ཀྲུང་གོ་བོད་ཀྱི་དྲ་བ།

མདོ་སྨད་དབལ་ཤུལ་གཅའ་རོ་སྡེ་བའི“བརྐུས་གླ་སྟེར་སྲོལ” རོབ་ཙམ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འཛམ་སྒྲོན།   སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གླེང་གཞི།

སྤྱིར་བཏང་གྱོད་དོན་རིག་གནས་ནི་ཉེ་བའི་དུས་ཤིག་ལ་དར་ཡོང་བ་ཞིག་མ་ཡིན་པར་བཙན་པོའི་རྒྱལ་རབས་ནས་བཟུང་འགལ་རྩོད་བྱུང་ན་དེར་འདུམ་འགྲིག་བྱེད་དགོས་པའི་ལམ་ལུགས་བྱུང་ཡོད་དེ། མི་བསད་ན་སྟོང་དང་རྐུས་བྱས་ན་འཇལ་ཞེས་པའི་བཤད་སྲོལ་ཡོད་ལ། དེ་ཡང《རྒྱ་བོད་ཡིག་ཚང་ཆེན་མོ》ལས། “བསད་པ་ལ་སྟོང་སྲང་ཉིས་ཁྲི་ཆིག་སྟོང་། བརྐུས་པ་ལ་བརྒྱད་ཅུ་འཇལ། བྱི་བྱས་པ་ལ་སྣ་གཅོད་པ། རྫུན་ཕྲ་མ་སྨྲ་བའི་ལྕེ་འབྲེག་པ”ཞེས་བཙན་པོ་སྲུང་བཙན་སྒམ་པོའི་སྐབས་ནས་བཟུང་གྱོད་དོན་རིག་གནས་ཀྱི་རྩ་བ་རྒྱས་ཤིང་རྩེ་མོ་སྨིན་ཡོད་པ་རེད། ཁོ་མོས་རེབ་འདིར་འབྲོག་ཁུལ་ས་ཆ་འགར་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པའི་མཇུག་དང་དུས་རབས་ཉེར་གཅིག་པའི་དུས་མགོར་ལག་བསྟར་བྱས་པའི་རྐུན་སྟོང་འཇལ་ཚུལ་ལས་གྱོད་ཡ་དང་གྱོད་བདག་འདུམ་འགྲིག་བྱེད་ཐབས་བརྐུས་གླ་སྟེར་བ་ཞེས་པའི་ནང་དོན་རགས་ཙམ་ངོ་སྤྲོད་བྱས་ཡོད།

དང་པོ། དབལ་ཤུལ་གཅའ་རོ་སྡེ་བའི་ཐོག་མའི་མཆེད་ཁུངས་དང་ལོ་རྒྱུས་རགས་ཙམ་གླེང་བ།

ཕ་རྒྱུད་དེད་ན་མེས་པོ་དང་ཆུ་རྒྱུད་དེད་ན་མགོ་ཁུངས་ཞེས་པ་ཇི་བཞིན་ས་ཁུལ་སོ་སོའི་ས་མིང་དང་ཡུལ་མིང་སོགས་ལ་ཐ་སྙད་ཀྱི་གོ་དོན་དང་མིང་གི་ཐོགས་ཚུལ་ལ་རང་སོ་སོའི་ཁྱད་ཆོས་སམ་དོན་དང་མཐུན་པའི་ཁུངས་རེ་ཡོད་པས་དེར་རྒྱུས་ལོན་བྱེད་དགོས་ན། ཐོག་མར་ལོ་རྒྱུས་ཡིག་ཚང་ལ་ཁུངས་གཏུགས་པ་དང་རྒན་པ་ཚོའི་ངག་ཐོག་གཏམ་རྒྱུད་ལ་བཅར་འདྲི་བྱས་ཏེ་ཁུངས་འཚོལ་དགོས། རྒན་པོ་མིག་གསལ་གྱིས་བཤད་ན། མདོ་སྨད་ཁྲོ་ཁོ་ཤོག་དྲུག་གི་ཡ་གྱལ་དབལ་ཤུལ་གཅའ་རོ་སྡེ་བ་ནི་དབལ་མོ་ཤོག་དྲུག་གམ་ཁྲོ་ཁོ་ཤོག་དྲུག་གི་ནང་ཚན་ཡིན་པ་དང་། ཁྲོ་ཁོ་ཤོག་དྲུག་ནི་དེང་གི་རྨ་ཆུ་རྫོང་ཁོངས་ཀྱི་རྨ་སྡེ་ཆུ་ཁ་མ་དང་ཚོ་བ་སྨད་མ། དབལ་ཤུལ་ནུར་མ་གོང་འགབ། དབལ་བན་རོ། རྔ་བ་རྫོང་ཁོངས་ཀྱི་དབལ་ཤུལ་གཅའ་རོ་བཅས་ཡིན། དེ་ཚོའི་ཐུན་མོང་གི་མེས་པོ་ནི་དབལ་ཤུལ་ཁྲོ་ཁོ་དང་། ཐོག་མའི་རུ་སྡེ་ལ་ཁེ་ཐལ་ཟེར་བ་དང་ཀིརྟི་རིན་པོ་ཆེའི་རྣམ་ཐར་སོགས་སུ་སྟོད་ཁེ་ཏའི་ཡུལ་ཞེས་བཀོད་ཡོད། གཞན《མདོ་སྨད་ཁྲོ་ཁོའི་ལོ་རྒྱུས》སུ། “དབལ་ཤུལ་གཅའ་རོ་ནི་དེང་གི་སི་ཁྲོན་རྔ་བ་རྫོང་ཁོངས་ཀྱི་ཡུལ་ཚོ་ཞིག་དང་། ཡང་མྱེས་ཁྲོ་ཁོའི་བུ་རྒྱ་ལིའི་ནང་རྡོར་བཟའ་སྤུན་གསུམ་ཡོད་པ་ལས། འོད་འཁྱུག་ཅེས་པས་ཁྱིམ་ཚང་བཅུ་གཅིག་ཙམ་ཁྲིད་ནས་གཅའ་ཁོག་ཏུ་རུ་བ་བྱས་པ་དང་ཡུན་གྱིས་གཞིས་ཆགས་པས་སྡེ་མིང་ལ་དབལ་ཤུལ་གཅའ་རོ་ཐོགས”ཞེས་བཤད་ཡོད།

གཉིས་པ། འབྲོག་པའི་རྐུན་སྟོང་འཇལ་ཚུལ་དེ་བརྐུས་གླ་སྟེར་སྲོལ་དུ་འགྱུར་ཚུལ་གླེང་བ།

1.ལོ་རྒྱུས་རྒྱབ་ལྗོངས་དང་སྤྱི་ཚོགས་གནས་བབ།

བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས། ཁྱིམ་ཚང་སོ་སོར་རྒྱུ་ནོར་རང་སྐལ་དུ་བགོས་པ་དང་རྩྭ་ས་ཡང་བགོས་པས། སྔོན་གྱི་འདུས་སྡོད་ཀྱི་རྣམ་པ་ལ་འགྱུར་ལྡོག་བྱུང་སྟེ་ཁྱིམ་ཚང་སོ་སོར་རང་སྐལ་དུ་ཐོབ་པའི་རྩྭ་སའི་ཐོག་ཁེར་ཁྱིམ་དང་ཁེར་ལྷས་བརྒྱབ་ནས་གཞིས་ཆགས་མགོ་བརྩམས་ཤིང་། རང་རྒྱུ་རང་གིས་བསོགས་པ་དང་། རང་ས་རང་གིས་བདག་བཟུང་བྱས་པར་མ་ཟད། རྩྭ་སར་ཡང་ལྕགས་དྲའི་བར་ཆོད་དང་ས་མཚམས་ཆུ་མཚམས་ཕྱེ། འབྲོག་པ་མང་ཚོགས་ཀྱི་འཚོ་བར་མངོན་གསལ་དོད་པོའི་འཕེལ་རྒྱས་ཀྱི་རྣམ་པ་བྱུང་སྟེ་ཕྱུགས་ཟོག་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་ཇེ་ལེགས་སུ་སོང་བར་བརྟེན། སྡེ་བའི་ནང་གི་ཁྱིམ་ཚང་བརྒྱ་ཆའི་བདུན་ཅུ་ཡས་མས་ཀྱིས་ནོར་ལུག་ཉིས་བརྒྱ་ནས་སུམ་བརྒྱའི་བར་དང་། ཕྱུག་པོ་དག་གིས་ལྔ་བརྒྱ་ནས་དྲུག་བརྒྱའི་བར་འཚོ་སྐྱོང་བྱེད་པའི་རྣམ་པ་ཆགས་ཡོད། འབྲོག་ཁུལ་འདི་ལ་མཚོན་ན་སློབ་གྲྭར་མངགས་མཁན་དཀོན་པས་བུ་ཕྲུག་མང་ཆེ་བ་ནི་ཆུང་དུས་ནས་བཟུང་ཕྱུགས་རྫི་རྐྱང་རྐྱང་བྱས་ནས་ནར་སོན་པ་ཡིན་ལ། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པ་དང་དུས་རབས་ཉེར་གཅིག་པའི་སྟོད་ཀྱི་བྱིས་པ་མང་ཆེ་བས་ལོ་དགུའི་འོས་འགན་སློབ་གསོ་ཡང་མྱོང་མེད། དུད་ཁྱིམ་མང་ཆེ་བར་བྱིས་པ་གསུམ་བཞི་རེ་ཡོད་པས་ཁྱིམ་དུ་ལས་ཀ་གཉེར་མཁན་མང་བས་ལྟོས་བཅས་ཀྱིས་ཡོང་སྒོ་ཅུང་མང་པོ་ཡོད། དེའི་ཕྱིར་ཞེ་སྣང་བ་མཐོ་བའི་གསར་བུ་རྣམས་ཀྱི་ཁྲོད་དུ་གྱོད་ཁ་མཆུ་སློང་མཁན་དང་རྐུན་མའི་ལས་རིགས་གཉེར་མཁན། རྒྱན་སྐུགས་མཁན་སོགས་ཀྱི་གནས་ཚུལ་དར་ཁྱབ་བྱུང་།

2.འབྲོག་པའི་རྐུན་སྟོང་འཇལ་བ་ནས་བརྐུས་གླ་སྟེར་ཚུལ་དུ་གྱུར་པ།

བོད་སྤྱི་ལ་གཏན་འབེབས་བྱས་པའི་ཁྲིམས་ཡིག་སྟེ་བརྐུས་པ་འཇལ་གྱི་ཞལ་ལྕེའི་ནང་དོན་ལྟར་ན། ཡུལ་གྱི་མགོ་དཔོན་གྱི་ནོར་བརྐུས་ན་ཁྲི་འཇལ། བླ་མ་དགེ་འདུན་གྱི་རྫས་དང་ལྷ་ཁང་ནང་གི་མཆོད་ཆས་སོགས་བརྐུས་ན་བརྒྱད་ཅུ་འཇལ་བ་སོགས་ཀྱི་སྟོང་འཇལ་ཐབས་དང་དེ་མིན་ད་རུང་ཁྲིམས་ཀྱི་ནང་དོན་མང་པོ་བཙུགས་མྱོང་ཡོད་པ་དང་ལག་ལེན་དུའང་བསྟར་མྱོང་ཡོད། ཡིན་ཡང་མདོ་སྨད་འབྲོག་ཁུལ་གྱི་ས་ཆ་ལ་ལར་མཚོན་ན་གནའ་དུས་ནས་བཟུང་སྤྱི་ཚོགས་ལ་འཕོ་འགྱུར་མང་པོ་བྱུང་བས། དམངས་ཁྲོད་ཀྱི་གཏམ་དཔེ་རུའང“ས་ནག་ནང་ལ་གནས་གཞི་བཟུང་ནས། སྦྲ་ནག་ནང་ནས་འཁོར་བ་བཟུང”ཞེས་པ་ལྟར་རྒྱང་ཐག་རིང་སའི་མཐའ་མཚམས་དག་ན་གནས་སྤོ་བྱས་ནས་འཚོ་བ་རོལ་བཞིན་ཡོད་པས། སྡེ་བའི་ཕྱི་ནང་ཀུན་ཏུ་ཕན་ཚུན་བར་མི་ཤི་རྟ་འགྱེལ་སོགས་ཀྱི་གྱོད་དོན་ཆེ་མ་ཆུང་གསུམ་བྱུང་བའི་གོ་རིམ་ཁྲོད། ས་གནས་དང་ཡུལ་གྲུའི་ཁྱད་ཆོས་ལྡན་པའི་སྟོང་འཇལ་ལམ་ལུགས་ཀྱང་མང་པོ་བྱུང་ཡོད། འབྲོག་སྡེ་འདིས་ཕྱུགས་ཟོག་འཚོ་སྐྱོང་གི་དགོས་མཁོ་ལྟར་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་སོ་སོར་གནམ་གཤིས་དྲོ་གྲང་ལ་བསྟུན་ནས་རྩྭ་ཆུ་བཟང་སར་རུ་འགེལ་བ་དང་། ས་གནས་སྲིད་གཞུང་དང་ཁ་ཐག་རིང་བ། འགྲིམ་འགྲུལ་སྟབས་མི་བདེ་བར་མ་ཟད་ཁ་པར་ལ་བརྡ་རྟགས་མེད་པ་སོགས་ཀྱི་དབང་གིས། ས་གནས་མི་དམངས་སྲིད་གཞུང་དང་ས་གནས་མངག་གཏོང་ཁང་གིས་དོ་དམ་བྱེད་ཁག་པོ་བྱུང་འདུག འབྲོག་སྡེ་འདིའི་མང་ཚོགས་ལ་མཚོན་ན་ཆུང་དུས་ནས་བཟུང་འབྲོག་ལས་ལ་འབད་འབུངས་བྱས་ནས་ནར་སོན་པ་རྐྱང་རྐྱང་ཡིན་པ་ལས། སློབ་གྲྭར་འགྲིམས་མྱོང་མཁན་དཀོན་པས་སྡེ་བའི་རྒན་དར་གཞོན་གསུམ་གྱི་ཁྲོད་དུ། རྒྱ་ཡིག་གི་ལམ་ནས་སྤེལ་བའི་ཁྲིམས་ལུགས་ཡིག་ཆ་དག་གི་ནང་དོན་གོ་མཁན་ཧ་ཅང་ཉུང་། སྲིད་གཞུང་གི་ལས་འཛིན་མི་སྣར་འབྲེལ་བ་བྱེད་རྒྱུར་ཡང་གོམས་མེད་ལ། གཏུག་བཤེར་དང་ཡར་ཞུ་བྱེད་པའི་གོམས་སྲོལ་ཡང་ཆགས་མེད་པས། འབྲོག་སྡེ་འདིའི་མཐའ་འཁོར་དུ་རྐུན་མ་ལྟོས་བཅས་ཀྱིས་མང་བ་དང་། རང་གི་རྒྱུ་ནོར་རྐུན་མའི་ལག་ཏུ་ཤོར་ན་རྒྱུ་བདག་གིས་ཐད་ཀར་སྤྱི་བདེ་ལས་ཁུངས་སོགས་ལ་ཞུ་གཏུག་མི་བྱེད་པར། རང་ཉིད་དང་འབྲེལ་བ་བཟང་བའི་མི་རྣམས་དཔུང་དུ་ཁྲིད་དེ་ཡར་མར་ལ་རྩད་གཅོད་པ་དང་། རྩད་ཆོད་རྗེས་རྐུ་བྱས་ན་འཇལ་དགོས་པ་དེ་སྔོན་གྱི་ལུགས་སུ་བསྒོམས་ནས། བརྐུས་ཟོག་གི་མང་ཉུང་དང་རྐུ་སའི་བདག་པོའི་ཐོབ་ཐང་ལྟར། གནས་ཚུལ་ལ་བལྟས་ནས་རྐུན་མས་རྒྱུ་བདག་གི་ལག་ནས་བརྐུས་གླ་ལེན་པ་རེད།

གསུམ་པ། བརྐུས་གླ་སྟེར་བའི་ལུགས་སྲོལ་གྱི་ནང་དོན་གླེང་བ།

མདོ་སྨད་འབྲོག་ཁུལ་གྱི་སྟོང་འཇལ་ཚུལ་དེ་བོད་ཡུལ་སྤྱི་དང་ཅུང་མི་འདྲ་བ་རེད། བྱེ་བྲག་ཏུ་ཡུལ་ལུང་སོ་སོར་ཡང་ཚད་གཞི་རེ་རེ་ཡོད་ངེས་མོད། འོན་ཀྱང་བདག་གིས་རྩད་གཅོད་བྱས་པ་ལྟར་ན་འབྲོག་ཁུལ་མང་ཆེ་བ་རུ་ཆེ་ཕྱོགས་ནས་ཕར་ཆེར་གཅིག་མཚུངས་ཡིན་ནའང་། ས་གནས་མི་འདྲ་བའི་དབང་གིས་ཁྱད་པར་ཅུང་ཙམ་རེ་བྱུང་ཡོད་ལ། རྒྱུག་ཆེ་ཆུང་དང་བཀོལ་རྒྱ་ཆེ་ཆུང་མང་པོ་ཡོད་པས། འདི་ལ་མདོ་སྨད་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་སྙམ། འབྲོག་ཁུལ་དུ་དུས་རྒྱུན་བྱུང་བའི་གྱོད་དང་རྐུན་མ། རྒྱན་སྐུགས་མཁན་མང་ཆེ་བ་ནི་གཅིག་ལ་གཅིག་བརྟེན་གྱིས་འབྱུང་བཞིན་ཡོད་དེ། ཚོ་བའི་ནང་གི་མི་འགའ་རེས་ལྐོག་ནས་རྒྱན་སྐུགས་ཁང་ཕྱེ་སྟེ་གསར་བུ་མང་པོ་གཅིག་ཏུ་བསྡུས་པ་ལས་རྒྱན་ཆེ་མ་ཆུང་གསུམ་སྐུགས་པ་དང་གྱོད་དང་ཁ་མཆུ་ཡང་མི་ཉུང་བ་འབྱུང་བཞིན་ཡོད། དེའི་ནང་གི་མི་འགའ་རེས་རང་ཚོད་མ་ཟིན་པར་རྒྱན་ཉིན་སྐུགས་མཚན་སྐུགས་བྱས་ནས་སྒོར་ཁྲི་བརྒྱ་ནས་ཉིས་བརྒྱ་མི་གཞན་ལ་ཤོར་བའི་གནས་ཚུལ་ཡང་བྱུང་ཡོད། ཐོག་མར་ཕ་མ་དང་ནང་མི་ལ་གསང་མོད། འོན་ཀྱང་དོམ་བདག་ཁྱིམ་ཚང་གི་སྒོ་ཁར་ཡོང་ནས་ཡང་འདེད་བསྐྱར་འདེད་བྱེད་དུས། ཕ་མ་དང་ནང་མིས་དོན་དག་དེ་དང་ལེན་མི་བྱེད་ཐབས་མེད་དུ་གྱུར་ཏེ་རང་ཁྱིམ་དུ་ཡོད་པའི་རྒྱུ་ནོར་འདང་ཚོད་ཀྱིས་སྟེར་བ་དང་། ཡང་ལ་ལས་དོན་དག་དེ་དང་ལེན་བྱེད་མི་འདོད་པར་རྒྱན་སྐུགས་མཁན་ཁོ་ལ་ལོག་རྒྱུ་ཟེར་ནས་ཕྱུགས་ཟོག་ནང་ནས་ཉུང་ངུ་ཞིག་ལ་མིང་བཏགས་ཏེ་སྟེར་དུ་འཇུག་པ་ལས་ཚང་མ་སྐྱིན་ཚབ་ཏུ་མི་སྟེར་བ་རེད། དོམ་བདག་གིས་མཚམས་མི་འཇོག་པར་དོམ་འདེད་པ་སོགས་ཀྱི་གནས་ཚུལ་དང་འཕྲད་སྐབས། དོམ་པས་དོམ་འཇལ་བའི་ཆེད་དུ་རང་གི་ཉེ་འགྲམ་གྱི་ཁྱིམ་མཚེས་འབྲོག་སྡེ་རྣམས་ལ་རྐུ་འབོར་ཆེན་བྱེད་ཀྱིན་ཡོད། ཕྱུགས་ཟོག་རྐུན་ལག་ལ་ཤོར་ན་དེར་ར་མདའ་རྒྱུག་ཚུལ་དང་སྟོང་འཇལ་ཚུལ། གྱོད་འདུམ་ཚུལ་ཡང་རྣམ་པ་སྣ་ཚོགས་དར་ཡོད་པ་རེད། དམངས་ཁྲོད་ཀྱི་གཏམ་དཔེར་ཡང“ས་ནག་ལམ་བརྒྱ་ལམ་སྟོང་རེད། མགོ་ནག་དཔེ་བརྒྱ་དཔེ་སྟོང་རེད”ཅེས་པ་ལྟར་ལོ་རབས་དང་ལོ་རབས་མི་འདྲ་བ་དང་ཚོ་ཤོག་དང་ཚོ་ཤོག་མི་འདྲ་བར་ལུགས་སྲོལ་སྣ་ཚོགས་དར་ཡོད་པ་ལས་སྡེ་བ་འདིར་མཚོན་ན་བརྐུས་གླ་སྟེར་སྲོལ་དར་ཁྱབ་ཆེ།

ས་བབ་དང་གནམ་གཤིས་ཀྱི་དབང་གིས་འབྲོག་སྡེ་འདིའི་ནོར་ལུག་ལ་གཟུགས་བོངས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། བཤས་རར་བཞག་ན་གཡག་རྒོད་གཅིག་གི་རིན་གོང་སྒོར་ཁྲི་གཅིག་དང་འབྲི་སྐམས་གཅིག་གི་རིན་གོང་སྒོར་དྲུག་སྟོང་ནས་བདུན་སྟོང་བར་ཡིན་པས། རྐུན་མ་དང་རྐུན་ཁུག་གཉིས་ཀྱིས་ཁ་བསྡོངས་ནས་ཁོག་པ་གཅིག་བྱས་ཏེ་རྐུ་མང་པོ་བྱེད་ཀྱིན་ཡོད། རྐུ་ཚུལ་ལ་ཡང“རི་ཉལ་རྡང་ཁུར་དང་ལྷས་ཚན་ནང་ལ་རྡོག་འཁྱག”ཅེས་པའི་རིགས་གཉིས་བཀར་སྲོལ་ཡོད། རི་ཉལ་རྡང་ཁུར་ནི་ས་སྟོང་ལུང་སྟོང་དུ་མི་འཁྱར་དང་གཡག་ལྡོམ་ལ་འཕྲད་སྐབས་བརྐུས་འགྲོ་བ་ལ་ཟེར་ཞིང་། དེར་རྩད་གཅོད་ཀྱང་ནན་མོ་བྱེད་ཀྱིན་མེད། ལྷས་ཚན་ནང་ལ་རྡོག་འཁྱག་ཅེས་པ་ནི་ཁྱིམ་ཚང་དེར་དམིགས་ནས་རྟ་ནོར་ལྷས་རའམ་ཡང་ན་གཟས་མགོ་ནས་བརྐུས་པ་ལ་ཟེར། དེ་ནི་ཆེད་དུ་ཕྱུགས་ཟོག་བཞི་བརྒྱ་ནས་ལྔ་བརྒྱའི་བར་ཡོད་པའི་ཁྱིམ་ཚང་ཕྱུག་པོ་དང་། ཡང་ན་ཁྱིམ་ཚང་དུ་སྐྱེས་པ་མེད་པའི་མོ་ཁྱིམ་དག་ལ་གཟས་ནས་རྐུ་བ་ཡིན། ཕྱུགས་ཟོག་མང་བའི་ཁྱིམ་ཚང་གི་ནོར་བརྐུས་ན་དེ་མ་ཐག་ཏུ་ཚོར་དཀའ་བས་ཐད་ཀར་བཤས་རར་ཕབ་ཐུབ་ཀྱིན་ཡོད་པ་དང་། སྐྱེས་པ་མེད་པའི་མོ་ཁྱིམ་གྱི་ནོར་བརྐུས་ན་ར་མདའ་བྱེད་མཁན་མེད་པ་རེད། དུས་ཚིགས་ཀྱི་རྣམ་པའི་ཆ་ནས་དབྱེ་ན་སྟོན་ཁ་དང་དགུན་ཁར་ཕྱུགས་ཟོག་ལ་ཤ་ཤེད་བཟང་བའི་སྐབས་ནི་རྐུན་མ་ཡང་མང་བའི་སྐབས་ཡིན་པས། སྐབས་དེར་འབྲོག་པ་ཚོས་ཀྱང་རང་གི་རྒྱུ་ནོར་རྐུན་ལག་ཏུ་འཆོར་བར་དོགས་ནས་ཉིན་མཚན་དབྱེར་མེད་ཀྱིས་སོ་སྲུང་བྱས་ཡོད། ཡིན་ནའང་སྟབས་མ་ལེགས་པར་ཁྱིམ་ཚང་ཞིག་གི་ཕྱུགས་ཟོག་རྐུན་ལག་ཏུ་ཤོར་ན། རང་གི་མནའ་བཅད་དང་ཁྱིམ་མཚེས། གཉེན་ཉེ་སོགས་ཀྱིས་ར་མདའ་དང་རྩད་གཅོད་བྱེད་རོགས་བྱེད་པ་དང་། འབྲེལ་ལམ་མང་པོ་བརྒྱུད་དེ་རྩད་ཆོད་ནའང་སྟོང་འཇལ་བ་ནི་རྐུན་མས་རྒྱུ་བདག་ལ་སྟོང་འཇལ་བ་མ་ཡིན་པར་རྒྱུ་བདག་གིས་རྐུན་མ་ལ་སྟོང་འཇལ་དགོས་པ་རེད། གྱོད་གཞི་ཐག་གཅོད་བྱེད་སྐབས་རྐུན་མ་འདུམ་འགྲིག་ཡུལ་དངོས་སུ་མི་ཡོང་བར་ཁོའི་ཚབ་ཏུ་རྐུན་ཁུག་ཞུགས་པ་དང་། དེ་མིན་ད་རུང་རྒྱུ་བདག་རང་ཉིད་དང་ཕན་ཚུན་བར་མངགས་པའི་གཟུ་བ་རྣམས་འཛོམས་ནས་གྱོད་འདུམ་བྱེད་ཀྱིན་ཡོད། ཡིན་ཡང་དེང་གི་དུས་འདིར་རྒྱུ་བདག་དང་རྐུན་མ་གཉིས་ལས་རྐུན་མའི་དབང་ཤུགས་ཆེ་བར་གྱུར་ནས་རྐུན་མའི་ལག་ཏུ་ཤོར་བའི་རྟ་ནོར་གྱི་ཁ་གྲངས་དང་རིན་གོང་ལ་བལྟས་ནས་རྐུན་ཁུག་གིས་རྐུན་མའི་ཚབ་བྱས་ཏེ། དེ་དག་ལ་ཆ་སྙོམས་ཀྱི་ལམ་ནས་རིན་གོང་གཏན་འཁེལ་བྱེད་པ་དང་བརྐུས་གླ་འབབ་ཚོད་ཅིག་དགོས་པར་བཤད་ན། གཟུ་བ་གཉིས་ཀྱིས་རྐུན་ཁུག་གིས་ཐག་བཅད་པའི་རིན་གོང་དྲང་མིན་དང་བརྐུས་གླའི་མཐོ་དམན་ཐག་གཅོད་བྱེད་དགོས་པ་རེད། མང་ཆེ་བར་རྐུན་མ་ལ་བརྐུས་ཟོག་གི་ཕྱེད་ཀ་དང་ཡང་ན་སུམ་ཆའི་གཅིག་ཙམ་གྱི་སྐྱིན་ཚབ་སྟེར་གྱིན་ཡོད་པ་དང་ལྷག་མ་རྒྱུ་བདག་རང་ཉིད་ལ་ཐོབ་ཀྱིན་ཡོད། རྐུན་མ་དང་རྐུན་ཁུག་གི་འབྲེལ་བ་ལའང་རྣམ་པ་མང་པོ་ཡོད་དེ། རྐུན་ཁུག་ལ་ལ་ནི་རྐུན་མ་ལས་དབང་ཤུགས་ཆེ་བ་དང་ཁོའི་ལས་འགན་ནི་ཁྱིམ་ཚང་དག་ལ་ཉམས་བླངས་ནས་མཚན་མོར་འདི་བ་ཚང་གི་ནོར་ཁྱུ་གང་ལ་བསྐོར་བ་དང་ཇི་ལྟར་སྲུང་བ་སོགས་ཀྱི་གནས་ཚུལ་ཞིབ་མོ་རྒྱུས་ལོན་བྱས་རྗེས། སྟབས་ཀ་ལེགས་ཉིན་ཞིག་ལ་རང་གི་དབང་འོག་གི་ལག་གཡོག་དག་བརྐུ་རུ་མངག་པ་རེད། ཡང་འགའ་ཞིག་ནི་རྐུན་མའི་དབང་ཤུགས་ཆེ་བ་དང་རྐུན་ཁུག་ནི་རྐུན་གཡོག་ཙམ་ཡིན། རང་ཉིད་ཀྱི་རྔུལ་ཁྲག་ལས་ཐོན་པའི་རྒྱུ་ནོར་རྐུན་ལག་ལ་ཤོར་རྗེས་རང་རྒྱུ་རང་གིས་ཉོ་དགོས་པའི་གནས་ཚུལ་ཡ་མཚན་དེས་དེང་གི་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་ཡོད་ལ་འབྲོག་པ་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་བཟོ་བཞིན་ཡོད། དེ་ནི་དམངས་ཁྲོད་གཏམ་དཔེར“སྤྱང་ཀི་ལ་རྣ་ཚར་དང་། རྐུན་མ་ལ་དཔའ་དར”ཞེས་པའི་ལུགས་སུ་སོང་ཡོད་ཀྱང་། འབྲོག་སྡེ་གཅའ་རོ་གཙོ་བྱས་པའི་འབྲོག་ཁུལ་ལ་ལར་བརྐུས་གླ་སྟེར་བའི་ལུགས་སྲོལ་དེ་ཆགས་ཡོད། རྒྱུ་མཚན་ནི་རྒྱུ་བདག་ཚང་གིས་རང་ས་གནས་ཀྱི་མངག་གཏོང་ཁང་ལ་ཡར་ཞུ་མི་བྱེད་པ་དང་མངག་གཏོང་ཁང་གིས་ཀྱང་གནས་ཚུལ་དེའི་རིགས་ལ་དོ་སྣང་ཡག་པོ་མི་བྱེད་པས། ཁྲིམས་མཐུན་གྱི་སྟོང་འཇལ་ལམ་ལུགས་ཡག་པོ་ཞིག་ཆགས་མེད་པས་རེད། ལུགས་སྲོལ་དེ་དངོས་སུ་ལག་བསྟར་བྱེད་མཁན་དབལ་ཤུལ་གཅའ་རོ་ཕུད། དེའི་ཉེ་འཁོར་གྱི་འབྲོག་སྡེ་རྨེའུ་རུ་མ་དང་། ཆུ་ཁ་མ་དང། ཁྲོ་ཁོ་སྨད་མ། ཐང་སྐོར། སྦྲ་ཆེན། སྐྱ་འགོ་མ། དབལ་ཤུལ་རྨེ་བ་སོགས་ཀྱང་ཡོད།

བཞི་པ། མཇུག་བསྡུ་བ།

ཡུལ་མི་བྱིངས་ཀྱིས་རྒྱ་ཡིག་གི་ལམ་ནས་བྲིས་པའི་རྩ་ཁྲིམས་ཀྱི་ཡི་གེར་ཧད་དེ་འདུག་རྒྱུ་ལས་དེའི་ནང་དོན་མི་གོ་བས། གྱོད་གཞི་དང་འཕྲད་སྐབས་རང་དོན་རང་གིས་ཐག་གཅོད་བྱེད་པའི་ཐབས་ལམ་སྣ་ཚོགས་ཆགས་པ་རེད། སླད་ཕྱིན་གོང་རིམ་མགོ་ཁྲིད་དང་ས་གནས་ལས་བྱེད་པས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་སྒྲིག་སྲོལ་ཁག་བོད་སྐད་ཡིག་གི་ལམ་ནས་གཟུ་བ་རྣམས་ལ་དྲིལ་སྒྲོག་བྱེད་པ་དང་། གཟུ་བ་རྣམས་ཀྱིས་མང་ཚོགས་ལ་གང་ཐུབ་ཅི་ཐུབ་ཀྱིས་ཁྱབ་སྒྲོག་བྱས་ན་མང་ཚོགས་ཀྱིས་གོང་རིམ་གྱིས་གཏན་འཁེལ་བྱས་པའི་སྒྲིག་སྲོལ་དང་རྩ་ཁྲིམས་དག་ལ་དོ་སྣང་བྱེད་སྲིད་པ་དང་། ཁོ་ཚོའི་དཀའ་ཁག་ཐག་གཅོད་བྱེད་རོགས་དང་ཡུལ་མི་རྣམས་ཀྱི་ཁྲིམས་རྨོངས་བསལ་ཏེ། རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་གྱོད་གཞི་ཐག་གཅོད་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་ན། ཕྱོགས་སོ་སོའི་ལས་བྱེད་འགན་འཁྲི་མི་སྣའི་ལས་དོན་གྱི་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཡོང་བར་མ་ཟད། ཡུལ་མི་རྣམས་བདེ་སྡོད་ལས་བརྩོན་ཡོང་ངེས་གཏན་རེད་སྙམ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།