀྱིས་ཁེངས་ནས་དབྱར་དགུན་སྟོན་དཔྱིད་ཀྱི་རྣམ་པ་མི་ཚོར། ཡིན་ཡང་ལེ་ཚན་ཁྲོད་དུ་སྙན་སྒྲོན་པའམ་མགོ་འཛིན་པའི་གྱོན་གོས་ལ་དུས་ཀྱི་དབྱེ་བ་མེད་ཀྱང་ཆོག་མོད། ང་ཚོ་བོད་རིགས་ས་ཆར་མཚོན་ན། དབྱར་དགུན་གྱི་དྲོད་གྲང་ལ་ཁྱད་པར་ཤིན་ཏུ་ཆེ་ཕྱིར། སྙན་སྒྲོན་པ་དང་མགོ་འཛིན་པས་དུས་ཚུགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གྱོན་གོས་ཀྱང་འོས་འཚམ་ངང་བརྗེ་དགོས།

གཉིས། སྙན་སྒྲོན་པ་དང་མདོ་འཛིན་པའི་གྱོན་གོས་དེ་ལེ་ཚན་གྱི་ནང་དོན་དང་རང་གི་ཐོབ་ཐང་དང་གཅིག་གྱུར་བྱ་དགོས། སྤྱིར་བཏང་དུ་ཉིན་རེ་རེར་བསྒྲགས་པའི་གསར་འགྱུར་ལེ་ཚན་དང་། ཡང་ན་དུས་གཏན་འཁེལ་གྱི་ལེ་ཚན་ཁྲོད་དུ་སྙན་སྒྲོན་པའམ་མགོ་འཛིན་པའི་གྱོན་གོས་དང་རྒྱན་ཆའི་ཐད་དེ་འདྲའི་གཟབ་འཆོར་ཆེ་མི་དགོས་ཤིང་། ཐེངས་རེ་རེར་གསར་པ་གསར་རྐྱང་ཞིག་ཀྱང་ཡིན་མི་དགོས་པར། བབ་ཆགས་ཤིང་གྲ་དག་ལ་ལེ་ཚན་གྱི་ཁྱད་ཆོས་དང་མཐུན་པ་ཞིག་ཡིན་ཚེ་ཆོག་པ་རེད། ལོ་གསར་དུས་སྟོན་སྐབས་ཀྱི་དགོང་ཚོགས་ལྟ་བུའི་ལེ་ཚན་ཁྲོད་དུ་ནང་དོན་དང་ཁྱད་ཆོས་དང་བསྟུན་ནས་སྙན་སྒྲོན་པའམ་མགོ་འཛིན་པའི་གྱོན་གོས་དང་རྒྱན་ཆ་སོགས་ཀྱང་གཟབ་འཆོར་དང་རྒྱན་ཤོམ་སྤྲོ་འོས་ལ། ལེ་ཚན་གཅིག་གི་ཁྲོད་དུ་གྱོན་གོས་དང་རྒྱན་ཆ་སོགས་ཡང་ཡང་བརྗེས་ནས་གྱོན་ཆོག་སྟེ། གྱོན་གོས་དང་རྒྱན་ཆའི་སྟེང་ནས་དགོང་ཚོགས་ཀྱི་སྤྲོ་སྣང་དང་དུས་སྟོན་གྱི་རྣམ་པ་མཚོན་ཐུབ་པ་བྱེད་དགོས། ནམ་རྒྱུན་གཞི་རིམ་དུ་སོང་ནས་ལེ་ཚན་ཕབ་ཡུལ་དངོས་ནས་བཅར་འདྲི་བྱེད་སྐབས་གྲ་དག་ཅིང་སྟབས་བདེ་བའི་གྱོན་གོས་གྱོན་ནས་མང་ཚོགས་ཀྱི་ནམ་རྒྱུན་འཚོ་བ་དང་མཐུན་པར་བྱས་ན་ལེགས།

གསུམ། སྙན་སྒྲོན་པ་དང་མདོ་འཛིན་པའི་གྱོན་གོས་ཀྱིས་མི་རིགས་རང་གི་ཁྱད་ཆོས་མཚོན་པར་བྱ་དགོས། བརྙན་འཕྲིན་གྱིས་ལྟ་མཁན་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱིན་ཡོད་པས། ང་ཚོས་བརྙན་འཕྲིན་ལེ་ཚན་སྒྲུབ་སྐབས་ཐོག་མཐའ་ཀུན་ཏུ་དེ་ལ་དོ་སྣང་བྱེད་དགོས། དེ་བཞིན་བརྙན་འཕྲིན་ལེ་ཚན་གྱི་སྙན་སྒྲོན་པའམ་མགོ་འཛིན་པ་ནི་སྤྱི་པའི་གཟུགས་བརྙན་དུ་འགྱུར་བའི་ཆ་ནས་ཁོ་ཚོའི་གྱོན་གོས་དང་རྒྱན་ཆ་སོགས་ཀྱིས་མང་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་འཇོག་སྲིད། ཉེ་བའི་ལོ་འགར། བོད་སྐད་བརྙན་འཕྲིན་ལེ་ཚན་གྱི་རྒྱ་ཇེ་ཆེར་སོང་བ་དང་བསྟུན་ནས་བོད་རིགས་མང་ཚོགས་ཁྲོད་ཐེབས་པའི་ཤུགས་རྐྱེན་ཡང་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད། དཔེར་ན། བརྙན་འཕྲིན་གྱི་བརྒྱུད་སྒྲོག་ཐབས་ལམ་དེ་ལ་བརྟེན་ནས་ས་ཆ་སོ་སོ་ནས་བསྡུས་པའི་འདུ་ཚོགས་སྣ་ཚོགས་ཀུན་གྱི་མིག་ལམ་དུ་བསྐྱལ་བ་དང་དེ་ལས་ཀྱང་ཤོམ་གོས་ངོམ་པའམ་གྱོན་གོས་འཁྲབ་སྟོན་ཞེས་པའི་བྱ་འགུལ་དེ་བརྙན་འཕྲིན་བརྒྱུད་སྒྲོག་བྱས་པ་དང་བསྟུན་ནས་བོད་ཁུལ་གྱི་ས་ཆ་སོ་སོ་ནས་གཅིག་རྗེས་གཅིག་གིས་འབྲངས་ཏེ་ལོ་རེ་རེར་རྒྱ་ཇེ་ཆེ་ནས་ཇེ་ཆེར་གྱུར་ནས་རྒྱ་ཆེའི་བོད་རིགས་མང་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་བཟོས་ཏེ། རང་གི་བོད་ལྭ་དང་རྒྱན་ཆར་ལྷག་པར་གཙིགས་མཐོང་ཆེ་བར་གྱུར་པས། སྔོན་ཆད་བོད་ལྭ་སྟབས་མི་བདེ་བར་བསམས་ནས་དགའ་སྣང་མི་བྱེད་མཁན་དག་འདུས་པའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཡོངས་ཁྱབ་ཏུ་བོད་ལྭ་བསྒྲིགས་པ་དང་གྱོན་པར་སྤྲོ་སྣང་ལྡན་པར་གྱུར། ཡིན་ནའང་། ཕྱོགས་གཞན་ཞིག་ནས་བཤད་ན་བརྙན་འཕྲིན་སོགས་ཀྱིས་དྲིལ་སྒྲོག་བྱས་པའི་ཤུགས་ཀྱིས་ས་ཆ་སོ་སོའི་ཤོམ་གོས་འགྲན་པའམ་གྱོན་ཆས་འཁྲབ་སྟོན་དེ་ཡང་རང་མི་རིགས་ཀྱི་གྱོན་གོས་དང་རྒྱན་ཆའི་མ་གཞི་ནས་ཡོད་པའི་མཛེས་ཉམས་དང་དགེ་མཚན་ངོམ་པ་ལས་ཆེས་ཆེར་བརྒལ་འདུག་ལ། མང་ཚོགས་ཁྲོད་ཀྱི་ཤུགས་རྐྱེན་ཡང་མཐའ་གཅིག་ཏུ་དགེ་མཚན་ལྡན་པ་ཞིག་མ་རེད། དཔེར་ན། ཁམས་ཕྱོགས་སྐྱེས་མའི་ལ་ཐོད་ཀྱི་སྤོས་ཤེལ་དེ་ནི་འཚོ་བའི་ཁྲོད་དུ་གཅིག་རེ་དང་གསུམ་རེ། ཆེས་མང་ན་ལྔ་རེ་ལས་མི་དགོས་མོད། ཤོམ་གོས་ངོམ་པ་ལས་བུད་མེད་གཅིག་གི་སྟེང་དུ་བཅུ་ཕྲག་རེ་སྤུངས་པ་དང་། སྤྱིར་བཏང་འཚོ་བའི་ཁྲོད་དུ་མ་ཎི་བགྲང་བྱེད་ཀྱི་བ་སོའི་ཕྲེང་བ་དེ་ཡང་རྒྱུ་ཤེད་ངོམ་བྱེད་དུ་གྱུར་ནས་མི་གཅིག་གི་ལུས་སྟེང་དུ་བཅུ་ལྷག་དཔྱངས་ཤིང་། གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆས་ལུས་ཀྱི་ཆ་ཤས་ཙམ་ཡང་མ་ལུས་པར་གཡོགས་འདུག དེས་མི་རིགས་གཞན་ལ་མཚར་སྣང་རེ་བསྐྱེད་སྲིད་པ་ལས་རང་མི་རིགས་ཀྱི་གྱོན་གོས་དང་རྒྱན་ཆའི་ཁྱད་ཆོས་རྣལ་མ་ཞིག་མཚོན་མི་ཐུབ། དེ་དང་དེ་བཞིན་དུ་ཀུན་གྱི་མཐོང་ལམ་དུ་གྱུར་པའི་བརྙན་འཕྲིན་ལེ་ཚན་གྱི་སྙན་སྒྲོན་པའམ་མགོ་འཛིན་པ་རྣམས་ཀྱིས་རང་གི་གྱོན་གོས་དང་རྒྱན་ཆར་ཤིན་ཏུ་དོ་སྣང་མ་བྱས་ན་རྒྱ་ཆེའི་ལྟ་མཁན་ཁྲོད་དུ་ཤུགས་རྐྱེན་ངན་པ་བཟོ་སྲིད།

བཞི། ལེ་ཚན་ཁྲོད་དུ་ངེས་པར་དུ་རང་མི་རིགས་ཀྱི་གྱོན་གོས་གྱོན་དགོས། མི་རིགས་ཤིག་གི་ཁྱད་ཆོས་ལ་རིག་གནས་སྐད་རིགས་དང་འཚོ་བའི་གོམས་གཤིས་སོགས་ཕྱོགས་མང་པོའི་ནང་དོན་འདུ་ལ། གྱོན་གོས་ཀྱང་མི་རིགས་དེའི་ཁྱད་ཆོས་གཙོ་བོའི་གྲས་ཀྱི་གཅིག་རེད། མི་རིགས་རིག་གནས་དར་སྤེལ་གཏོང་བའི་སྒེའུ་ཁུང་ལྟ་བུར་གྱུར་པའི་བརྙན་འཕྲིན་ལས་རིགས་ལ་མི་རིགས་རང་གི་སྐད་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འོས་འགན་ཡོད་པར་མ་ཟད། རང་མི་རིགས་ཀྱི་དགེ་མཚན་དང་ལྡན་པའི་ཁྱད་ཆོས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འོས་འགན་ཡོད་པ་རེད། བརྙན་འཕྲིན་སྙན་སྒྲོན་པའམ་མགོ་འཛིན་པ་དེ་དག་གིས་ནམ་རྒྱུན་འཚོ་བའི་ཁྲོད་མི་རིགས་གང་གི་གྱོན་གོས་གྱོན་པ་ནི་རང་གི་འདོད་བློ་ཡིན་མོད། བརྙན་འཕྲིན་ལེ་ཚན་ཁྲོད་དུ་ཅིས་ཀྱང་མི་རིགས་རང་གི་གྱོན་གོས་གྱོན་ནས་མི་རིགས་རང་གི་ཁྱད་ཆོས་མངོན་དགོས། དེ་ཡང་རྒྱ་སྐད་ཀྱི་བརྙན་འཕྲིན་སྙན་སྒྲོན་པའམ་མགོ་འཛིན་པར་མཚོན་ནའང་། ལེ་ཚན་ལ་ལའི་ནང་དོན་དང་བརྗོད་བྱ་དེ་མི་རིགས་གང་དང་གང་ལ་འབྲེལ་བ་དམ་པོ་ཡོད་པའི་དམིགས་བསལ་ལེ་ཚན་ལ་ལའི་ཁྲོད། དམིགས་བསལ་གྱི་དགོས་དབང་གིས་མི་རིགས་དེའི་གྱོན་གོས་གྱོན་པ་མ་གཏོགས། རྒྱུན་ལྡན་གྱི་ལེ་ཚན་ཁྲོད་མི་རིགས་གཞན་པའི་གྱོན་གོས་གྱོན་མི་སྲིད་པ་རེད།

རང་རེའི་སྙན་སྒྲོན་པའམ་མགོ་འཛིན་པ་ལ་ལས་སྔོན་ཆད་ཉིན་རེར་གྱོན་གོས་བརྗེ་བ་སོགས་ཀྱི་དཀའ་ཚེགས་ལ་འཛེམ་པ་དང་སྟབས་བདེར་དམིགས་ནས་ལེ་ཚན་ཁྲོད་ཕྱི་གླིང་པའི་གྱོན་གོས་གྱོན་པའམ་ནང་སྒོས་སུ་གཞི་རིམ་ཞིང་སྡེ་དང་འབྲོག་ཕྱོགས་སུ་སོང་ནས་བཅར་འདྲི་བྱེད་སྐབས་ཕྱི་གླིང་པའི་གྱོན་གོས་གྱོན་པའི་གནས་ཚུལ་རྒྱུན་དུ་འབྱུང་བཞིན་ཡོད། སྔོན་ཆད་རང་ཉིད་ལའང་དེ་ལྟ་བུའི་བསླབ་བྱ་མང་པོ་ཡོད། དེར་ཁོར་ཡུག་ཆ་རྐྱེན་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཡོད་མོད། སྤྱིར་བཤད་ན། ལེ་ཚན་ཁྲོད་དུ་དཀའ་ལས་ཅི་འདྲ་མྱང་དགོས་པ་དང་དཀའ་ཚེགས་ཅི་འདྲ་ཆེ་བ། ཆ་རྐྱེན་ཅི་འདྲ་ཞན་པ་དང་སྟབས་ཅི་འདྲ་མི་བདེ་རུང་། ཁྱོད་ཀྱི་སྡུག་ཡུས་དེར་རྒྱ་ཆེའི་ལྟ་མཁན་གྱིས་གུ་ཡངས་མི་བྱེད་པས། ལེ་ཚན་ཁྲོད་དུ་ཁྱོད་ཀྱི་སྐད་ཆ་ཚིག་གཅིག་དང་བྱ་སྤྱོད་ཕྲན་བུ་རེས་ཀྱང་ཁྱོད་རང་ཉིད་མཚོན་པ་མ་ཡིན་པར། ལེ་ཚན་ཧྲིལ་པོ་དང་ལེ་ཚན་དེས་མཚོན་པའི་མི་རིགས་དེ་ཡི་མཚོན་བྱེད་ཡིན་པས་ན། ལྟ་མཁན་གྱི་མིག་མདུན་དུ་མངོན་དགོས་པ་ནི། ཁྱོད་ཀྱི་གཟུགས་བྱད་ལེགས་ཤོས་དང་ཉམས་འགྱུར་བཟང་ཤོས་ཡིན་དགོས། དེར་བརྟེན། བརྙན་འཕྲིན་ལེ་ཚན་གྱི་སྙན་སྒྲོན་པ་དང་མགོ་འཛིན་པའི་གྱོན་གོས་དང་རྒྱན་ཆའི་སྐོར་ནི་མཛེས་སྤྲས་ཀྱི་སྒྱུ་རྩལ་རིགས་ཤིག་ཡིན་པར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་རིག་གནས་ཤིག་ཀྱང་ཡིན་ཕྱིར། སྙན་སྒྲོན་པ་དང་མགོ་འཛིན་པ་ཚང་མས་ལེ་ཚན་ཁྲོད་ཀྱི་གྱོན་གོས་དང་རྒྱན་ཆ་དེ་རང་ཉིད་མཛེས་བྱེད་ཁོ་ནར་ངོས་བཟུང་ནས་སྣང་ཆུང་གཏན་ནས་མི་བྱེད་པར། ལག་ལེན་དངོས་ཀྱི་ཁྲོད་ནས་ཞིབ་འཇུག་ནན་མོ་བྱས་ན་གཅིག་ནས་རང་གི་གཟུགས་བརྙན་ཇེ་ལེགས་སུ་གཏོང་བ་དང་གཉིས་ནས་ལེ་ཚན་གྱི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ། གསུམ་ནས་མི་རིགས་ཀྱི་ཁྱད་ཆོས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཤིན་ཏུ་དགེ་མཚན་ལྡན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།